ལིའུ་ཕིང་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་མཇུག་སྒྲིལ་མཛད་སྒོར་ཕེབས་ཏེ་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་།
ལུའོ་ཀྲེན་ཧྭ་དང་། ལི་ཝེ་ཀུའོ་ཚོགས་འདུར་ཕེབས།
སྤྱི་ཟླ་12ཚེས་6ཉིན། རྔ་བ་ཁུལ་ཡོངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་རྒྱལ་ཁའི་ངང་མཇུག་བསྒྲིལ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཕེབས་ཏེ་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་དང་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་བསྟུན་པར་སྐུལ་འདེད་བཏང་ནས་རྔ་བའི་ཡུན་རིང་བདེ་འགོད་དང་སྤུས་མཐོ་འཕེལ་རྒྱས་ལ་ནང་བསྟན་ལས་རིགས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཝེ་ཀུའོ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་བཅས་ཚོགས་འདུར་ཞུགས།
ལིའུ་ཕིང་གིས། ནང་བསྟན་ཀྲུང་གོ་ཅན་གྱི་ལོ་རྒྱུས་འཕེལ་རིམ་ལ་ངོས་འཛིན་ཡང་དག་བྱེད་དགོས་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་བསྟུན་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན་བཅས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ཡོད་པ། ཀུན་སྤྱོད་ཐད་ཀུན་གྱིས་ཁས་ལེན་པ། གནད་འགག་གི་དུས་སུ་ནུས་བ་ཐོན་པའི་སྔོན་ཐོན་གྱི་གྲྭ་བཙུན་ཞིག་བྱེད་དགོས་པ་གསུང་།
ལིའུ་ཕིང་གིས་ནན་གྱིས་བསྟན་དོན། ཁྲིམས་སྲོལ་དང་སྲིད་ཇུས། ཆོས་ཁྲིམས་ཀྱི་དབྱེ་མཚམས་སྟངས་འཛིན་ཡང་དག་བྱེད་དགོས། བཅའ་ཁྲིམས་དང་དད་མོས་བར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་པ་དང་། ཁྲིམས་སྐྱོང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། གསར་དུ་བཟོ་བཅོས་བྱས་པའི《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》ལ་ནན་པོར་གཞིགས་ནས་ཁྲིམས་ལྟར་མི་རྒྱུ་དངོས་གསུམ་དང་ཆོས་དོན་གྱི་དོན་ཆེན་ལྔ་ལ་དོ་དམ་བྱེད་དགོས།
ལིའུ་ཕིང་གིས་བསྟན་དོན། ནང་བསྟན་མཐུན་ཚོགས་ཀྱི་འཛུགས་སྐྲུན་ནུས་བ་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནན་ནན་ཏན་ཏན་གྱིས་ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་ཁུར་ནས་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ནང་བཅུག་ནས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་རོགས་རམ་བྱེད་པ། དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ངང་ཐག་གཅོད་བྱེད་དགོས། རིམ་པ་སོ་སོའི་ནང་བསྟན་མཐུན་ཚོགས་ཀྱིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་གཅེས་ཆོས་གཅེས་དང་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་བསྟུན་པའི་ཆུ་ཚད་དང་ནུས་བ་མུ་མཐུད་དུ་མཐོ་རུ་གཏོང་དགོས།
ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས། ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ཨུ། ཁུལ་སྲིད་གྲོས་བཅས་ཀྱི་ལས་བགོས་འགན་འཁུར་འགོ་ཁྲིད་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཁུལ་ཡོངས་ཀྱི་ནང་བསྟན་ལས་རིགས་ཀྱི་འཐུས་མི། རྫོང(གྲོང་ཁྱེར)ཁག་གི་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེན་བཅས་ཚོགས་འདུར་ཞུགས། །