༄༅།། ཏུན་ཧོང་ཡིག་རྙིང་IOL TIB J380ལས་གེ་སར་རྒྱལ་པོ་ཞེས་པའི་ཐོག་མའི་དཔྱད་པ།

སྨན་ཤུལ་རིན་ཆེན་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 12-20



སྨན་ཤུལ་རིན་ཆེན་རྡོ་རྗེ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་IOL Tib J380ཆ་ཚང་ནི་འཇམ་དཔལ་རྩ་རྒྱུད་ཀྱི་ཚན་པ་ཞིག་ཡིན་ཞིང་། ཡིག་ཚགས་འདིའི་ནང་བཀོད་པའི་གེ་སར་རྒྱལ་པོ་དེ་སྡེ་དགེ་བཀའ་འགྱུར་གཙོ་བྱས་པའི་བཀའ་འགྱུར་དཔེ་བསྡུར་མའི་ནང་སེང་གེ་རྒྱལ་པོ་ཞེས་བསྒྱུར་བར། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དང་འབྲེལ་ནས་གེ་སར་ཞེས་པ་ཞང་ཞུང་སྐད་དང་། སེང་གེ་ཞེས་པ་ལེགས་སྦྱར་སྐད་ཡིན་རུང་། དེ་གཉིས་ཀའི་དོན་འདྲ་མཚུངས་ཡིན་པར་རིགས་འདེད་བྱས་ཡོད། 
[བརྡ་ཆད་གཙོ་བོ།] ཏུན་ཧོང་ཡིག་རྙིང་། འཇམ་དཔལ་རྩ་རྒྱུད། གེ་སར་རྒྱལ་པོ། བཀའ་འགྱུར། སེང་གེ་རྒྱལ་པོ།
          ཏུན་ཧོང་ཡིག་རྙིང་IOL TIB J380ལས་གེ་སར་རྒྱལ་པོའི་སྐོར་གྱི་ཡིག་ཆ་འདི་ཆེས་ཐོག་མར་ང་ལ་གནང་མཁན་ནི་རྒན་པ་ཚབ་པ་སངས་དབང་འདུས་ལགས་ཡིན་ཞིང་། དེ་དུས་ཚིག་རྐང་བརྒྱད་མ་གཏོགས་མེད་དེ། ཀུན་པོའི་སྤྱན་སྔར་ཕུལ་ན་འདི་ལྟ་སྟེ། གེ་སར་རྒྱལ་པོ་སྲིད་འདོད་དང་། །བྱིན་དའི་གསེབ་ན་གནས་པ་དག །རྟག་པར་དེ་ལ་རྟེན་གྱང་འཆའ། །ཡུལ་ཀྱི་དབུས་ན་གནས་པ་དང་། །རྫོང་ན་འཁྲ་ཞིང་རྟེན་འཆ་དང་། །རྒྱ་མཚོའི་འགྲམ་ན་གནས་པ་སྟེ། །བྱང་དང་ཤར་ན་རྟེན་ཆ་བའི། །སེང་གེ་བཏགས་པ་འགྲོ་དང་འོང་། །ཞེས་པ་ལྟར་ཡིན་ཞིང་། རྒན་ལགས་ཀྱིས་“ཡི་གེ་འདི་ལ་པར་རིས་མེད། ཁོ་བོ་2009ལོར་དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཟླ་གཅིག་རིང་ཏུན་ཧོང་བོད་ཀྱི་གཏེར་ཡིག་ཞལ་མཇལ་ཞུ་བའི་སྐབས་བཤུ་འབྲི་བྱས། ཡི་གེ་འདིའི་ནང་གི་གེ་སར་རྒྱལ་པོ་བྱ་བ་དེ་གླིང་རྗེ་གེ་སར་དང་འབྲེལ་བ་ཡོད་མེད་དཔྱད་པར་འཚལ། ཡིག་ནོར་ཡང་མཆིས།”ཞེས་གསུངས་མོད། གཅིག་ན་རང་གི་ཡོན་ཚད་དམའ་བ་དང་། གཉིས་ན་ཡིག་ཆ་འདིའི་མགོ་རྔ་མི་ཚང་བས། ཏུན་ཧོང་ཡིག་རྙིང་ཕྱོགས་ཀྱི་ཆེད་ལས་མཁས་པ་སྐོར་ཞིག་ལ་བཀའ་འདྲི་མི་ཞུ་ཐབས་མེད་བྱུང་། དེ་ལ་ལ་ལས་མོ་ཡིག་ཅིག་ཡིན་པ་འདྲ། གེ་སར་རྒྱལ་པོའི་ཆབ་སྲིད་དང་འདྲ་བས་ཅི་བྱ་དོན་འགྲུབ་ཀྱི་མོ་ཡིག་བཟང་པོ་ཞིག་འདུག་ཟེར། ལ་ལས་གེ་སར་རྒྱལ་པོ་ལ་དད་པའི་བྱིན་རླབས་ཀྱི་ཁྲོད་དུ་གནས་པ་དག་སེམས་དཔའ་ཞིང་སེང་གེ་དང་འདྲ་སོགས་ཟེར། དེ་ལྟར་ལོ་ངོ་དུ་མ་འགོར་རྗེས། སྟབས་ལེགས་པ་ཞིག་ལ་དབྱིན་ཇིའི་བོད་རིག་པ་མཁས་པ་ཞིག་གི་མཚམས་སྦྱོར་འོག དྲ་ཐོག་ནས་ཤོག་དྲིལ་གཅིག་བུ་ཅན་གྱི་ཡིག་ཆ་འདི་མགོ་རྔ་ཁ་ཚང་བར་ཕབ་ལེན་ཐུབ་སོང་བས། ད་ལན་ཡིག་ཆ་འདིའི་མ་ཡིག་ཆ་ཚང་དང་ང་རང་གི་ཐོག་མའི་དཔྱད་པ་དེ་ཀུན་གྱི་སྤྱན་སྔར་ཕུལ་བ་གཤམ་གསལ་ལྟར་རོ། ། 
          དང་པོ། ཏུན་ཧོང་ཡིག་རྙིང་IOL Tib J380ལས་གེ་སར་རྒྱལ་པོ་ཞེས་པའི་སྐོར་གྱི་མ་ཡིག་ཆ་ཚང་། 
          མན་ཛུ་ཤྲྀ། ཏན་ཏྲ་ལས་འབྱུང་བ།། །། 
          ཙེ་ཞེས་བྱ་བའི་རྒྱལ་པོ་ཞིག། །གངས་ཀྱྀ་རྀ་ཡི་ཐིལ་ན་གནས། །བྱང་གི་ཕྱོགས་ན་རྟེན་པ་ཡྀ། །ཡུལ་རྣམས་ཀུན་ལ་དབང་སྒྱུར་ཏེ། །རྒྱལ་པོ་དེ་ནྀ་དུས་གཅིག་ན། །མྱི་ཤེས་བྱིས་པའི་ཡུལ་ཀྱིས་ནི། །ཕྱག་དར་ལ་ནྀ་མཆོད་རྟེན་བྱས། །བྱང་ཆུབ་དུ་ནྀ་སེམས་ཀྱང་བསྐྱེད། །།གང་ན་སངས་རྒྱས་རྣམས་ཀྱི་ཆོས། །བདུད་རྩྀ་དམ་པ་མྱེད་གྱུར་པ། །དེ་དུས་དག་ནྀ་སྐྱེས་གྱུར་ཏེ། །དམ་ཆོས་མཆོག་ནྀ་འགྱུང་[འབྱུང་]བར་བྱའ། །།དེ་སྐད་སྨོན་ལམ་བཏབ་པས་ན། །དེ་ཡི་བསོད་ནམས་རྣམ་སྨྱིན་པས། །རྒྱལ་རིགས་ཆེན་པོར་སྐྱེ་བར་འགྱུར། །མཐའ་འཁོབ་པའྀ་བདག་པོ་སྟེ། །ཆོས་ཀྱི་ཚུལ་འཆང་ཆོས་དང་ལྡན། །ཆོས་ལ་ཤིན་དུ་དགའ་བ་ཡིན། །དགེ་བའྀ་བཤེས་དང་རྟག་ཏུ་སྟེན། །ཤེས་རབ་ལྡན་ཞིང་ཡིད་གཞུངསྟེ། །།ཟབ་མོའི་ཆོས་ལ་ཤིན་ཏུ་མོས། །རྟོག་པའྀ་བློ་ཅན་བསྒོམས་པའྀ་ངང་། །གདོན་མྱི་ཟ་བར་རྒྱལ་མཆོག་དེ། །སངས་རྒྱས་བྱ་བ་བྱེད་པར་འགྱུར། །མཐའ་འཁོབ་སྐྱེ་བོ་སྡིག་ཅན་རྣམས། །དམ་ཆོས་རྣམ་པར་སྤངས་པ་ལ། །སངས་རྒྱས་སྤྱོད་ཡུལ་ཟབ་མོ་སྟེ། །སྔགས་གྱྀ་འབྲས་བུར་མྱི་ཤེས་པས། །སྔགསར་རྒྱུད་ལ་མོས་མྱེད་དེ། །དེ་ཚེ་ངན་པའྀ་བློ་ཡང་འབྱུང་། །ཕྱིས་ནྀ་སྔགས་འཆང་སྔོན་ཚེ་ལ། །འགྲོགས་པར་གྱུར་པ་ཤེས་རབ་ཅན། །བསམ་གཏན་འཇབ་ལ་བརྩོ[ན་པ་དང་། །སྔ]གས་དང་རྒྱུད་ལ་འཇིགས་མྱེད་རྙེད། །མོས་པ་ཆེན་པོ་བདགྀ་ལས། །ཡོངས་སུ་བསྔོ་བས་དེ་བསྟེན་ཏེ། །ལྷ་[མོ]ཏ་ར་སྟོབས་ཆེན་མོ། །བློ་ལྡན་དེ་[ནྀ]སྒྲུབ་པར་འགྱུར། །དེ་ནས་མཐའ་འཁོབ་རྣམས་ལས་རྒྱལ། །ཡྀ་ཟྡེ་ལས་སྩོགས་རྟེན་པ་དང་། །།ལ་ར་གོའུ་ར་མཐར་ཕྱིན་དུ། །ཡུལ་ཀྱྀ་དབུས་ཀྱང་གནོན་པར་འགྱུར། །དགྲ་མྱེད་གནོད་པ་མྱེད་པ་རུ། །མ་ག་དེའི་རྒྱལ་པོར་འགྱུར། །དེ་ནི་འབྲོག་འདི་ཕན་ཅད་དུ། །ཤར་ཕྱོགས་རྒྱ་མཚོ་རྟེན་པའྀ་རྣམས། །རྩང་པོ་ཕན་ཅད་བློ་ལྡན་ པ། །བྱང་ཕྱོགས་གངས་རྀ་དེ་བཞིན་ཏེ། །།དེ་ན་ཀ་ག་པུ་རྀ་དང་། །ཤྀ་རྀང་གེའྀ་གྲོང་ཁྱེར་དང་། །དེ་དག་ཀུན་ཀྱྀ་ས་བདག་སྟེ། །སྟོན་པའྀ་བསྟན་པ་འབར་བར་བྱེད། །[ཅེས་བསུབས་ཐིག་འཐེན་ཞིང་ཞབས་ན་ཡི་གེ་ཆུང་ངུས། ཀེ་ས་ར་ཞེས་བྱ་བ་ལྔ། །ཞེས་བཅོས་ཡོད།]ཕམ་པར་བྱས་ནས་རྒྱལ་པོ་དེ། །དེ་དག་གྀ་ནི་རྒྱལ་པོ་བྱེད། །སེང་གེ་སྐྱེས་པ་དེ་དག་ནྀ། །དེ་ཚེ་དྲུང་ནས་བྱུང་བར་འགྱུར། །གངས་རྀ་ཤར་ཕྱོགས་རྒྱ་མཚོའི་དྲུང་། །དེ་ན་གནས་ཤྀང་རྟེན་པ་ཡྀ། །འགྲོ་བ་ཐམས་ཆད་ཀུན་ཀྱི་ཡང་། །རྒྱལ་རིགས་དེ་ནྀ་རྒྱལ་པོ་བྱེད། །གེ་སར་རྒྱལ་པོ་སྲིད་བདེ་འདོད་དང་། །བྱིན་དའི་གསེབ་ན་གནས་པ་དག། །རྟག་པར་དེ་ལ་རྟེན་གྱང་འཆའ། །།ཡུལ་ཀྱི་དབུས་ན་གནས་པ་དང་། །རྫོང་ན་འཁྲ་ཞིང་རྟེན་འཆ་དང་། །རྒྱ་མཚོའི་འགྲམ་ན་གནས་པ་སྟེ། བྱང་དང་ཤར་ན་རྟེན་ཆ་བའི། །།སེང་གེ་བཏགས་པ་འགྲོ་དང་འོང་། །སོམ་ཞེས་བྱ་བ་རྒྱལ་འདས་ནས། །གོའུ་རྀའི་སྐྱེ་བོ་ཞིག་གྱུར་ཏང་། །དེ་ནྀ་ཐེ་ཙོམ་མྱེད་ལར་[པ་]རུ། །རྒྱལ་རིགས་རྒྱལ་པོར་འགྱུར་བ་ཡིན། །རྟག་དུ་འཕེལ་ཞིང་ཆེར་གྱུར་པས། །དེའྀ་སྐྱིད་པ་རྒྱས་པར་འགྱུར། །དེ་ལྟར་སྐྱིད་པ་འཕེལ་གྱུར་ནས། །།སྲིད་ཀྱང་ཤིན་ཏུ་བརྟན་པར་འགྱུར། །ལོ་ནི་བརྒྱད་ཅུར་འཚོ་བ་སྟེ། །བདུད་དང་བདུད་ནྀ་དེ་བཞིན་གཞན། །དེ་ནས་རྒ་བས་ཟིལ་ནོན་ཏེ། །འཆི་བའྀ་དུས་བྱས་མཐོ་རིས་འགྲོ། །ལྷ་ཡི་འཇིག་རྟེན་བདེ་བ་ལ། །ཡུན་རིང་དུས་སུ་སྤྱོད་སྤྱོད་དེ། །དེ་ནས་འཆི་འཕོས་ལས་ཀྱི་དབང་། །སྔོན་ཚེ་ཉོན་མོངས་བཅས་བྱས་པས། །བྱོལ་སོང་ཁྲོད་དུ་ཟླ་ཅིག་ཏུ། །ཀླུ་རྗེ་རྫུ་འཕྲུལ་ཆེན་པོར་འགྱུར། །དེ་ནས་ལུས་དེ་ཞིག་གྱུར་ནས། །མྱིའི་ནང་ དུ་སྐྱེ་བར་འགྱུར། །དེར་ནྀ་རྒྱལ་རིགས་བློ་ལྡན་ཞིང་། །ཚོང་གིས་འཚོ་བ་འཇིགས་མྱེད་དེ། །དགེ་བའི་བཤེས་ལ་རྟེན་བཅས་ནས། །རྒྱལ་བའི་བསྟན་ལ་དད་པར་འགྱུར། །རིག་བྱེད་རྒྱལ་པོ་རྫུ་འཕྲུལ་ཅན། །ན་ར་དེ་བའི་གྲུབ་པར་འགྱུར། །དེས་ནྀ་སྔགས་བསྒྲུབས་དེའི་ཚེ། །།དགའ་དགུར་ཀུན་དུ་འགྲོ་བར་འགྱུར། །སྔགས་འཆང་ཀུན་ཀྱྀ་རྒྱལ་པོའི་མཆོག། །དཔལ་དང་ལྡན་པར་གྱུར་པ་ཡིན། །དེའི་ཚེ་འཁོར་ལོ་སྒྱུར་ཞེས་བྱ། །།མྱིང་ནྀ་ཙིད་ཏྲ་ཀ་ལ་ཡིན། །སྔགས་འཆང་རྣམས་ལ་དེ་ཡྀ་ཚེ། །བློ་ལྡན་དེ་ནྀ་ཆོས་ཀྱང་སྟོན། །ལོ་གྲངས་བྱེ་བ་བརྒྱད་ཅུའི་ཕྱག། །།དགུ་དང་བདུན་དུ་དེ་ཡི་ཚེ། །ལྷ་དང་མྱྀ་ཡྀ་ལོངས་སྤྱོད་ལ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །དེའྀ་འཁོར་ཀྱང་དེའི་ཚེ། །།ན་ཅུང་བྱེ་བ་དྲུག་ཅུར་འགྱུར། །དེ་ནས་དེ་ནྀ་ལུས་ཞིག་ནས། །ལྷ་མོ་ཏ་རས་བསྐུལ་བྱས་ཤིང་། །ལྷའྀ་དབང་པོར་འགྲོ་བར་འགྱུར། །དེར་ནི་དམ་པའི་ཆོས་ཀྱང་སྟོན། །དེ་ནས་རིམས་གྱིས་རྒྱལ་པོ་དེ། །བྱང་ཅུབ་མཆོག་ཏུ་གཞོལ་བར་འགྱུར།། །། །།མན་ཛུ་ཤྲྀ། ཏན་ཏྲ་ལས། ཚིགས་བཅད་ཉྀ་ཙེ། །བྱ་གག་ལོ་ལ། ཕོ་བྲང་ཟུང་ཀར་དུ། ཞུ་ཅེན་ཀྱི་ལོ་ཙ་པ་བན་དེ་དར་མ་ཏ་ཤི་ལས་བསྒྱུར་པ་རྫོགས་སྰོ།། །།[1]ཞེས་པ་ལྟར། མ་ཡིག་ཆ་ཚང་ལ་བསྡོམས་པའི་ཚིག་རྐང་115དང་། ཀེ་ས་ར་སོགས་ཚིག་རྐང་17མཆིས། གཞུང་གི་དཀྱུས་སུ་གུག་རྟགས་འབྲིང་པོ་བྱིན་པ་ནི་ཡི་གེ་ཆད་པའམ་མི་གསལ་བ་རྣམས་ང་རང་གིས་བསྐངས་པ་ཡིན། ཡིག་ཆ་འདིའི་ཚིག་སྦྱོར་ལ་འབྲེལ་སྒྲ་དེའང་ཚེག་ཁྱིམ་གཅིག་ལྟར་བཏོན་ན་ད་གཟོད་ཚེག་བར་དོ་མཉམ་པ་ཞིག་འདོན་ཐུབ། ཡིག་ཆ་འདིའི་དབུར། “མན་ཛུ་ཤྲྀ། ཏན་ཏྲ་ལས་འབྱུང་བ་”ཞེས་པ་ནི་འཇམ་དཔལ་རྩ་རྒྱུད་ལ་གོ་སྟེ། མན་ཛུ་ཤྲྀ་ཞེས་པ་ནི་འཇམ་དཔལ། ཏནྟྲ་ཞེས་པ་ནི་རྒྱུད་ཅེས་པའི་སྐད་དོད་དེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་«བཻ་སྔོན་»ལས། “ཏན་ཞེས་བྱ་བ་ནི། ཏ་ནུ་ལུས་དང་ཏྲ་ཡ་སྐྱོབ་པ་ལ་འཇུག་པའི་དབང་གིས་ལུས་སྐྱོབ་པ་ཞེས་པ་སྟེ། དེ་འདྲ་བའི་དོན་ཟབ་མོའི་གཞུང་འདི་ཉིད་ལས་རྒྱུན་མི་འཆད་པར་གནས་པའི་དོན་གྱིས་རྒྱུད་ཅེས་བྱེད་ལས་ཀྱི་སྒོ་ནས་བཏགས་པ་ཡིན་”[2]ཞེས་གསུངས་པ་ལྟར་རོ། ། 
          མཇུག་བྱང་དུ་“ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དར་མ་ཏ་ཤི་ལ་”ཞེས་པ་ནི། དྷརྨ་ཏཱ་ཤཱི་ལ་ཞེས་ཀྱང་འབྲི། “མཚན་གཞན་ལ་ཆོས་ཉིད་ཚུལ་ཁྲིམས་ཟེར། སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་སྐུ་འཁྲུངས་ཤིང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་ཡིན།”[3] འདི་པས་ད་དུང་ཡུམ་བསྡུས་པ་བརྒྱད་སྟོང་པ་རྒྱ་དཔེ་རྒྱས་པ་ཕྲེང་བ་ཅན་ལུགས་བམ་པོ་ཉི་ཤུ་རྩ་བཞི་དང་ལེའུ་སུམ་ཅུ་རྩ་གཉིས་པ་བསྒྱུར་ཅིང་། དུས་ཕྱིས་ལོ་ཙཱ་བ་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་འགྲེལ་པ་དང་བསྟུན་ནས་བཅོས་ཤིང་ཞུས་ཏེ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་རྣམ་པ་གཉིས་ཀྱིས་རྒྱ་དཔེ་གསུམ་ལ་གཏུགས་ནས་ལན་གཉིས་སུ་གཏན་ལ་ཕབ་པ་སོགས་ལ་བལྟས་ན། ཁོང་གི་འགྱུར་དེ་དུས་ཕྱིས་ཀྱི་མཁས་པས་ཞུ་དག་མཛད་དེ་གཏན་ལ་ཕབ་པ་ལས། ཁོང་གི་དུས་སུ་གཏན་ལ་འབེབས་མ་ཐུབ་པ་འདྲའོ། །འདིའང་ཡིག་ཆ་འདི་ཉིད་འཇམ་དཔལ་རྩ་རྒྱུད་ལས་ཚིགས་བཅད་ཐུང་ཐུང་ཞིག་ཡིན་མོད། བཀའ་འགྱུར་གྱི་གཞུང་དངོས་སུ་གཏན་ལ་འབེབས་མ་ཐུབ་པ་དང་འདྲའོ། །དེས་ན་“བྱ་གག་ལོ་”ནི་ཆོས་ཉིད་ཚུལ་ཁྲིམས་ཟེར་བ་ཁོང་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་སྐུ་འཁྲུངས་རྗེས་ཀྱི་ས་བྱ་སྟེ་སྤྱི་ལོ་769འམ། ལྕགས་བྱ་སྟེ་སྤྱི་ལོ་781 ཆུ་བྱ་སྟེ་སྤྱི་ལོ་793ནང་གི་གཅིག་ཡིན་དགོས་ཤིང་། “ཕོ་བྲང་ཟུང་ཀར་”ནི་“ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་བསམ་ཡས་དགོན་པའི་གཞོགས་ནུབ་ཀྱི་མི་རིང་བའི་ས་ན་མཆོད་རྟེན་དཀར་པོ་ཞིག་འདུག་པ་དེའི་རྒྱུད་དུ་རེད་ཟེར།”[4] གཤམ་དུ་བཀའ་འགྱུར་གཞུང་དུ་འཇམ་དཔལ་རྩ་རྒྱུད་ལས་ཚིགས་བཅད་ཐུང་ཐུང་འདི་ཇི་ལྟར་བསྒྱུར་ཡོད་པ་དང་སྒྱུར་མཁན་སུ་ཡིན་སོགས་ཞུ་བ་ལ།
          གཉིས་པ། སྡེ་དགེ་བཀའ་འགྱུར་ལས་འཇམ་དཔལ་རྩ་རྒྱུད་ཀྱི་འགྱུར་དང་ཞིབ་བསྡུར
          སྡེ་དགེ་བཀའ་འགྱུར་ལས་རྒྱུད་འབུམ་ལ་པུ་ཏི་ཉི་ཤུ་ཞེས་པའི་བཅུ་གཉིས་པ་“རྒྱུད་འབུམ་ན་”ཤོག་ངོས་88ཀྱི་ཉིན་ནས་334བར། དཔལ་ལྷ་བཙན་པོ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་བཀས། རྒྱ་གར་གྱི་མཁན་པོ་དགེ་བསྙེན་ཆེན་པོ་ཀུ་མཱ་ར་ཀ་ལ་ཤ་དང་། སྒྲ་བསྒྱུར་གྱི་ལོཙྪ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་བཞུགས་པ་དང་། དེའི་བར་གྱི་ཤོག་ངོས་321གི་ཉིན་ནས་322ཀྱི་ཉིན་བར། ཚིགས་བཅད་ཐུང་ཐུང་འདིའི་འགྱུར་ཡིག་བཞུགས་པ་གཤམ་གསལ་ལྟར་ཡིན། ཡི་གེ་བ་མིང་རྒྱལ་པོར་འགྱུར། །གངས་ཅན་རི་ཡི་ནང་གནས་པ། །བྱང་གི་ཕྱོགས་ལ་བརྟེན་པ་ཡི། །དེ་ཚེ་རྒྱལ་རིགས་རྒྱལ་པོ་དེ། །ཡུལ་མི་ཀུན་ལ་སྤྱོད་པར་འགྱུར། །མི་ཤེས་བྱིས་པར་གྱུར་པ་ཡི། །མཆོད་རྟེན་ས་རྡུལ་གྱིས་བྱས་པས། །འགྲན་ཟླ་མེད་ཅིང་གནོད་མེད་པར། །མ་ག་དྷ་ཡི་རྒྱལ་པོར་འགྱུར། །ཤར་ཕྱོགས་རྒྱ་མཚོར་བརྟེན་ནས་ནི། །དེ་འདི་འབྲོག་གི་མཐར་ཐུག་པར། །བློ་ལྡན་ལོ་ཧི་ཏ་ལས་གཞན། །བྱང་དུ་དེ་བཞིན་ཁ་བ་ཅན། །ནུབ་ཏུ་ཀཱ་ཤིའི་ཉམས་དགའི་གྲོང་། །རྩེ་མོ་ཞེས་བྱའི་གྲོང་དེ་བཞིན། །འདི་ཡི་ནང་དུ་རྒྱལ་པོ་ནི། །སྟོན་པའི་བསྟན་པ་གསལ་བྱེད་པ། །དེ་ནི་སེང་གེ་ལྔ་ཞེས་བྱ། །ཕམ་ནས་རྒྱལ་པོས་གཞན་ཡང་ཕམ། །སེང་གེ་ལས་སྐྱེས་ཐམས་ཅད་དེའང་། །དེ་ཚེ་རྩ་ནས་རྣམ་པར་བཤིག །གངས་ཅན་ནང་དང་ཤར་ཕྱོགས་དང་། །རྒྱ་མཚོ་བཅུ་ཡི་འགྲམ་གནས་ནས། །དེ་ཚེ་རྒྱལ་རིགས་བརྒྱད་པོ་དེ། །ཡུལ་མི་དག་ནི་ཀུན་ལ་སྤྱོད། །ལྷ་སོགས་སེང་གེ་རྒྱལ་པོ་ནི། །གཡོན་ཅན་གཞན་ལ་བརྟེན་པ་དང་། །འབིགས་བྱེད་ནང་ན་གནས་པ་ལ། །དེས་ཀྱང་རང་གི་རྒྱལ་པོ་བྱས། །བགྲོད་དཀའ་ཞེས་བྱའི་ཡུལ་དབུས་སུ། །དུག་ཅེན་རྒྱལ་བས་རྣམ་རྒྱལ་བྱས། །བྱང་ཤར་ཀུན་ལ་གནས་པ་ཡི། །སེང་གེ་ཞེས་བྱ་དེ་བཞིན་གཞན། །ཟླ་བ་ཞེས་བྱའི་རྒྱལ་པོ་འདས། །དེ་ཚེ་གོ་ཌཱའི་སྐྱེ་བོའང་འཇིག །དེ་ཚེ་རྒྱལ་རིགས་ས་ཡི་བདག །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །རྒྱལ་པོ་མངོན་འཕེལ་སྐྱེ་ཞེས་བྱ། །དེ་ཡི་ལོངས་སྤྱོད་འཕེལ་བར་འགྱུར། །དེ་ཚེ་རྒན་པོར་གྱུར་པ་ན། །དེ་ཡང་གཡོ་བ་མེད་པར་སོང་། །ལོ་ནི་བརྒྱད་ཅུར་འཚོ་བ་སྟེ། །དེ་བཞིན་གཞན་ནི་བདུན་དང་བདུན། །དེ་ནས་འཁོགས་པས་ཟིལ་མནན་ནས། །དུས་བྱས་ལྷ་ཡི་གནས་སུ་སོང་། །ཡུན་རིང་ལྷ་ཡི་བདེ་བ་ནི། །དེ་ཚེ་རྒྱལ་པོས་རྗེས་སུ་མྱོང་། །སྔོན་ནི་ཀུན་ནས་ཉོན་མོངས་པས། །ལས་ཀྱི་ཡང་ནི་ཤི་འཕོས་ཏེ། །རྫུ་འཕྲུལ་ཆེན་པོ་ཀླུ་ཡི་རྒྱལ། །བློ་ལྡན་དུད་འགྲོ་ནང་དུ་གནས། །ཚོང་པ་སྔགས་ནི་གྲུབ་པ་སྟེ། །ཇི་ལྟར་འདོད་པའི་བློ་བྱེད་ཅིང་། །དེ་ཚེ་རིག་པའི་རྒྱལ་པོ་དང་། །དེ་ཚེ་བདེ་འགྲོ་དག་ཏུ་གྱུར། །དེ་ཡི་ཚེ་ན་འཁོར་ལོས་སྒྱུར། །སྣ་ཚོགས་ཏོག་ཅེས་རྒྱལ་པོར་འགྱུར། །དེ་བཞིན་དུ་ནི་བློ་ལྡན་དེ། །དེ་ཚེ་རིག་འཛིན་ཆོས་ཀྱང་འཆད། །ལོ་ནི་བྱེ་བ་བརྒྱད་ཅུ་དང་། །དེ་ཚེ་དགུ་དང་བདུན་དུ་འགྱུར། །ལྷ་དང་མི་ཡི་བདེ་བ་ཡིས། །འཁོར་ལོས་སྒྱུར་བར་འགྱུར་བ་ཡིན། །དེ་ཡི་འཁོར་དུ་བུ་མོ་ནི། །བྱེ་བ་དྲུག་ཅུ་སྐྱེ་བར་འགྱུར། །དེ་ནས་དེ་ནི་ལུས་ཞིག་ནས། །ལྷ་མོ་སྒྲོལ་མ་མཉེས་བྱས་ཏེ། །ལྷ་རྣམས་བདག་པོར་སོང་ནས་ནི། །དེར་ནི་ཆོས་ཀྱང་སྟོན་པར་བྱེད། །རྒྱལ་པོ་དེ་ནི་མཐར་གྱིས་སུ། །མྱུར་དུ་བྱང་ཆུབ་གཞོལ་བར་འགྱུར། །[5]ཞེས་པ་ལྟར། དཔལ་ལྷ་བཙན་པོ་ལྷ་བཙུན་པ་བྱང་ཆུབ་འོད་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པར་ཨ་ཏི་ཤ་བོད་དུ་གདན་འདྲེན་ཞུ་མཁན་སྟོད་མངའ་རིས་ཀྱི་ལྷ་བླ་མ་ཞེས་པ་རབ་བྱུང་གི་རྒྱལ་པོ་ཞིག་ཡོད་པ་དེ་ཡིན་པས། རྒྱ་གར་གྱི་མཁན་པོ་དགེ་བསྙེན་ཆེན་པོ་ཀུ་མཱ་ར་ཀ་ལ་ཤ་དང་། སྒྲ་བསྒྱུར་གྱི་ལོཙྪ་བ་དགེ་སློང་ཤཱཀྱ་བློ་གྲོས་ཞེས་པ་གཉིས་ཀྱང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་ཡིན་དགོས། འཇམ་དཔལ་རྩ་རྒྱུད་ལ་བསྡོམས་པས་ཤོག་གྲངས་88→334=246ཡོད། ཚིགས་བཅད་ཐུང་ཐུང་འདི་ཤོག་གྲངས་246-(334-321)=246-31=215ལ་ཁེལ། དེ་ནས་སེང་གེ་ལྔ་སོགས་ཚིག་རྐང་16ཡོད། འདིའི་ཁྲོད་དུ་ཏུན་ཧོང་ཡིག་རྙིང་IOL TIB J380ལས་སྟོད་ཀྱི་“བྱང་ཆུབ་དུ་ནྀ་སེམས་ཀྱང་བསྐྱེད། །”ཞེས་པ་ནས་“ཡུལ་ཀྱྀ་དབུས་ཀྱང་གནོན་པར་འགྱུར། །”སོགས་ཚིག་རྐང་35མེད་པ་དང་། བར་གྱི་“དེའྀ་ སྐྱིད་པ་རྒྱས་པར་འགྱུར། །”སོགས་ཚིག་རྐང་3མེད། མཇུག་གི་“དེ་ནས་ལུས་དེ་ཞིག་གྱུར་ནས། །”ཞེས་པ་ནས་“དཔལ་དང་ལྡན་པར་གྱུར་པ་ཡིན། །” སོགས་ཚིག་རྐང་12མེད། 
          གསུམ་པ། བཀའ་འགྱུར་དཔེ་བསྡུར་མ་ལས་ཚིགས་བཅད་ཐུང་ཐུང་འདིའི་འགྱུར་ཁྱད།
          བཀའ་འགྱུར་(དཔེ་བསྡུར་མ་)དེབ་88ནང་འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་ཡོད་དེ། ཤོག་ངོས་354ནས་938བར་ནང་གསེས་ཚན་པ་སུམ་ཅུ་སོ་དྲུག་ཡོད། ཆེས་མཇུག་མཐའི་ཚན་པ་སོ་དྲུག་པ་ནི་ཕན་ཡོན་དང་ཉེས་དམིགས་ཀྱི་ནུས་པ་བསྟན་པའི་ལེའུ་སྟེ་ཤོག་ངོས་837ནས་938བར་ཡིན། དེའི་ནང་གི་ཤོག་ངོས་908ནས་909བར་ན་གོང་གི་ཚིགས་བཅད་རྣམས་ཡོད་དེ། དེའི་ཁྲོད་དུ་དཔེ་བསྡུར་ཞུས་པའི་ཡི་གེ་བཅོ་བརྒྱད་ཡོད་པ་གཤམ་གསལ་ལྟར་ཡིན། 
          “ཡི་གེ་བ་[«སྣར»«ཞོལ»ར།] མིང་རྒྱལ་པོར་འགྱུར། ། གངས་ཅན་རི་ཡི་ནང་གནས་པ། །བྱང་གི་ཕྱོགས་ལ་བརྟེན་[«གཡུང་» «པེ» «སྣར»རྟེན།]པ་ཡི། །དེ་ཚེ་རྒྱལ་རིགས་[«ཁུ»རིག]རྒྱལ་པོ་དེ། །ཡུལ་མི་ཀུན་ལ་སྤྱོད་པར་འགྱུར། །མི་ཤེས་བྱིས་པར་གྱུར་པ་ཡི། །[«གཡུང་» «པེ» «སྣར» «ཞོལ»ཡིས།] མཆོད་རྟེན་ས་རྡུལ་གྱིས་བྱས་པས། །འགྲན་ཟླ་མེད་ཅིང་གནོད་མེད་པར། །མ་ག་དྷ་ཡི་[«སྣར»དྷ་ཡི།«ལི»«ཅོ»དྷ་ཡིས།] རྒྱལ་པོར་འགྱུར། [«གཡུང་» «ལི» «པེ» «སྣར»«ཅོ» «ཞོལ»གྱུར] ། ཤར་ཕྱོགས་རྒྱ་མཚོར་བརྟེན་[«སྣར»རྟེན།]ནས་ནི། །དེ་འདི་འབྲོག་[«གཡུང་»ཆོ་འབྲོག«ལི» «པེ» «ཅོ»འདི་འགྲོག «སྣར» འདིར་འབྲོག]གི་མཐར་ཐུག་པར། །བློ་ལྡན་ལོ་ཧི་ཏ་ལས་གཞན། །བྱང་དུ་དེ་བཞིན་ཁ་བ་ཅན། ། ནུབ་ཏུ་ཀཱ་ཤིའི་[«གཡུང་» «ལི» «པེ» «ཅོ»ཀ་ཤིའི། «སྣར»ཀ་ཤི། «ཞོལ»ཀཱ་ཤི།]ཉམས་[«ལི»ཉམ།]དགའི་གྲོང་། །རྩེ་མོ་ཞེས་བྱའི་གྲོང་དེ་བཞིན། །འདི་ཡི་ནང་དུ་རྒྱལ་པོ་ནི། །སྟོན་པའི་བསྟན་པ་གསལ་བྱེད་པ། །དེ་ནི་སེང་གེ་ལྔ་ཞེས་བྱ། །ཕམ་ནས་རྒྱལ་པོས་གཞན་ཡང་ཕམ། །སེང་གེ་ལས་སྐྱེས་[«ལི» «ཅོ»སྐྱེ།]ཐམས་ཅད་དེའང་། །དེ་ཚེ་རྩ་ནས་རྣམ་པར་བཤིག[«གཡུང་» «པེ»ཤིག] ། གངས་ཅན་ནང་དང་ཤར་ཕྱོགས་དང་། །རྒྱ་མཚོ་བཅུ་ཡི་འགྲམ་གནས་ནས། །དེ་ཚེ་རྒྱལ་རིགས་བརྒྱད་[«ལི» «སྣར» «ཅོ» «ཞོལ»རྒྱལ།]པོ་དེ། །ཡུལ་མི་དག་ནི་ཀུན་ལ་སྤྱོད། །ལྷ་སོགས་[«སྣར» «ཞོལ»ཆོགས།] སེང་གེ་རྒྱལ་པོ་ནི། །གཡོན་ཅན་གཞན་ལ་བརྟེན་[«གཡུང་»«ལི» «པེ» «སྣར» «ཅོ»རྟེན། «ཞོལ»བསྟེན།]པ་དང་། ། འབིགས་[«ལི»འབིག།]བྱེད་ནང་ན་གནས་པ་ལ། །དེས་ཀྱང་རང་གི་རྒྱལ་པོ་[«གཡུང་» «པེ»པོས།]བྱས། །བགྲོད་དཀའ་ཞེས་བྱའི་ཡུལ་དབུས་སུ། །དུག་ཅེན་རྒྱལ་བས་རྣམ་རྒྱལ་བྱས། ། བྱང་ཤར་ཀུན་ལ་གནས་པ་ཡི། །སེང་གེ་ཞེས་བྱ་དེ་བཞིན་གཞན། ། ཟླ་བ་ཞེས་བྱའི་རྒྱལ་པོ་འདས། །དེ་ཚེ་གོ་ཌཱའི་[«པེ»ཊཱའི།]སྐྱེ་བོའང་འཇིག །”[6]ཅེས་པ་ལྟར། དཔེ་སྡུར་ཞུས་པ་ལས་ཡི་གེ་ལ་ལ་བྲིས་ནོར་དང་། ལ་ལ་སྔོན་འཇུག་ཡོད་མེད། ལ་ལ་བྱེད་སྒྲ་ཡིན་མིན། ལ་ལ་འ་ཆུང་ཡོད་མེད། ལ་ལ་ས་མཐའ་ཡོད་མེད་ཙམ་ལས། སྤྱི་ཁོག་གི་ནང་དོན་ལ་གོ་བ་ལོན་པར་གནོད་བྱེད་དུ་འགྲོ་བ་ཅང་མེད་སྙམ། 
          བཞི་པ། གེ་སར་རྒྱལ་པོ་དང་སེང་གེ་རྒྱལ་པོ་ཞེས་པའི་འགྱུར་གཉིས་གཤིབ་བསྡུར།
          སྤྱིར་འཇམ་དཔལ་རྩ་རྒྱུད་ནི་གསང་སྔགས་ཀྱི་གཞུང་ལེའུ་སུམ་ཅུ་སོ་དྲུག་ཅན། དུས་རབས་བཅུ་གཅིག་པའི་མགོར་ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བ་དང་། “འདིའི་ནང་དོན་ནི་གཙོ་བོར་འཇམ་དཔལ་དབྱངས་ཀྱི་ཡོན་ཏན་བཤད་ཡོད་པ་དང་ཞོར་ལ་རྒྱལ་པོ་མི་ཡི་ལྷ་ནས་འོད་ལྡན་བར་རྒྱལ་པོ་བཅུའི་མིང་བསྟན་ནས་མཐར་རྒྱལ་སྲིད་ཉམས་ཏེ་མི་རིགས་གཞན་དག་གིས་སྲིད་དབང་བཟུང་བར་བཤད་ཡོད་ཅིང་། «དེབ་ཐེར་སྔོན་པོ་»རྩོམ་པ་པོ་འགོས་ལོ་གཞོན་ནུ་དཔལ་དང་། «མཁས་པའི་དགའ་སྟོན་»རྩོམ་པ་པོ་དཔའ་བོ་གཙུག་ལག་ཕྲེང་བ་གཉིས་གོང་གསལ་འཇམ་དཔལ་རྩ་རྒྱུད་ཀྱི་ཚིག་དེ་རྣམས་ལ་འགྲེལ་བཤད་གནང་སྐབས། རྒྱལ་པོ་མི་ཡི་ལྷ་ནས་འོད་ལྡན་བར་གྱི་རྒྱལ་པོ་བཅུ་ནི་སྲོང་བཙན་སྒམ་པོ་ནས་འོད་སྲུང་བར་གྱི་རྒྱལ་རབས་བཅུ་ཡིན་པ་དང་། དེ་ནས་བོད་སིལ་བུར་གྱུར་རྗེས་མཐར་བོད་ཀྱི་སྲིད་དབང་དེ་མི་རིགས་གཞན་དག་སོག་པོ་སོགས་ཀྱིས་བཟུང་བ་སོགས་པའི་ལུང་བསྟན་བྱས་པ་ཡིན་ཞེས་གསུངས་འདུག དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་བོད་ཀྱི་ལོ་རྒྱུས་ཤོག་དྲིལ་ནང་། གོང་གསལ་«འཇམ་དཔལ་རྩ་རྒྱུད་»ཀྱི་དཔེ་ཆ་དེ་རྒྱ་གར་ཡི་གེའི་ཐོག་བཀོད་པ་ཁོ་རང་གིས་དངོས་སུ་གཟིགས་མྱོང་བ་མ་ཟད། བལ་ཡུལ་དུ་ཡོད་པའི་རྡོ་རིང་ཞིག་གི་ལྡེབས་སུ་ཡང་གོང་གསལ་གྱི་ཚིག་དུམ་བུ་དེ་ཆ་ཚང་བཀོད་ཡོད་པ་དང་། རྒྱ་གར་གྱི་ཡི་གེའི་ཐོག་གི་«འཇམ་དཔལ་རྩ་རྒྱུད་»ཀྱི་ནང་གསལ་བའི་རྒྱལ་པོ་བཅུ་པོ་དེ་ནི་བལ་པོའི་རྒྱལ་པོའི་མིང་ཡིན་པར་བལ་པོའི་ལོ་རྒྱུས་སུ་ཡང་གསལ་བས་དེ་ནི་འགོས་ལོ་དང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་བལ་པོའི་ལོ་རྒྱུས་ཡིན་པ་མ་མཁྱེན་པར་བོད་ཀྱི་ལོ་རྒྱུས་ལ་སྦྱར་ནས་འགྲེལ་བཤད་གནང་བ་ཞིག་ཡིན་ཞེས་བྲིས་གནང་འདུག་པ་དཔྱད་གཞི་ཆེན་པོ་ཡོད་པ་ཞིག་ཡིན་སྙམ།”[7]ཞེས་གསུངས་པ་ལྟར། ང་ཚོའི་ཚིགས་བཅད་འདི་རྣམས་ལས་གེ་སར་རྒྱལ་པོ་ཞེས་པའི་ཚིགས་བཅད་དེ་ཁོལ་དུ་ཕྱུང་ནས་གཤིབ་བསྡུར་ཞིག་བྱས་ནའང་ཤེས་རྟོགས་ཐུབ་སྟེ། 
          ཏུན་ཧོང་ཡིག་རྙིང་ལས། “ཀེ་ས་ར་ཞེས་བྱ་བ་ལྔ། །ཕམ་པར་བྱས་ནས་རྒྱལ་པོ་དེ། །དེ་དག་གྀ་ནི་རྒྱལ་པོ་བྱེད། །སེང་གེ་སྐྱེས་པ་དེ་དག་ནྀ། །དེ་ཚེ་དྲུང་ནས་བྱུང་བར་འགྱུར། །གངས་རྀ་ཤར་ཕྱོགས་རྒྱ་མཚོའི་དྲུང་། །དེ་ན་གནས་ཤྀང་རྟེན་པ་ཡྀ། །འགྲོ་བ་ཐམས་ཆད་ཀུན་ཀྱི་ཡང་། །རྒྱལ་རིགས་དེ་ནྀ་རྒྱལ་པོ་བྱེད། །གེ་སར་རྒྱལ་པོ་སྲིད་བདེ་འདོད་དང་། །བྱིན་དའི་གསེབ་ན་གནས་པ་དག། །རྟག་པར་དེ་ལ་རྟེན་གྱང་འཆའ། །།ཡུལ་ཀྱི་དབུས་ན་གནས་པ་དང་། །རྫོང་ན་འཁྲ་ཞིང་རྟེན་འཆ་དང་། །རྒྱ་མཚོའི་འགྲམ་ན་གནས་པ་སྟེ། བྱང་དང་ཤར་ན་རྟེན་ཆ་བའི། །།སེང་གེ་བཏགས་པ་འགྲོ་དང་འོང་། །”ཞེས་པ་དང་། བཀའ་འགྱུར་ལས། “དེ་ནི་སེང་གེ་ལྔ་ཞེས་བྱ། །ཕམ་ནས་རྒྱལ་པོས་གཞན་ཡང་ཕམ། །སེང་གེ་ལས་སྐྱེས་ཐམས་ཅད་དེའང་། །དེ་ཚེ་རྩ་ནས་རྣམ་པར་བཤིག །གངས་ཅན་ནང་དང་ཤར་ཕྱོགས་དང་། །རྒྱ་མཚོ་བཅུ་ཡི་འགྲམ་གནས་ནས། །དེ་ཚེ་རྒྱལ་རིགས་བརྒྱད་པོ་དེ། །ཡུལ་མི་དག་ནི་ཀུན་ལ་སྤྱོད། །ལྷ་སོགས་སེང་གེ་རྒྱལ་པོ་ནི། །གཡོན་ཅན་གཞན་ལ་བརྟེན་པ་དང་། །འབིགས་བྱེད་ནང་ན་གནས་པ་ལ། །དེས་ཀྱང་རང་གི་རྒྱལ་པོ་བྱས། །བགྲོད་དཀའ་ཞེས་བྱའི་ཡུལ་དབུས་སུ། །དུག་ཅེན་རྒྱལ་བས་རྣམ་རྒྱལ་བྱས། །བྱང་ཤར་ཀུན་ལ་གནས་པ་ཡི། །སེང་གེ་ཞེས་བྱ་དེ་བཞིན་གཞན། །”ཞེས་པ་གཉིས་གཤིབ་བསྡུར་གྱིས་བལྟས་ན། ཏུན་ཧོང་ཡིག་རྙིང་གི་ཀེ་ས་ར་ཞེས་པ་སེང་གེ་ཞེས་བསྒྱུར་བ་དང་། གེ་སར་རྒྱལ་པོ་ཞེས་པ་ལྷ་སོགས་སེང་གེ་རྒྱལ་པོ་ཞེས་བསྒྱུར་ཡོད། དེས་ན་ཀེ་ས་ར་ཞེས་པ་བོད་སྐད་དུ་གེ་སར་ཞེས་ཚིག་སྡུད་བརྒྱབ་མོད། གེ་སར་དེ་སེང་གེ་ཞེས་བསྒྱུར་དགོས་པ་ནི་“ཀེ་ས་རཱིན྄་ཞེ་ན་སེང་གེའི་མིང་། རལ་ཅན།”[8]ཞེས་འགྲེལ་བ་དང་འབྲེལ་བ་ཡོད་དམ། ཡང་ན་གེ་སར་ཞེས་པ་ཡང་སྙིང་སེང་གེ་རལ་པ་ཅན་ཏེ་སེང་ཕ་ལ་གོ་བས་སེང་གེ་ཆེན་པོ་ཞེས་བསྒྱུར་སྙམ། ད་དུང་བྱིན་དའི་ནང་ན་གནས་ཞེས་པ་དེ་འབིགས་བྱེད་ནང་ན་གནས་ཞེས་བསྒྱུར་ཡོད། འདི་ནི་བིནྡྷཿཞེས་པ་བྲིས་ནོར་ཤོར་ཏེ་བྱིན་ད་ཞེས་བྲིས་མོད། དོན་གྱིས་རི་བོ་འབིགས་བྱེད་རེད་ཅེས་དགེ་བཤེས་ཀོའུ་བ་བརྩོན་འགྲུས་ལགས་ཀྱིས་གསུངས། དེས་ན་འབིགས་བྱེད་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་གྱི་རི་རྩེ་མོ་ཤིན་ཏུ་རྣོ་བ་རཱ་མེ་ཤ་རི་ཞེས་གྲགས། ད་དུང་ཚིགས་བཅད་འདིའི་གོང་འོག་ན་མ་ག་དྷ་སོགས་ཀྱི་ས་མིང་ཡོད་དེ། གྲོང་ཁྱེར་མ་ག་དྷ་ནི་“རྒྱ་གར་གྱི་ཡུལ་དབུས་སུ་ཡོད་པའི་གནའ་རབས་ཀྱི་གྲོང་ཁྱེར་ཞིག་གི་མིང་སྟེ། དེང་སང་ཧིན་རྡུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་གཏོགས་པི་ཧར་མངའ་སྡེའི་ལྷོ་ཕྱོགས་སུ་ཡོད་ཅིང་། སློབ་དཔོན་ཐང་ཟན་ཛང་གི་ལམ་ཡིག་བོད་སྐད་དུ་བསྒྱུར་བ་ལས། རྒྱ་གར་ཡངས་པ་ཅན་གྱི་ལྷོ་ཕྱོགས་སུ་ཆུ་བོ་གངྒ་བརྒལ་མ་ཐག་ཏུ་ཡོད་པ་དང་། ཡུལ་དེའི་ལྷོ་ནུབ་ཀྱི་མཚམས་ལེ་དབར་བཞི་བརྒྱའི་ས་ན་ཆུ་བོ་ནེ་རཉྫ་དང་། དེ་ནས་ལེ་དབར་དྲུག་ལྷག་ཙམ་སོང་བའི་ལྷོ་ནུབ་ཏུ་རྡོ་རྗེ་གདན་མཆོད་རྟེན་དང་། མ་ཧཱ་བོ་དྷིའི་གཙུག་ལག་ཁང་། དེའི་མདུན་དུ་བྱང་ཆུབ་ཀྱི་ཤིང་བཅས་ཡོད་པར་གསུངས་ཤིང་། མ་ག་དྷ་ཞེས་པའི་གོ་དོན་ནི་ཡུལ་དབུས་ཀྱི་ལྟེ་བ་སྟེ། འདི་ལ་ཁ་ཅིག་གིས་བྱིང་འཛིན་དང་འགའ་ཞིག་གིས་ཉམས་དཀའ་[དགའ་]ཞེས་བསྒྱུར་ཀྱང་རང་ལུགས་སུ་དབུས་གྱུར་འཆང་ཞེས་པ་ཡིན།”[9]ཞེས་གསུངས་པས། གོང་གི་ཚིགས་བཅད་འདི་རྣམས་རྒྱ་གར་དང་བལ་པོ་སོགས་ཀྱི་རྒྱལ་རབས་གསལ་བའི་ལུང་བསྟན་ཡིན་པ་མངོན་གསལ་རེད། 
          དེས་ན་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བོད་བཙན་པོའི་རིང་གི་ལོ་ཙཱ་བས་གེ་སར་རྒྱལ་པོ་ཞེས་བསྒྱུར་བ་དང་། དུས་རབས་བཅུ་གཅིག་པའི་བོད་སིལ་བུར་ཐོར་བའི་རིང་གི་ལོ་ཙཱ་བས་སེང་གེ་རྒྱལ་པོ་ཞེས་བསྒྱུར་བ་ཅིའི་ཕྱིར་རེད་ཅེ་ན། འདི་ནི་ལོ་ཙཱའི་གཞུང་ལུགས་དང་འབྲེལ་བ་ཡོད་དེ། ལོ་ཙཱ་བས་འགྱུར་ཡིག་དེ་བོད་རང་གི་སྐད་ལ་བསྟུན་དགོས་པ་ཆོས་ཉིད་ཡིན་པས་ཐོག་མར་གེ་སར་རྒྱལ་པོ་ཞེས་བསྒྱུར་བ་དང་། “དེ་ནི་འགོས་ལོ་དང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་བལ་པོའི་ལོ་རྒྱུས་ཡིན་པ་མ་མཁྱེན་པར། བོད་ཀྱི་ལོ་རྒྱུས་ལ་སྦྱར་ནས་འགྲེལ་བཤད་གནང་བ་”དང་ཆ་འདྲ་མོད། འོན་ཀྱང་མི་ལོ་སུམ་བརྒྱ་འགོར་རྗེས་ཀྱི་ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐབས་སུ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དེ་བོད་དུ་ཐེངས་མང་པོར་བསྒྱུར་ཟིན་པས། ལེགས་སྦྱར་སྐད་ཀྱི་སེངྒེ་ཞེས་པའང་བོད་མི་ཡོངས་ཀྱིས་དང་དུ་བླངས་ཟིན་པ་ལས། མུ་མཐུད་དུ་གེ་སར་རྒྱལ་པོ་ཞེས་བསྒྱུར་ན་བོད་བཙན་པོའི་རིང་དང་དེའི་ཡར་སྔོན་གྱི་བྱང་ཕྱོགས་གེ་སར་དམག་གི་རྒྱལ་པོར་གོ་ཉེན་ཡོད་པས་ཡིན་སྙམ། 
          ལྔ་པ། གེ་སར་སྒྲུང་དང་འབྲེལ་ནས་སེང་གེ་རྒྱལ་པོ་ཞེས་པར་དཔྱད་པ།
          སྤྱིར་གེ་སར་རྒྱལ་པོ་ཞེས་པའི་ཐ་སྙད་འདི་གེ་སར་སྒྲུང་མ་བྱོན་གོང་ནས་ཡོད་དེ། གཉའ་ཁྲི་བཙན་པོའི་ཡར་སྔོན་དུ། “དེ་ལྟར་བོད་ཡུལ་མི་ཡི་འགྲོ་བ་དར། །དེ་ཚེ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་། །མཐའ་མར་རྒྱལ་ཕྲན་བཞི་བཅུས་མངའ་དབང་བྱས། །རྒྱལ་ཕྲན་དེ་རྣམས་འཐབ་རྩོད་གསོད་གཅོད་དགའ། །ལེགས་ཉེས་མི་རྩི་བཀྱོན་འབེབས་བཙོན་རར་འཛུད། །མཐའ་བཞིའི་རྒྱལ་པོས་རྟག་ཏུ་མནར་ཞིང་གཙེ། །རྒྱ་ནག་རྒྱལ་པོ་ཤིང་ལ་སྦྲུལ་ལྟར་འཁྲི། །རྒྱ་གར་རྒྱལ་པོ་ལུག་ལ་སྤྱང་ལྟར་འཇབ། །སྟག་གཟིག་རྒྱལ་པོ་བྱ་ཁྱུར་ཁྲ་ལྟར་རྒྱུག །གེ་སར་རྒྱལ་པོ་ཤིང་ལ་རྟ་[སྟ་]ལྟར་འཚབ། །འཐབ་ཏུ་མི་ཐུབ་བོད་ལ་དམག་གྲངས་ཉུང་། །ཡུལ་གཞན་འགྲོ་རུ་རྒྱལ་ཕྲན་གྱིས་མི་སྟེར། །ཐང་ལ་མི་ཆགས་བྲག་རི་བཙན་པོ་འཛིན། །བཟའ་བཏུང་མི་རྙེད་བཀྲེས་སྐོམ་སྡུག་བསྔལ་ཆེ། །བོད་ཡུལ་མི་རྣམས་རབ་ཏུ་སྡུག་བསྔལ་ཆེ། །འཕགས་པའི་ཐུགས་རྗེས་བྱིན་གྱིས་བརླབས་པ་ཡིས། །གཉའ་ཁྲི་བཙན་པོ་བོད་ཡུལ་རྗེར་གཤེགས་ནས། །བོད་འབངས་བདེ་ཞིང་སྐྱིད་པར་མཛད་པ་ཡིན། །”[10]ཞེས་པ་ལྟར། མཐའ་བཞིའི་རྒྱལ་པོ་ཞེས་པ་བོད་དབུས་སུ་བྱས་པའི་ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ན་ཡོད་པ་དང་། དེའི་ནང་གི་གེ་སར་རྒྱལ་པོ་དེ་བྱང་ཕྱོགས་ན་ཡོད། དེང་སང་གི་ཁམས་དང་ཨ་མདོའི་འབྲོག་པའི་ས་ཆ་རྣམས་དེ་དུས་གེ་སར་དམག་གི་རྒྱལ་པོའི་ས་ཕྱོགས་ཡིན་པ་འདྲ་སྟེ། “དེ་ནས་གེ་སར་དམག་གི་རྒྱལ་པོ་ཡི། །སྤྱི་དོན་སུམ་ཅུ་ཐམ་པ་བཤད་པ་ནི། ཕ་ནི་ཁྲི་གསུམ་ཁྲི་བཞེར་རྒྱལ་བ་ཡིན། །མ་ནི་བྱང་བཙུན་སྔོན་མོ་ཞེས་སུ་གྲགས། །ཁོ་རང་མིང་ནི་སྟག་བཞེར་ཁྲམ་རྒྱལ་ཟེར། །བཙུན་མོ་ལེགས་བཙུན་སྒྲོལ་མ་བྱ་བ་ཡིན། །བློན་པོའི་མིང་ནི་ཛི་ན་མི་དྲ་ཡིན། །སྲས་ནི་མདུང་རྩེ་གསུམ་པ་ཞེས་སུ་གྲགས། །ཡུལ་ཕྱོགས་བྱང་ཡིན་སྐར་མ་སྨིན་བདུན་འོག །ཕོ་བྲང་ལྕགས་མཁར་གླིང་དགུ་རྩེ་མཐོན་ཡིན། །འབངས་ནི་ལྷ་ཡི་རིགས་ཀྱི་མི་སྡེ་བཞི། །བསྐོ་ལུགས་ཕྱོགས་བཞིར་དཔག་ཆེན་མདའ་བཞི་འཕངས། །དུས་གཅིག་སུས་ཟིན་དེ་ལ་བསྐོ་བ་ཡིན། །འདུལ་བའི་སྟོན་པ་ལྷ་མོ་པན་རྩི་ཀ། །མཛད་པའི་ལས་སུ་ཕ་རོལ་དགྲ་དཔུང་འཇོམས། །གནོད་པའི་དགྲ་རུ་རུས་སྦལ་ནག་པོ་འོང་། །བབས་པའི་བདུད་དུ་མཚོན་གྱི་སྐལ་པ་འབབ། །འགེལ་བའི་ཁལ་ནི་གྱི་ལིང་རྟ་ལ་འགེལ། །ནོར་དུ་ལྕགས་ཀྱི་དུང་རྩེ་སྤྱོད་པ་ཡིན། །གོས་སུ་ཤིང་བལ་བཏགས་པ་གོན་ནོ་སྐད། །ཟས་སུ་ཤིང་ཏོག་སྣ་ཚོགས་ཟ་བ་ཡིན། །སྐད་ནི་ཀ་ར་ན་ཞེས་ལྷ་མིན་སྐད། །ཆད་ཁུངས་དང་པོ་བྱ་རྒྱལ་རྒོལ་[རྒོད་]ལས་ཆད། །སྤྱོད་པ་བོད་ལ་ཤིང་ལ་སྟེ་[སྟ་]ལྟར་འཚབ། །གླིང་དང་དུས་ཚོད་གནས་རིགས་སྐྱེ་གནས་དང་། །ཚེ་ཚད་ལུས་ཚད་རྒྱལ་པོ་བཞི་ཀ་མཐུན། །དེ་ནི་གེ་སར་དམག་གི་རྒྱལ་པོའི་ལོ་རྒྱུས་སོ། །”[11]ཞེས་པ་རྒྱལ་རབས་རིན་ཆེན་སྤུངས་པ་ལས་དྲངས་པར་བཤད་པ་དང་། འདིའི་ནང་གི་“བློན་པོའི་མིང་ནི་ཛི་ན་མི་དྲ་ཡིན།”ཞེས་པ་ནི་“ལེགས་སྦྱར་སྐད་དེ། བོད་སྐད་དུ་རྒྱལ་བའི་བཤེས་གཉེན་ཞེས་སུ་གྲགས་པ་འདི་ནི་སྤྱི་ལོའི་དུས་རབས་བརྒྱད་པར་ཁ་ཆེའི་ཡུལ་དུ་བྱུང་བའི་ནང་པའི་པཎྜི་ཏ་ཆེན་པོ་ཞིག་ཡིན་ཞིང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཁོང་བོད་ལ་གདན་དྲངས་ཏེ་བཀའ་དང་བསྟན་བཅོས་མང་དུ་བསྒྱུར་བ་དང་། འདུལ་བའི་བསྟན་པ་སྤེལ་བ་སོགས་བོད་ལ་དྲིན་ཅན་ལོ་པཎ་གསུམ་གྱི་ཡ་གྱལ་དུ་གྱུར་བའོ། །”[12]ཞེས་པ་ལྟར། པཎྜི་ཏ་འདི་པ་བྱང་ཕྱོགས་གེ་སར་དམག་གི་རྒྱལ་པོའི་བློན་པོར་ཡང་བསྡད་མྱོང་བས། ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་གེ་སར་དམག་གི་རྒྱལ་པོ་དེ་གཉའ་ཁྲིའི་ཡར་སྔོན་གྱི་གེ་སར་རྒྱལ་པོ་དང་མི་འདྲ་བར། འདིས་ཀྱང་སངས་རྒྱས་ཆོས་ལུགས་ལ་བློ་ཁ་ཕྱོགས་ཡོད་པ་མཚོན་ཞིང་། གེ་སར་དམག་གི་རྒྱལ་པོའི་ས་ཆའང་གནའ་བོའི་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་སྒོ་ཆེན་པོའི་ཁོངས་སུ་གཏོགས་པས་རེད་སྙམ་སྟེ། “བོན་གྱི་ལོ་རྒྱུས་ལས། ཞང་ཞུང་གི་རྒྱལ་པོ་ཁྲི་ཝེར་ལ་གུ་ལང་གསེར་གྱི་བྱུ་རུ་ཅན་ལ་སོགས་པ་གྲགས་ཆེ་བ་བཅོ་བརྒྱད་བྱུང་བ་དེ་དག་གིས་ཞང་ཞུང་སྒོ་ཕུག་བར་གསུམ་སྟེ་མདོ་སྨད་ཀྱི་ཕྱོགས་ལ་སྒོ་དང་། དབུས་གཙང་གི་ཕྱོགས་ལ་བར། མངའ་རིས་ལ་དྭགས་ཀྱི་ཕྱོགས་ལ་ཕུག་ཅེས་བརྗོད་པར་བཤད།”[13] འདིས་ཀྱང་«མགོ་ལོག་རུས་མཛོད་»དང་«མདོ་སྨད་ཆོས་འབྱུང་»ནང་གེ་ཡི་མིང་ཅན་མང་བ་དེར་འགྲེལ་ཐུབ་ཀྱང་གཞན་དུ་སྤེལ་ཆོག དེ་ནས་«བློན་པོ་བཀའི་ཐང་ཡིག་»ནང་ཡུལ་ཁམས་རྒྱ་བསྐྱེད་མཐའ་དམག་རྣམས་བཏུལ་བའི་སྐབས། “གེ་སར་རྒྱལ་པོ་བོད་ལ་རྟ་[སྟ་]ལྟར་འཚབ། །རྫུ་འཕྲུལ་ཡ་མ་ཟུང་གིས་གེ་སར་བཏུལ། །འཕྲུལ་ཐབས་སྒྱོགས་དང་ལག་ཆ་གོ་མཚོན་བྱུང་། །བོད་དཔུང་འདྲིལ་བས་གེ་སར་འོག་ཏུ་འདུ། །”[14]ཞེས་གསུངས་པ་ནི་གེ་སར་རྒྱལ་པོ་དེ་བོད་བཙན་པོའི་མངའ་འོག་ཏུ་བཅུག་ཚུལ་ཡིན་ཏེ་ཕལ་ཆེར་གོང་གི་ཁྲི་སྲོང་ལྡེའུ་བཙན་རིང་གི་པཎྜི་ཏ་ཆེན་པོ་ཛི་ན་མི་དྲའི་བཀའ་དྲིན་ཡིན་རྒྱུ་རེད་སྙམ། གེ་སར་འོག་ཏུ་འདུ་བ་དེའང་དྲག་པོའི་དམག་གི་གཡུལ་འགྱེད་ལ་བརྟེན་པ་མ་ཡིན་པར་“རྫུ་འཕྲུལ་ཡ་མ་ཟུང་”ལ་བརྟེན་པ་ཡིན་པར་མ་ཟད། ད་དུང་“འཕྲུལ་ཐབས་སྒྱོགས་དང་ལག་ཆ་གོ་མཚོན་བྱུང་། །”ཞེས་པ་ནི་གེ་སར་རྒྱལ་པོས་བོད་བཙན་པོའི་དམག་དཔུང་ལ་མཛད་རྗེས་བཞག་པ་ཡིན་ནོ། །དེ་ནས་“ཡུལ་ཕྱོགས་བྱང་ཡིན་སྐར་མ་སྨིན་བདུན་འོག །”ཅེས་པ་བྱང་ཕྱོགས་སྐར་མ་སྨེ་བདུན་(北斗七星)ལ་གོ་བ་དང་། “འགེལ་བའི་ཁལ་ནི་གྱི་ལིང་རྟ་ལ་འགེལ། །”ཞེས་པ་ནི་དུས་ཕྱིས་བོད་ཆོལ་ཁ་གསུམ་ལས་མདོ་སྨད་ནི་རྟའི་ཆོལ་ཁ་ལ་གོ་བར་ཐོད་ཐུག་ཅིང་། “ནོར་དུ་ལྕགས་ཀྱི་དུང་རྩེ་སྤྱོད་པ་ཡིན། །གོས་སུ་ཤིང་བལ་བཏགས་པ་གོན་ནོ་སྐད། །ཟས་སུ་ཤིང་ཏོག་སྣ་ཚོགས་ཟ་བ་ཡིན། །”ཞེས་པའང་ཁམས་དང་ཨ་མདོའི་འབྲོག་པའི་ས་ཆ་འདི་རོང་བ་དང་རྒྱ་ནག་ས་ཆར་ཐག་ཉེ་བས་དུང་རྩེ་(铜子)དང་། ཤིང་བལ། (棉花)ཤིང་ཏོག་སྣ་ཚོགས་(各种水果)ལོངས་སུ་སྤྱོད་བདེ་བ་ཡིན་ནོ། ། 
          དེ་ལྟར་ཁམས་དང་ཨ་མདོའི་འབྲོག་པའི་ས་ཆ་ནས་དར་བའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གིས་ཀྱང་གེ་སར་རྒྱལ་པོ་ཞེས་པའི་མིང་འདི་རྒྱུད་འཛིན་བྱས་པ་ལས། ཐོག་མ་ཉིད་ནས་འགོག་ཚ་ཇོ་རུ་ལ་གེ་སར་རྒྱལ་པོ་ཞེས་འབོད་པ་མིན་ཏེ། «རྨ་ཤེལ་བྲག་»གི་སྐབས་སུ། “ཁྲོ་ཐུང་དེ་རྒྱལ་པོ་ཆེན་པོའི་གཟི་བརྗིད་དང་སྔོན་དུ་གཡོ་ཚིག་བྱས་པ་སོགས་ཀྱིས་སྐྱེངས་ཆི་ལེ་འཇིགས་ཞུམ་མེར་ཡོད་པ་ན། ཅི་ཆ་མེད་པར། ཡ་ཨ་ཁུའི་ཚ་བོ་ཁྱོད་དེ་རིང་གེ་སར་རྒྱས་པ་འདྲ་ཟེར་བ་དང་།”[15] གླིང་རྗེ་གེ་སར་རྒྱལ་པོས། “དེ་རིང་ཕ་ཁུའི་རྟེན་འབྲེལ་མིང་། །མ་སངས་གེ་སར་རྒྱལ་པོ་སྟེ། །ལྷ་ཕྲུག་སྐྱེས་བུ་དོན་གྲུབ་ལ། །མིང་བོས་ན་ནོར་བུ་དགྲ་འདུལ་ཟེར། །དེ་གོང་མ་ལྷ་ཡི་མིང་བཏགས་རེད། །”[16]ཅེས་པ་ལྟ་བུ་དང་། «རྟ་རྒྱུག་རྒྱལ་འཇོག་»གི་སྐབས་སུ། “ཕུ་བོ་རྒྱ་ཚ་ཞལ་དཀར་དེས། །ང་ལ་ཇོ་རུ་བཏགས་ལེ་ཡིན། །གོང་མ་ལྷ་ཡི་མིང་བཏགས་ལ། །འཛམ་བུ་གླིང་གི་སྐྱེས་མཆོག་དང་། །གེ་སར་ནོར་བུ་དགྲ་འདུལ་གསུངས། །རང་མིང་སེང་ཆེན་རྒྱལ་པོ་ཟེར། །ནག་པོ་བདུད་ཀྱི་ཁ་གནོན་ཡིན། །སེར་པོ་ཧོར་ཀྱི་གཉའ་ཤིང་ཡིན། །”[17]ཞེས་པ་ལས་“རང་མིང་སེང་ཆེན་རྒྱལ་པོ་ཟེར། །”ཞེས་པ་འདི་གལ་ཆེ་སྟེ། སེང་ཆེན་རྒྱལ་པོ་ཞེས་པ་འདི་གོང་གི་བཀའ་འགྱུར་གཞུང་གི་སེང་གེ་རྒྱལ་པོ་དང་འབྲེལ་བ་ཧ་ཅང་ཆེ་སྟེ། ཁམས་དང་ཨ་མདོའི་འབྲོག་པའི་ས་ཆར་དུས་ད་ལྟའང་ད་དུང་“གླིང་གེ་སར་”དང་“གླིང་སེང་ཆེན་”གཉིས་དོན་གཅིག་མིང་གི་རྣམ་གྲངས་ལྟར་འབོད་ཀྱིན་ཡོད་དེ། གླིང་གེ་སར་ཞེ་ན་གླིང་སེང་ཆེན་ཡིན་པ་དང་། གླིང་སེང་ཆེན་ཞེ་ན་གླིང་གེ་སར་རང་རེད། འདི་ལ་རྩིས་རིག་གི་འདྲ་མཚུངས་ཀྱི་རྟགས་ཤིག་བཀོད་ན་འདི་ལྟ་སྟེ། གླིང་གེ་སར།=གླིང་སེང་ཆེན། ཐོག་མར་ལེགས་སྦྱར་སྐད་ཀྱི་ཀེ་ས་ར་དེ་གེ་སར་ཞེས་ཚིག་སྡུད་བརྒྱབ་མོད། འོན་ཀྱང་གེ་སར་ཞེས་པ་ད་དུང་ཞང་ཞུང་སྐད་དུའང་ནང་དོན་ཞིག་ཡོད་པ་ནི་སེང་གེ་རལ་པ་ཅན་ཏེ་སེང་ཕ་ལ་གོ་བས་སེང་ཆེན་ཞེས་འབོད་པ་ཡིན་སྙམ། ཡང་འདྲ་མཚུངས་ཀྱི་རྟགས་དེ་གོ་ཇེ་སླར་བཏང་ན་འདི་ལྟ་སྟེ། གེ་སར།=སེང་ཆེན། 
          དེས་ན་གོང་གི་དུས་རབས་བརྒྱད་པའི་བན་དེ་དར་མ་ཏ་ཤི་ལའི་ཏུན་ཧོང་ཡིག་རྙིང་དུ་གེ་སར་རྒྱལ་པོ་ཞེས་པར། དུས་རབས་བཅུ་གཅིག་པའི་དགེ་སློང་ཤཱཀྱ་བློ་གྲོས་ཀྱི་འགྱུར་དུ་སེང་གེ་རྒྱལ་པོ་ཞེས་བསྒྱུར་བ་ལ་རྒྱུ་མཚན་གཞན་ཞིག་ཀྱང་ཡོད་དེ། ཡང་སྙིང་གེ་སར་ཞེས་པ་བོན་གྱི་སྐུ་ལྷ་གེ་ཁོད་དང་། གཉན་ཆེན་སྐུ་ལྷ་གེ་འཛོ་ཇི་བཞིན་གནའ་བོའི་ཞང་ཞུང་གི་སྐད་ཅིག་ཡིན་པ་དང་། གེ་ཁོད་ཅེས་པ་ནི། “གེ་ནི་བདུད་དང་། ཁོད་ནི་འདུལ་ཞེས་པ་སྟེ་དོན་དུ་བདུད་འདུལ་ཞེས་པའོ། །”[18]ཞེས་པ་དང་། ད་དུང་ཀརྨ་པཀྵི་ཆོས་ཀྱི་བླ་མས་(1204—1283)མཛད་པར་གྲགས་པའི་«སེང་ཆེན་སྐྱེས་བུ་དོན་འགྲུབ་ལ་བསང་མཆོད་འབུལ་ཚུལ་ལགས་སོ། །»ཞེས་པར། “གཉན་ཆེན་སྐུ་ལྷ་གེར་མཛོད་ནི། མི་ལུས་སེང་གེའི་མགོ་བོ་ཅན། སེང་མགོ་གཡུའི་རལ་བ་ཅན། སྐུ་ལ་གསེར་ཁྲབ་སྙེགས་སེ་སྙེག”[19]ཅེས་པ་ལྟར། གེར་མཛོད་ལ་གེ་འཛོ་ཞེས་ཀྱང་འབྲི་སྟེ། ཁོང་ནི་ལྷ་གླིང་སྐབས་སློབ་དཔོན་གྱིས་ལྷ་ཕྲུག་མི་ཡུལ་དུ་འཁྲུངས་པར་“ཆགས་པའི་ས། ཆུན་པའི་སྡེ་”སོགས་བོད་ཡུལ་གླིང་དགུ་ལ་གབ་ཙེ་དགུ་བསྐོར་དུས། ལྷ་ཕྲུག་མི་ཡུལ་དུ་འཁྲུངས་པར་“ཕ་ཡབ་གཉན། མ་ཡུམ་ཀླུ་”སོགས་དགོས་པར། འབྲི་རྫ་ཟལ་མོ་སྒང་གི་བར་གླིང་དང་དམུ་བའི་ས་མཚམས་ན་“ཕ་ཡབ་གཉན་ཆེན་གེ་འཛོས་ཆོག”[20]ཟེར་བ་དེ་ཡིན་ཞིང་།(སེང་བློན་ནི་འཇིག་རྟེན་གྱི་རུས་ཡབ་ཡིན།) དེས་ན་ཕ་ཡབ་གཉན་ཆེན་གེ་འཛོ་དེ་མི་ལུས་སེང་གེ་མགོ་བོ་ཅན་ཞིག་ཡིན་ན། ཇོ་རུས་རྟ་རྒྱུག་རྒྱལ་འཇོག་གི་རྒྱལ་ཁ་བླངས་རྗེས་མཚན་ལ་གེ་སར་རྒྱལ་པོའམ། ཡང་ན་སེང་ཆེན་རྒྱལ་པོ་ཞེས་གསོལ་བ་འོས་ཤིང་འཚམས་པ་ཡིན་ཏེ། “གེ་སར་ཞེས་པ་ནི་སྐུ་ལྷ་གེ་ཁོད་ཀྱི་མཛད་པ་སྐྱོང་བའི་ཕོ་སར་རམ། གཉན་ཆེན་གེ་འཛོའི་རྒྱུད་ཀྱི་ཕོ་སར་ཡིན་པས་ན་གེ་སར་ཐོགས་པ་འདྲ་”[21]ཞིང་། སེང་ཆེན་ཞེས་པ་ནི་སེང་གེའི་ཕྲུ་གུ་ལ་གཉོམ་ལག་རྒྱས་པ་མཚོན་པས་སེང་ཆེན་ཞེས་གསོལ་བའོ། །དེ་ལྟར་གླིང་གེ་སར་ནོར་བུ་དགྲ་འདུལ་ལ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་འབོད་ཆོག་པ་དང་། གླིང་སེང་ཆེན་ནོར་བུ་དགྲ་འདུལ་ལ་གླིང་གེ་སར་ནོར་བུ་དགྲ་འདུལ་ཞེས་ཀྱང་འབོད་ཆོག འོན་ཀྱང་གླིང་གེ་སར་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་འབོད་མཁན་མེད་པ་དང་། གླིང་སེང་ཆེན་གེ་སར་ནོར་བུ་དགྲ་འདུལ་ཞེས་འབོད་མཁན་ཡང་ཕལ་ཆེར་མེད་དོ། ། 
          ད་དུང་“སེང་ཆེན་ནོར་བུ་དགྲ་འདུལ་ང་། །ལས་ནི་དྲག་པོའི་དམག་ལ་བྱས། །དོན་ལ་སྐྱེ་འགྲོའི་བདེ་སྐྱིད་སྤེལ། །གྲོགས་སུ་སངས་རྒྱས་བསྟན་པ་བཙུགས། །ཁྲིམས་སུ་དགེ་བཅུའི་དམ་ཆོས་བསྒྲུབས། །ནག་པོ་བདུད་ཀྱི་རྒྱལ་བློན་ཚོར། །བཤད་ན་དམ་ཆོས་གོ་ལེ་མིན། །བསྟན་ན་རྒྱུ་འབྲས་བརྩི་བ་མིན། །བཙན་ཐབས་དྲག་པོས་མ་བསྒྲལ་ན། །ཐུགས་རྗེ་ཞི་བའི་འདུལ་སྐལ་མེད། །དེ་ཚོ་མངོན་སུམ་འདུལ་བའི་ཕྱིར། །དྲག་པོ་དམག་གི་རྒྱལ་པོ་ཡིན། །”[22]ཞེས་པ་འདི་གོང་གི་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་ཀྱི་མཐའ་བཞིའི་རྒྱལ་པོ་ལས་གེ་སར་དམག་གི་རྒྱལ་པོ་ཞེས་པ་དེ་དང་གཅིག་མཚུངས་ཡིན་ཏེ། “བསྐོ་ལུགས་ཕྱོགས་བཞིར་དཔག་ཆེན་མདའ་བཞི་འཕངས། །དུས་གཅིག་སུས་ཟིན་དེ་ལ་བསྐོ་བ་ཡིན། །”ཞེས་པ་ནི་གེ་སར་སྒྲུང་ལས་རྟ་རྒྱུག་རྒྱལ་འཇོག་དང་འདྲ་ཞིང་། འདིའི་སྟེང་ནས་གཉའ་ཁྲི་བཙན་པོའི་ཡར་སྔོན་ནས་བཟུང་སྟེ་ཁྲི་སྲོང་ལྡེ་བཙན་བར་དུ་གེ་སར་རྒྱལ་པོ་རབས་དང་རིམ་པ་མང་པོ་ཞིག་བསྐོས་ཡོད་པ་ཤེས་ཤིང་། གེ་སར་རྒྱལ་པོའི་བསྐོ་ལུགས་འདིས་ཀྱང་གེ་སར་སྒྲུང་ལྟར་གནའ་བོའི་དམག་དོན་གྱི་དམངས་གཙོའི་ལམ་ལུགས་ཤིག་མཚོན་ཐུབ་པར་མ་ཟད། “མཛད་པའི་ལས་སུ་ཕ་རོལ་དགྲ་དཔུང་འཇོམས། །”ཞེས་པ་ནི་གེ་སར་སྒྲུང་ལས་ཕྱོགས་བཞིའི་དགྲ་བཞི་འདུལ་བ་དང་རྫོང་ཆེན་བཅོ་བརྒྱད་ཕབ་པའི་དྲག་པོའི་དམག་གི་བྱེད་ལས་སྤེལ་བ་དང་ཡོངས་སུ་མཚུངས་པ་ཡིན་ནོ། ། 
          དེས་ན་གེ་སར་སྒྲུང་གིས་གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་མི་སྣ་(1002-1082)གཞིར་བཟུང་སྟེ།[23] བཙན་པོའི་རིང་གི་དམག་འཁྲུག་གཡུལ་འགྱེད་མང་པོ་མཚོན་ཡོད་པར་མ་ཟད། ད་དུང་གཉའ་ཁྲི་བཙན་པོའི་ཡར་སྔོན་ནས་ཁྲི་སྲོང་ལྡེའུ་བཙན་བར་གྱི་གེ་སར་དམག་གི་རྒྱལ་པོའི་མཚན་བྱང་གི་རྒྱུན་བཟུང་ཡོད་པ་དང་། གེ་སར་ཞེས་པ་ལ་སེང་གེ་ཆེན་པོའི་གོ་དོན་ཡོད་པའང་རིགས་འདེད་བྱས་ན་མངོན་གསལ་རེད་ཅེས་ཞུའོ། །
          མཆན་དང་ལུང་ཁུངས།
[1] [EB/CD]. http://idp.bl.uk/database/large.a4d?recnum=5232&imageRecnum=94669,2019-4-10. 
[2] སྡེ་སྲིད་སངས་རྒྱས་རྒྱ་མཚོ། «བེེ་ཌུརྱ་སྔོན་པོ» [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་5 
[3] ལྷ་མཆོག་རྒྱལ་དང་ཡུལ་ལྷ་ཐར། «དུས་རབས་རིམ་བྱུང་གི་གངས་ལྗོངས་ལོ་ཙཱ་བ་དང་འཕགས་ཡུལ་པཎྜི་ཏའི་རྣམ་ཐར་ཕྱོགས་བསྒྲིགས» [Z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་186-187 
[4] སྐད་འཕྲིན་ནང་རྒྱང་འཁོར་ཚེ་ཕུན་བརྒྱུད་ལོ་རྒྱུས་སྨྲ་བ་པད་གཞུང་ཟླ་ཆུང་ལ་བཀའ་འདྲི་ཞུས་པའོ། །
[5] སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས།«སྡེ་དགེ་བཀའ་འགྱུར» [Z] སྡེ་དགེ་པར་ཁང་། ཤོག་ངོས་88ཀྱི་ཉིན་ནས་334བར། 
[6] ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་། «བཀའ་འགྱུར» (དཔེ་བསྡུར་མ་)དེབ་གྱ་བརྒྱད་པ། [Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་1044
[7] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། «དུང་དཀར་ཚིག་མཛོད་ཆེན་མོ» [Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་881 
[8] སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས། «སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས» [Z] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996ལོ། ཤོག་ངོས་243
[9] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། «དུང་དཀར་ཚིག་མཛོད་ཆེན་མོ» [Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་1584
[10] དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་155-156 
[11] མཁས་པ་ལྡེའུས་མཛད། «ལྡེའུ་ཆོས་འབྱུང» [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་219-223
[12] ཀྲང་དབྱི་སུན། «བོད་རྒྱ་ཚིག་མཛོད་ཆེན་མོ» [Z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1993ལོ། ཤོག་ངོས་2333
[13] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། «དུང་དཀར་ཚིག་མཛོད་ཆེན་མོ» [Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་1762 
[14] གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པ། «བཀའ་ཐང་སྡེ་ལྔ» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986 ལོ། ཤོག་ངོས་445
[15][16] «གེ་སར་སྒྲུང་ཡིག་ཆེན་མོ། 5 རྨ་ཤེལ་བྲག» [Z] ཧྲང་ཧེ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་25; 25 
[17] «གེ་སར་སྒྲུང་ཡིག་ཆེན་མོ། 4 རྟ་རྒྱུག་ནོར་བུ་ཆ་བདུན» [Z] ཧྲང་ཧེ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་490 
[18] ཤར་རྫ་བཀྲ་ཤིས་རྒྱལ་མཚན། «ལེགས་བཤད་རིན་པོ་ཆེའི་གཏེར་མཛོད» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1987 ལོ། ཤོག་ངོས་336
[19] ཀརྨ་པཀྵི་ཆོས་ཀྱི་བླ་མ། «སེང་ཆེན་སྐྱེས་བུ་དོན་འགྲུབ་ལ་བསང་མཆོད་འབུལ་ཚུལ་ལགས་སོ» ལག་བྲིས་མ། ཤོག་ངོས་12 
[20] «གེ་སར་སྒྲུང་ཡིག་ཆེན་མོ། 1 ལྷ་གླིང་གབ་ཙེ་དགུ་སྐོར» [Z] ཧྲང་ཧེ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་61 
[21] སྨན་ཤུལ་རིན་ཆེན་རྡོ་རྗེ། «གེ་སར་སྒྲུང་དང་གེ་སར་སྒྲུང་གི་རིག་པ» [J] «གེ་སར་སྒྲུང་གི་རིག་གཞུང་དུས་དེབ། (2014)» [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་2 
[22] «གེ་སར་སྒྲུང་ཡིག་ཆེན་མོ། 4 རྟ་རྒྱུག་ནོར་བུ་ཆ་བདུན» [Z] ཧྲང་ཧེ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་490-491 
[23] སྨན་ཤུལ་རིན་ཆེན་རྡོ་རྗེ། «གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་འདས་ལོ་ཚིགས་བསྐྱར་ཞིབ» [J] «བོད་ལྗོངས་ཞིབ་འཇུག» 2017ལོའི་དེབ་བཞི་པ། ཤོག་ངོས་118

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1