དབྱི་སི་རལ་གྱི་ཙུང་ལི་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་ཏེ་ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-15


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་ཡིས་ཚེས་བཅུ་གསུམ་ཉིན་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་འཚམས་འདྲིར་ཡོང་བའི་དབྱི་སི་རལ་གྱི་ཙུང་ལི་པེ་ནེ་ཐི་དང་གྲོས་མོལ་བྱས། དེ་ནི་དབྱི་སི་རལ་གྱི་ཙུང་ལི་ཡིས་ཐོག་དང་པོར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་བྱས་པ་རེད། 
        བསྒྲགས་པ་ལྟར་ན། མུའུ་ཧན་མའོ་ཏི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། པེ་ནེ་ཐིའི་འཚམས་འདྲི་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་དབྱི་སི་རལ་གྱིས་མཉམ་ལས་ཟབ་མོ་བྱེད་པ་དང་། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་ཕན་ཐོགས་ཡོད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕྱོགས་གཉིས་ཀྱི་མཉམ་ལས་དང་མཉམ་འབྲེལ་འགུལ་སྐྱོད་ལ་ཤུགས་སྣོན་པར་ཡིད་འཐད་བྱུང་སྟེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས། འཕེལ་རྒྱས་བཅས་སྲ་བརྟན་དུ་གཏོང་བར་བྱས་རྗེས་བཞག 
        མུའུ་ཧན་མའོ་ཏི་ཡིས་ད་རུང་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་མཉམ་ལས། མཉམ་གནས་དང་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་རྩ་དོན་སྟེང་བཙུགས་ཡོད་ལ། དེ་ནི་ས་ཁུལ་རང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རེ་འདུན་མངོན་འགྱུར་བྱེད་པའི་ཐབས་ལམ་བཟང་བོ་ཞིག་ཡིན་པ་དང་། དབུས་ཤར་ས་ཁུལ་གྱི་གནས་བབ་གཏན་འཇགས་ཡོང་བར་རེ་བཞིན་ཡོད་ཟེར། 
        དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། པེ་ནེ་ཐི་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་གལ་འགངས་ཆེ་བའི་འཚམས་འདྲི་བྱས་པ་དང་། མུའུ་ཧན་མའོ་ཏི་དང་མཉམ་དུ་དོན་སྙིང་ལྡན་ལ་གཏིང་ཟབ་པ། ལྷག་བསམ་རྣམ་པར་དག་པའི་གྲོས་མོལ་བྱས། པེ་ནེ་ཐི་ཡིས་ད་རུང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བཟོ་ལས་དང་སྔོན་ཐོན་ལག་རྩལ་པུའུ་ཀྲང་དང་རིག་གནས་པུའུ་ཀྲང་ལ་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ལག་རྩལ་དང་ཉོ་ཚོང་། ནུས་ཁུངས། རིག་གནས་སོགས་ཐད་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱས། 
        ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ནང་བཤད་རྒྱུར། པེ་ནེ་ཐི་ཡི་ཐེངས་འདིའི་འཚམས་འདྲི་ནི་རྒྱལ་ཁབ་གཉིས་ཀྱིས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་གྲོགས་པོའི་འབྲེལ་བ་འཛུགས་པའི་བརྒྱུད་རིམ་ཁྲོད་དུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། ཕྱོགས་གཉིས་ཀྱིས་གནད་དོན་རབ་དང་རིམ་པར་གྲོས་བསྡུར་བྱས་ཤིང་། ལག་རྩལ་དང་ཟས་རིགས་བདེ་འཇགས། ནམ་ཟླ། ནུས་ཁུངས། ཡུལ་སྐོར་སོགས་ལ་འབྲེལ་ཡོད། མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་གྱི་མ་དངུལ་བཙུགས་ནས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་རེ་འདུན་ལ་བརྟེན་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཉོ་ཚོང་དང་དཔལ་འབྱོར་འབྲེལ་བར་ཤུགས་སྣོན་དགོས། ཕྱོགས་གཉིས་ཀྱིས་ད་རུང་མཉམ་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པར་གྲོས་བསྡུར་བྱས་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1