----རྔ་བ་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།
2010ལོར། རྔ་བ་ཁུལ་དུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་བསྐྲུན་གྱི་ལས་ཀའི་ཚོད་ལྟའི་ས་གནས་བཙུགས།
2017ལོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་བསྐྲུན་གྱི་ལས་ཀའི་ཇུས་གཞི》བཏོན།
2018ལོར། ཁུལ་ཨུས་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་འཚོགས་ཏེ་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་འཐབ་ཇུས་དམིགས་འབེན་གཏན་འཁེལ་བྱས་ཤིང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་བསྐྲུན་དེ་སྲོག་ཤིང་དུ་བརྩིས་ཏེ། ནུས་ཤུགས་ཡོད་རྒུས་ཟབ་བསྐྲུན་བྱེད་དགོས་པ་བསྟན།
2019ལོའི་ཟླ་12ཚེས་9ཉིན། རང་ཁུལ་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་གཟེངས་རྟགས་ཐོབ་ཅིང་། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་འཐབ་ཇུས་དམིགས་འབེན་ལ་ཐོག་མའི་རྒྱལ་ཁ་ཐོབ་པ་རེད།
ལོ་ཚིགས་འདི་དག་གི་རྒྱབ་ན། རང་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་བསྐྲུན་གྱི་སྲ་བརྟན་འགྱུར་མེད་ཀྱི་ཞབས་རྗེས་ཡོད་ལ། ལོ་ཚིགས་འདི་དག་གིས་རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་བསྐྲུན་གྱི་ལས་དོན་དེ་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། སྣེ་ཁྲིད་རང་བཞིན་ཅན་ཞིག་ཏུ་བརྩིས་པར་ར་སྤྲོད་བྱས་འདུག
དཀའ་མོའི་འཕྲང་ལམ་མ་བརྒྱུད་ན། བདེ་མོའི་ཐང་ལ་ཐོན་མི་སྲིད། ཅེས་པའི་དཔེ་ལྟར། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་བསྐྲུན་གྱི་ལས་དོན་ལ་མཐོང་ཆེན་བླ་མེད་དང་། ཚད་མཐོན་པོས་སྐུལ་འདེད་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་གཞུང་རྟ་བྱས་ཤིང་། དུས་རབས་གསར་བའི་མི་རིགས་ལས་དོན་གྱི་བརྗོད་དོན་སེམས་སུ་བརྟན་པོར་བཟུང་སྟེ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། རྒྱང་རིང་རང་བཞིན་བཅས་ཀྱི་ལས་འགན་དུ་བརྩིས་ནས་དམ་འཛིན་བྱས། དཔེ་སྟོན་ལས་གཞི་ཆེ་གྲས་བདུན་ལག་བསྟར་གཏིང་ཟབ་དང་། བདུན་སྐྱོད་ཀྱི་ལས་ཀར་གསར་གཏོད་རྒྱ་བསྐྱེད་དང་། བསུ་བ་གཅིག་དང་ཁྱད་ཆོས་གཅིག་སྤེལ་ནས་རང་ཁུལ་གྱི་ཏང་སྐྱོང་སྣེ་ཁྲིད་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། ཞི་མཐུན་བརྟན་བརླིང་།རིག་གནས་དར་རྒྱས་བཅས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པས། མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་བརླིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། དམངས་ཀྱི་བདེ་སྐྱིད་བཅས་ཀྱི་རྣམ་པ་བཟང་བོ་བཏོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་ལེགས་པོ་ཀུན་གྱི་གཤིས་སུ་འཐིམས་ཡོད།
སྒྲིག་གཞི་གསར་བཏོད་ལེགས་བཅོས་དང་།། ཚད་མཐོའི་སྐུལ་འདེད་ཀུན་ལ་སྨན།།
རང་ཁུལ་གྱི་མི་རིགས་མང་བོ་འདུས་སྡོད་དང་། ཆོས་ལུགས་མང་བོ་མཉམ་གནས། རིག་གནས་མང་བོ་མཉམ་འདྲེས་ཀྱི་དམིགས་བསལ་གནས་ཚུལ་དེས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེར་ཁྱོན་ཡོངས་ཀྱི་ལས་དོན་ཁྲོད་དུ་དམིགས་བསལ་གྱི་གོ་གནས་ཤིག་ཡོད་པ་ཐག་བཅད་པ་རེད་ཅེས་ཁུལ་ཨུའི་ཧྲུའུ་ཅི་ལུའི་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་གསར་བསྐྲུན་གྱི་སྐུལ་སློང་ཚོགས་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་བསྒྲུབ་པའི་གལ་ཆེན་རང་བཞིན་གསལ་སྟོན་གནང་བ་རེད།
2018ལོའི་ཟླ་8པར། ཁུལ་ཨུས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་འཐབ་ཇུས་དམིགས་འབེན་གཏན་འཁེལ་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དཔོན་གཉིས་ཚན་གཙོ་ཟུང་འབྲེལ་གྱི་འགོ་ཁྲིད་སྒྲིག་གཞི་གསར་འཛུགས་བྱས་ཤིང་། ཁུལ་དང་། རྫོང(གྲོང་ཁྱེར)དང་། ཡུལ་ཚོ(གྲོང་རྡལ)། གྲོང་ཚོ(སྡེ་ཁུལ)བཅས་རིམ་བཞི་མཉམ་འབྲེལ་གྱི་ལས་ཀའི་སྒྲིག་གཞི་བཙུགས། དུས་མཚུངས་སུ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ལེན་དམིགས་ཚད་མ་ལག་ཚད་གཞིར་འཛིན་རྒྱུ་དང་། 《གནས་བདུན་ལ་བསྐྱོད་པའི་ཚད་ལེན་དམིགས་ཚད》གཏན་འབེབས་ཞིབ་ཕྲ་བཟོས་ཡོད་པ་རེད།
གསར་བསྐྲུན་གྱི་གོ་རིམ་ཁྲོད་དུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་བསྐྲུན་གྱི་བདུན་སྐྱོད་ཟབ་སྤེལ་བྱས་ཤིང་། རིམ་གསུམ་ལྟ་སྐུལ་དང་། མཚུངས་པ་བཞི། ཤུགས་འདོན་ཡུལ་བརྒྱད། མཉམ་གཏོད་མཉམ་སྐྲུན། འགུལ་རྣམ་དོ་དམ་སོགས་ལས་དོན་སྒྲུབ་ཐབས་མང་བོ་ཞིག་ཕྱོགས་བསྡོམས་བྱས། དངོས་ཐོག་བདེན་འཚོལ་གྱིས་གསར་བསྐྲུན་གྱི་ལས་དོན་ནུས་ལྡན་ཅན་དང་། ཚད་ལྡན་ཅན་དུ་སྐུལ་སྤེལ་བྱས་ཏེ། རྔ་བ་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་བསྟུན་ལ་རྔ་བའི་ཁྱད་ཆོས་ཀྱིས་ཕྱུག་པ། ཡུལ་གཞན་གྱིས་ཀྱང་བེད་སྤྱོད་དང་ཁྱད་བརྡལ་དུ་བཏང་ཆོག་པའི་རྔ་བ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་བསྐྲུན་གྱི་བགྲོད་ལམ་ཞིག་གསར་རྙེད་བྱུང་།
2019ལོའི་ཟླ་12པར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རང་ཁུལ་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་མཚན་སྙན་གནང་། མིག་སྔའི་བར་དུ། ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ(ལས་ཁུངས)7དང་སློབ་གསོའི་རྟེན་གཞི་3དང་། ཞིང་ཆེན་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ(ལས་ཁུངས)59དང་སློབ་གསོའི་རྟེན་གཞི་4དང་། ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན(སྔོན་ཐོན)ཁུལ(ལས་ཁུངས)2039དང་སློབ་གསོའི་རྟེན་གཞི་18བཅས་བཙུགས་ལ། མཉམ་སྡེབ་619དང་མི་སྒེར་2277ལ་རྒྱལ་ཁབ་དང་ཞིང་ཆེན་དང་ཁུལ་རིམ་པའི་གཟེངས་བསྟོད་དང་བསྔགས་བརྗོད་ཐོབ་ཡོད།
དམངས་ལ་ཕན་པའི་ལས་བྱས་ན།། དམངས་ཀྱི་ཡིད་སེམས་མགུ་བར་སླ།།
བཙན་ལྷ་རྫོང་དུ་སླེབས་དུས། ཀུ་ཤུའི་སྡོང་བོ་དང་། ཀུ་ཤུའི་གློག་སྒྲོན། ཀུ་ཤུའི་ཁང་བ། ཀུ་ཤུའི་རི་མོ་སོགས་ཀུ་ཤུ་གཞི་རྒྱུར་བྱས་པའི་བཅའ་ལག་མང་བོ་ཞིག་གསར་འགོད་པའི་མིག་ལམ་དུ་སྣང་འོང་། གྲོང་ཚོའི་མཉམ་སྤྱོད་ཞིང་གྲོང་དུ་སོང་ཚེ། ཤིང་ཁང་གྲུ་བཞི་ཀུ་ཤུའི་ལྡུམ་རར་ཕྲ་བཏབ་པ་བཞིན་དུ་ཆགས་པས། ལྗོངས་སྐོར་བས་གནས་འདི་ནས་ལྷད་མེད་དྭངས་གཙང་གི་ཞིང་གྲོང་གི་འཚོ་བར་ཅི་དགར་ལོངས་སྤྱོད་བྱེད་ཐུབ།
བོར་རོམ་གྲོང་ཚོ་ནི་སི་ཁྲོན་ནུབ་རྒྱུད་ཀྱི་ལྗོངས་སྐོར་སྐོར་ལམ་དང་བཙན་ལྷ་རྫོང་གི་ལྗོངས་སྐོར་བར་ཁྱམས་ཀྱི་ས་གནས་གལ་ཆེན་ཞིག་ཡིན་ལ། ལྷག་པར་ཀུ་ཤུ་ཆུང་ཆུང་གི་ཐོན་ཁུལ་གཙོ་བོ་ཞིག་ཀྱང་ཡིན་པས་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་རྒྱ་ཆེན་པོ་ལྡན། བོར་རོམ་གྲོང་ཚོས་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་མ་དངུལ་གྱིས་མ་རྩ་དང་རང་འགུལ་ངང་ཞིང་གྲོང་མཉམ་སྤྱོད་ནང་འདྲེན་བྱས་ཏེ། ཤིང་ཏོག་ལྡུམ་ར་རུ་ལྗོངས་རྒྱུ་དང་། ཤིང་ཏོག་ལྡུམ་ར་རུ་ཞག་སྡོད། ཤིང་ཏོག་ལྡུམ་ར་རུ་བླུ་ཉོ་བྱེད་པ་བཅས་ཀྱི་གྲོང་གསེབ་ཀྱི་སྤྲོ་གསེང་ལྗོངས་སྐོར་གནས་མཆོག་བསྐྲུན།
ཞིང་གྲོང་མཉམ་སྤྱོད་བྱས་པ་བརྒྱུད། བེད་མེད་དུ་བཞག་པའི་ས་ཞིང་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཤིང་། ཞིང་དུད་ཀྱི་མ་མཐའི་ཡོང་འབབ་འགན་ལེན་དང་། མ་རྐང་དངུལ་སྒོར་མཉམ་སྤྱོད། ས་རིན་སྤྲོད་པ་བཅས་ཕུད། ཞིང་གྲོང་དུ་ལས་ཞུགས་ལས་གནས་འབོར་ཆེན་གསར་འདོན་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱ་རྒྱུར་སྐུལ་ཁྲིད་བྱས་པས། མང་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཡིད་ཆེས་སྔར་བས་ཆེ་བ་དང་། ཐོན་ལས་སྔར་བས་དར་རྒྱས་དང་། གྲོང་མིའི་འཚོ་བ་སྔར་བས་ཇེ་ལེགས་སུ་ཕྱིན།
ད་སྐབས་འཚོ་བ་ཇེ་བཟང་དུ་གྱུར་བས། གྲོང་མི་རྣམས་ལ་ཁོམ་ལོང་བྱུང་དུས་གྲོང་ཚོའི་རིག་གནས་ཐང་ཆེན་སོགས་སུ་འཛོམས་ནས་བྱ་འགུལ་སྣ་ཚོགས་སྤེལ་བྱུང་། ཞེས་བོར་རོམ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལོང་ཧྭ་ཀེ་ཡིས་ཕུན་སུམ་ཚོགས་པའི་མང་ཚོགས་རིག་གནས་བྱ་འགུལ་ནི་མང་ཚོགས་མཐུན་སྒྲིལ་གྱི་འབྲེལ་ཐག་ལྟ་བུར་གྱུར་ཡོད་ཟེར། བོར་རོམ་གྲོང་ཚོའི་འཕེལ་རྒྱས་ནི་རང་ཁུལ་གྱིས་དམངས་འཚོའི་བདེ་སྐྱིད་བསྐྲུན་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བའི་བསྡུས་གཟུགས་ཤིག་རེད། བཤུལ་ལམ་རིང་མོ་དེའི་ཁྲོད་དུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དམངས་འཚོ་ལེགས་གཏོང་དང་བདེ་སྐྱིད་ཆེར་གཏོང་གི་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་པའི་གྲུབ་འབྲས་མངོན་ཡོད་ལ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྔར་བས་ཀྱང་ཐོབ་སྣང་དང་སྐྱིད་སྣང་ལོངས་སུ་སྤྱད་བྱུང་།
སྤུན་ལྟར་བརྩེ་བའི་མི་རིགས་ཁག། མཐུན་སྒྲིལ་རོགས་རེས་མཉམ་འཚོ་བྱས།།
མི་རིགས་ཁག་གི་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ། ང་དང་ཁྱོད་ཅེས་ཕན་ཚུན་དབྱེ་བ་མེད། མི་རིགས་མང་བའི་ཁྱིམ་ཚང་གང་སར་མཐོང་། ཞེས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བཞུགས་མོལ་ཚོགས་འདུ་རེ་རེ་དང་། མི་རིགས་ཁག་དང་ལས་རིགས་ཁག་ནས་ཕེབས་པའི་མང་ཚོགས་འཐུས་མིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རེ་བ་ནན་མོ་བཅོལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་བསྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད།
རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་ཝུའུ་རུའུ་ཁྲོན་ལས་འཁྱུར་ངལ་གསོ་བྱས་ནའང་ལས་བརྩོན་གྱི་སེམས་ཤུགས་མ་ཉམས་པར། 2013ལོར་ལས་འཁྱུར་ངལ་གསོའི་ལས་བྱེད་རྒན་པ་སྐོར་ཞིག་སྒྲིག་འཛུགས་བྱས་ནས། རང་ཁུལ་གྱི་རྒན་རྒོན་སློབ་ཆེན་དང་པོ་བཙུགས་ཏེ་མའོ་རྫོང་དུ་སྡོད་པའི་མི་རིགས་ཁག་གི་རྒན་རྒོན་ལ་འདྲ་མཉམ་གྱི་སློབ་སྦྱོང་གོ་སྐབས་དང་། བསམ་བློ་བརྗེ་རེས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་གར་སྟེགས་ཤིག་བསྐྲུན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་ཀྲང་ཧྲི་མའོ་ཡིས་ལོ་21རིང་ལས་གནས་རྟན་སྲུང་བྱས་ཤིང་། ཏང་ཨུ་དང་སྲིད་གཞུང་གི་མགྲིན་ཚབ་པ་བྱས་ཏེ་ནམ་ཡང་སྲིད་ཇུས་ཉི་ཟེར་མང་ཚོགས་ལ་བསྒྲགས་ནས། རང་ཉིད་ཀྱི་བྱ་སྤྱོད་དངོས་ལས་དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་བླངས་པ་རེད།
རང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་གསར་བསྐྲུན་གྱི་གོ་རིམ་ཁྲོད་དུ། དཔེ་སྟོན་ས་ཚིགས་དང་དཔེ་སྟོན་ལས་ཁུངས་བཙུགས་པ་བརྒྱུད་དེ། དཔེ་བཟང་ཐུན་མོང་མཉམ་སྡེབ་དང་མི་སྒེར་ལ་གཟེངས་རྟགས་གནང་སྟེ། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་བསྐྲུན་གྱི་ལས་དོན་ལ་གཙོ་གནད་དང་ཁྱོན་ཡོངས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་བཟང་བཏོད་པའི་རྣམ་པ་ཆགས་ནས་ཁྱད་ཆོས་དང་བཀྲག་མདངས་འཚེར་བའི་སྔོན་ཐོན་དཔེ་བཟང་ཁག་ཅིག་བྱུང་བ་དང་ཆབས་ཅིག་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་སུ་ཡང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་བརྟན་པོ་མ་བཅོས་ལྷུན་གྱིས་ཆགས་ཤིང་། བསམ་སྤྱོད་ཟུང་འབྲེལ་ཐུབ་པ་བྱུང་།
མི་རིགས་མཐུན་སྒྲིལ་གྱི་རྣམ་པ་དང་མི་རིགས་ཁག་གི་མཐུན་སྒྲིལ་གྱི་གཏམ་རྒྱུད་རེ་རེ་ལས་རྔ་བའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་བརྩེ་སེམས་ཟབ་མོ་མཚོན་ཡོད་ལ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་ཟབ་མོ་ཇ་དང་འོ་མ་ལྟར་དུ་རྔ་བའི་མི་དམངས་ཀྱི་འཚོ་བའི་གཏིང་ཟབ་ས་དང་། རིགས་སོ་སོའི་མི་དམངས་ཀྱི་འདུ་ཤེས་ཀྱི་གཏིང་ཟབ་སར་ཉར་ཡོད།