ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ཞིང་གྲོང་ཐིང་ནས་ཤེས་རྟོགས་བྱུང་བར། ལྟ་ཞིབ་ཚད་ལེན་བྱས་འབྲས་གསར་ཤོས་ལས་མངོན་པར། ད་ལོའི་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་ལོ་སྔོན་མ་ལས་ཏུན་ཁྲི་0.71མང་དུ་ཕྱིན་ནས་ཏུན་ཁྲི་10.85ཟིན་ཡོད། དེ་ནི་2002ལོའི་སྲུང་སྐྱོབ་ཀྱི་ཐོག་མའི་དུས་དང་བསྡུར་ན། རིམ་རྩིས་བྱས་ན་ལྡབ་40ལྷག་ཙམ་འཕར་ཡོད་པ་རེད།
མཚོ་སྔོན་པོའི་གསེར་ཉ་ནི་མཚོ་སྔོན་པོའི་ནང་དམིགས་བསལ་དུ་ཡོད་པའི་ཉ་རིགས་རྩ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་པོའི་འབབ་རྒྱུད“ཆུ་དང་། ཉ། བྱ”བཅས་ཀྱི་སྣོད་བཅུད་ཕྲེང་ཐག་བདེ་འཇགས་དང་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་ལ་ནུས་པ་གལ་ཆེན་ལྡན་ཡོད། དུས་རབས་20པའི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་སྐབས་སུ། ཉ་འབོར་ཆེན་འཛིན་བཟུང་དང་། ཉའི་སྐྱེ་འཕེལ་ཆུ་ཁོངས་ཀྱི་ཁོར་ཡུག་ཉིན་བཞིན་ཉམས་ཞན་དུ་སོང་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་འོག མཚོ་སྔོན་པོའི་གསེར་ཉའི་གྲངས་འབོར་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། 2002ལོར་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་ཏུན་2592ལས་ཟིན་གྱི་མེད། 2004ལོར《ཀྲུང་གོའི་དངོས་རིགས་དམར་པོའི་མིང་ཐོ》ཞེས་པའི་ནང་མཚོ་སྔོན་པོའི་གསེར་ཉ་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་གྲས་སུ་བཞག་ཡོད།
2003ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་མཚོ་བཀག་ཉ་གསོ་ལག་ལེན་བསྟར་ནས་སྡེ་ཚན་དང་། མཉམ་སྡེབ། མི་སྒེར་བཅས་གང་རུང་གིས་མཚོ་སྔོན་པོ་དང་དེ་བཞིན་མཚེའུ་ཁུལ་གྱི་ཆུ་བོ་དང་ཡན་ལག་ཆུ་བོ་གཙོ་བོར་གསེར་ཉ་འཛིན་མི་ཆོག་པ་དང་། གསེར་ཉ་དང་དེ་བཞིན་དེའི་ཐོན་རྫས་བྲིན་ཚོང་བྱེད་མི་ཆོག་པ་བྱས། དེ་དང་ཆབས་ཅིག མིའི་ཐབས་ལ་བརྟེན་ནས་ཉ་རྒྱུད་སྤེལ་དང་ཚེ་ཐར་གཏོང་བའམ་ཡང་ན་མཚོ་སྔོན་པོའི་མཚོ་ནང་དུ་རྒྱུག་པའི་ཆུ་རྒྱུན་དང་ཆུ་ལམ་གཙོ་བོ་གཙང་བཤེར་བྱེད་པ། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི“ཉ་རྐྱལ་བགྲོད་ལམ”ཇུས་འགོད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ལོ་རེ་བཞིན་མང་དུ་ཕྱིན་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་དབྱང་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་མཚོ་སྔོན་པོའི་གསེར་ཉ་རིམ་རྩིས་བྱས་ན་མིའི་ཐབས་ལ་བརྟེན་ནས་རྒྱུད་སྤེལ་དང་ཚེ་ཐར་གཏོང་ཚད་དུང་ཕྱུར་1.8ཙམ་ཟིན་ནས། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སླར་གསོ་ཡོང་རྒྱུར་ལེགས་སྐྱེས་འབུལ་ཚད་23%ལས་བརྒལ་ཡོད་པ་རེད།
མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་རང་རྒྱལ་དང་ཐ་ན་ཨེ་ཤ་ཡའི་སྣོད་བཅུད་སྲུང་ཡོལ་དང་ཆུ་ཁུངས་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་པོ་ནི་ནུབ་རྒྱུད་ཀྱི་བྱེ་ཐང་ཅན་ཤར་ཕྱོགས་སུ་མཆེད་རྒྱུར་ཚོད་འཛིན་བྱེད་པའི་རང་བྱུང་སྲུང་ཡོལ་དང་སྣོད་བཅུད་བྱེད་ནུས་ཁུལ་ཞིག་རེད།
གཙང་གསུམ་ཆུ་འགོའི་ས་ཁུལ་དང་མཚོ་སྔོན་པོའི་ཆུ་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། ཆུ་གནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བཅས་བྱ་ཆེད། ད་ལོ་ནས་བཟུང་མཚོ་སྔོན་གྱིས་འབྲི་ཆུ་དང་། རྨ་ཆུ། མཚོ་སྔོན་པོའི་གཙོ་གནད་ཆུ་ཁོངས་སུ་འཛིན་བཟུང་བཀག་སྡོམ་གྱི་བརྡ་ཁྱབ་སྔ་རྗེས་སུ་བཏང་ནས།“གཙང་བོ་གཅིག་དང་། ཆུ་བོ་གཅིག མཚེའུ་གཅིག”བཅས་སུ་ཕྱོགས་ཡོངས་ནས་འཛིན་བཟུང་བཀག་སྡོམ་བྱེད་པའི་དོ་དམ་མ་ལག་བཙུགས་པ་རེད།