རིག་དངོས་བསྔོགས་བཅོམ་བྱས་པའི་གྱོད་གཞི་གཉིས་རྩད་ཆོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-14



     ཉེ་ཆར། ཀན་སུའུ་ཞིང་ཆེན་ཕིང་ལིའང་གྲོང་ཁྱེར་ལིའང་ཐའེ་རྫོང་སྤྱི་བདེ་ཅུས་ཀྱིས་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་བསྔོགས་བཅོམ་གྱི་གྱོད་གཞི་གཉིས་རྩད་ཆོད་ནས་ཉེས་གསོག་ཚོགས་པ་2མེད་པར་བཟོས་པ་དང་། ཉེས་གསོག་དོགས་ཅན་8འཛིན་བཟུང་བྱས་པ། བསྔོགས་བཅོམ་ཐེབས་པའི་རིག་དངོས་སྣ་ཚོགས་51རྩད་ཆོད་པ་རེད།

     ད་ལོའི་ཟླ་10པར་ལིའང་ཐའེ་རྫོང་སྤྱི་བདེ་ཅུས་པའེ་ལི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ཁུངས་སྣེ་འབྱོར་བ་དང་། ཁོངས་གཏོགས་ཀྱི་ཁྲོན་ཁོའུ་གྲོང་ཚོའི་མ་རྨོས་ལོ་ཏོག་འདེབས་ས་ཞིག་ཏུ་བང་སོ་བསྔོགས་བཅོམ་བྱས་པའི་རྗེས་ཤུལ་མང་པོ་ཡོད། མི་དམངས་ཉེན་རྟོག་པས་གྱོད་གཞི་ཐོན་ཡུལ་དང་དེ་བཞིན་ཉེ་འཁོར་ས་ཁོངས་སུ་ཡུལ་དངོས་རྩད་ཞིབ་དང་བརྟག་དཔྱད་བྱས་རྗེས། གྱོད་གཞི་ཐོན་ཡུལ་གྱི་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་ཞིག་ཏུ་བསྔོགས་བཅོམ་བྱས་པའི་རྗེས་ཤུལ་མང་པོ་ཡོད་པ་ཤེས་རྟོགས་བྱུང་བ་རེད། དེའི་རྗེས་སུ། ལིའང་ཐའེ་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་ཉེན་རྟོག་པ་འཇོན་པོ་བདམས་ནས་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ཏེ་གྱོད་གཞི་མྱུལ་ཞིབ་ལས་དོན་སྤེལ་བ་རེད།


     གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། པའེ་ལི་གྲོང་རྡལ་གྱི་གྲོང་མི་ཀུའོ་ཆེ་གེ་མོ་ཀ་བ་དང་ཀུའོ་ཆེ་གེ་མོ་ཁ་བ་གཙོ་བྱས་པའི་གནའ་བོའི་རིག་གནས་རྗེས་ཤུལ་བསྔོགས་བཅོམ་བྱེད་མཁན་ཉེས་གསོག་ཚོགས་པ་གཉིས་ཉེན་རྟོག་པའི་མིག་ལམ་དུ་འཆར། གྱོད་གཞིའི་ཁུངས་སྣེ་རྒྱ་ཆེར་གཏོང་བ་དང་གཏན་འཇགས་ཀྱི་དཔང་རྟགས་འཚོལ་བསྡུ་བྱས་རྗེས། ཆེད་དོན་གྱོད་གཞིའི་ཚོགས་ཆུང་གིས་ཟླ་11ཚེས་2ཉིན་ཉེན་རྟོག་པ་40ལྷག་ཙམ་སྐོང་བསྡུ་བྱས་ཏེ་གཅིག་སྡུད་བསྡུ་ལེན་གྱི་བྱ་སྤྱོད་སྤེལ་ནས་གྱོད་འབྲེལ་གྱི་ཉེས་གསོག་དོགས་ཅན་8ཚང་མ་བཟུང་བ་རེད། 


     ཞིབ་བཤེར་བྱས་པ་བརྒྱུད། ད་ལོའི་ཟླ་2པ་ནས་ཟླ་10པའི་རིང་། ཀུའོ་ཆེ་གེ་མོ་ཀ་བ་དང་ཀུའོ་ཆེ་གེ་མོ་ཁ་བ་གཉིས་ཀྱིས་གཙོ་བྱས་པའི་རིག་དངོས་བསྔོགས་བཅོམ་གྱི་ཉེས་གསོག་ཚོགས་པ་གཉིས་སྔ་རྗེས་སུ་ལིའང་ཐའེ་རྫོང་གི་པའེ་ལི་གྲོང་རྡལ་དང་ལུང་མོན་ཞང་གི་གནའ་བོའི་རིག་གནས་རྗེས་ཤུལ་ཁུལ་གཉིས་སུ་ལྕགས་རིགས་འཚོལ་ཞིབ་ཡོ་བྱད་སྤྱད་དེ་གནའ་བོའི་རིག་གནས་ཤུལ་བཞག་བསྔོགས་བཅོམ་བྱས་པ་དང་འབྲེལ། རྒྱལ་ཁབ་ཀྱི་རིག་དངོས་བརྐུས་ནས་བཙོངས་པ་རེད། གྱོད་གཞི་དེ་རྩད་ཆོད་རྗེས་བསྔོགས་བཅོམ་ཐེབས་པའི་རིག་དངོས་སྣ་ཚོགས་51རྩད་ཆོད་པ་རེད།      ཀན་སུའུ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གི་གྱོད་འབྲེལ་རིག་དངོས་གསལ་འབྱེད་ས་ཚིགས་ཀྱིས་གསལ་འབྱེད་བྱས་པ་བརྒྱུད། རིག་དངོས་ཁྲོད་ཀྲུའུ་ནུབ་མའི་དུས་སྐབས་ཀྱི་རིག་དངོས་7དང་། ཁྲུན་ཆིའུ་དུས་སྐབས་ཀྱི་རིག་དངོས་2 ། ཧན་རྒྱལ་རབས་ཀྱི་རིག་དངོས་36། མིང་ཆིང་དུས་སྐབས་ཀྱི་རིག་དངོས་5བཅས་བདའ་འདེད་བཏང་བ་མ་ཟད། ད་དུང་སྤྱི་ལོའི་དུས་རབས་བཞི་པའི་གནའ་བོའི་རོ་མའི་གསེར་ཊམ་གཅིག་ཀྱང་ཡོད་པ་རེད།


     འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བདའ་འདེད་བཏང་བའི་ཀྲུའུ་ནུབ་མའི་ལིའི་མདུང་ཆས་དང་། ཧན་རྒྱལ་རབས་ཀྱི་ཟངས་ཀྱི་མེ་ལོང་། ཟངས་ཀྱི་དངུལ་སྒོར་སོགས་རིག་དངོས་ནི་ཀྲུའུ་ནུབ་མ་དང་དེ་བཞིན་ཧན་རྒྱལ་རབས་ཀྱི་ལིའང་ཐའེ་རྫོང་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་སྤྱི་ཚོགས་ཐོན་སྐྱེད་དང་འཚོ་བ། ལོ་རྒྱུས་རིག་གནས་བཅས་ལ་ཞིབ་འཇུག་བྱ་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་དཔྱད་གཞིའི་རིན་ཐང་ལྡན་ཡོད།

     མིག་སྔར། གྱོད་གཞི་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་8ལ་ལིའང་ཐའེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་རེད། གྱོད་གཞི་འདི་ཐག་གཅོད་བྱེད་སྒང་ཡིན། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1