དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨ་མེ་རི་ཁ་ཕྱིར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པའི་ཆེས་གལ་ཆེ་བའི་ཆ་རྐྱེན་ནི་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་རྒྱུ་དེ་ཡིན་པའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-14


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་པཱ་ཀའེ་ལི་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁ་ཕྱིར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ནང་ཞུགས་འདོད་ན། ཆེས་གལ་ཆེ་བའི་ཆ་རྐྱེན་ནི་དབྱི་ལིང་གི་ཁྲིམས་འགལ་བཀག་སྡོམ་མེད་པར་གཏོང་རྒྱུ་དེ་ཡིན་ཟེར། 
        བསྒྲགས་པ་ལྟར་ན། ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་རུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་མོལ་ལ་ཞུགས་བཞིན་པའི་པཱ་ཀའེ་ལི་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་དམིགས་འབེན་གཙོ་བོ་ཞིག་ནི་ཨ་མེ་རི་ཁ་ཕྱིར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པའི་ཆ་རྐྱེན་གཏན་འཁེལ་བྱེད་རྒྱུ་དེ་ཡིན། འབྲེལ་ཡོད་ཕྱོགས་ཀྱིས་ཆ་རྐྱེན་དེ་དག་ལ་གྲོས་མཐུན་བཀོད་ན། ཨ་མེ་རི་ཁར་ལག་བསྟར་བྱེད་པའི་འགན་འཁྲི་ཡོད་པ་དང་། དེའི་ནང་ཆེས་གལ་ཆེ་བའི་ཆ་རྐྱེན་ནི་དབྱི་ལིང་གི་ཁྲིམས་འགལ་བཀག་སྡོམ་མེད་པར་གཏོང་རྒྱུ་དེ་རེད་ཟེར། 
        ཁོས་བཤད་རྒྱུར། འབྲེལ་ཡོད་ཕྱོགས་བར་གཞི་རྩའི་གནད་དོན་ཆེན་པོ་གཉིས་ཐད་འགལ་བ་ཆེན་པོ་ཡོད། གྲོས་མོལ་གྲོས་གཞི་ལས་གཞན་གྲོས་མོལ་གྱི་ཁྱབ་ཁོངས་ཀྱང་འདུས། འདས་པའི་ལོ་འགའི་ནང་། འབྲེལ་ཡོད་ཕྱོགས་ཀྱིས་གྲོས་མོལ་ཁྱབ་ཁོངས་ཀྱི་འགལ་བ་ཇེ་ཆུང་དུ་གཏོང་དགོས། དེ་ནི་གལ་ཆེ་བའི་གྲུབ་འབྲས་ཤིག་རེད་ཟེར། 
        པཱ་ཀའེ་ལི་ཡིས་བཤད་རྒྱུར། དབྱི་ལིང་གིས་སྐོར་ཐེངས་གསར་བའི་གྲོས་མོལ་ཁྲོད་བཏོན་པའི་ལངས་ཕྱོགས་ཀྱིས་མུ་མཐུད་དུ་གྲོས་མོལ་བྱེད་པར་སྒྲོམ་གཞི་འདོན་སྤྲོད་བྱས། ཁོས་གྲོས་མོལ་གྱི་ཚོད་དཔག་བྱེད་ཐུབ་པའི་མ་འོངས་པའི་མདུན་ལྗོངས་ལ་དགའ་སྤྲོའི་ཚུལ་བསྟན་ཀྱང་། དབྱི་ལིང་ལ་འབྲེལ་ཡོད་ཕྱོགས་ཀྱི་དགྲར་འཛིན་དང་ཁྲིམས་འགལ། གཏོར་བརླག་རང་བཞིན། ཐ་ན་མི་ཆོས་བྱ་སྤྱོད་དང་མི་མཐུན་པའི་ལོ་རྒྱུས་དང་དེ་ལས་བྱུང་བའི་ཡིད་ཆེས་མེད་པའི་སྣང་ཚུལ་གྱི་གནོད་པ་ཐེབས་ཡོད་ལ། དབྱི་ལིང་གིས་མ་འོངས་པའི་གྲོས་མོལ་འཕེལ་རིམ་ལ་རེ་བཞག་གང་ཡང་བྱེད་མི་སྲིད་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1