༄༅།།མི་ཉག་མགར་ཐར་སོག་རག་སྡེ་བར་ཡོད་པའི་བྲག་རིས་ཀྱི་ཐོག་མའི་རྟོག་ཞིབ།

མི་ཉག་འཇིགས་མེད་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-20



མི་ཉག་འཇིགས་མེད་རྡོ་རྗེ།

        སྤྱི་ལོ་2021ལོའི་ཟླ་2པའི་ཚེས་28ཉིན་མི་ཉག་མགར་ཐར་སོག་རག་སྡེ་པའི་ནང་དུ་ཡོད་པའི་གདོད་མའི་བྲག་རིས་ལ་ཐོག་མའི་རྟོག་ཞིབ་ཏུ་འགྲོ་རྒྱུའི་གོ་སྐབས་བྱུང་། དེ་ཡང་ས་གནས་དེ་ག་རང་ནས་ཡིན་པའི་ཨ་སྒོང་བླ་མ་དར་མ་ལགས་ཀྱིས་བདག་རྐྱེན་ལམ་ཁྲིད་ལ་བརྟེན་ནས། གདོད་མའི་བྲག་རིས་དེར་པར་ལེན་པ་དང་། སྟབས་བདེའི་ཞིབ་འཇུག་རྟོག་དཔྱོད་བྱེད་པའི་སྐལ་བ་བྱུང་ཞིང་། དེ་ནས་མུ་མཐུད་དེ་ཐེངས་འགར་ཡུལ་དངོས་རྟོག་ཞིབ་ཏུ་བསྐྱོད་པ་ཡིན། ད་ཐེངས་ཀྱི་རྟོག་ཞིབ་འདི་ནི་ཁོ་བོར་མཚོན་ན་ཉག་ཆུ་དང་རྒྱལ་རོང་རྒྱལ་མོ་དངུལ་ཆུ་གཉིས་ཀྱི་བར་རྒྱུད་དུ་གསར་རྙེད་དང་། ཆེས་ཐོག་མའི་རྟོག་ཞིབ་བྱས་པའི་གདོད་མའི་བྲག་རིས་ཨང་གཉིས་པ་ཡིན། དེ་ཡང་ལོ་སྔོན་མར་མི་ཉག་ལྷ་སྒང་ཨ་ཅ་རུ་གསར་ཡུལ་གྱི་བྲག་རིས་རྟོག་ཞིབ་ནི་ཐོག་མ་ཡིན། གདོད་མའི་བྲག་རིས་འདི་ཉིད་ཀྱི་གནས་ཡུལ་ནི། མི་ཉག་མགར་ཐར་བ་སྨད་གྲོང་རྡལ་ནས་ནུབ་བྱང་གི་ཕྱོགས་སུ་སྤྱི་ལེ་30མ་ཟིན་ཙམ་སོང་བའི་མཚམས་ཀྱི་སོག་བཟའ་རག་ཤུལ་སྡེ་པའི་རུ་ཁག་དང་པོའི་སྐས་རིང་མ་ཞེས་པའི་ལུང་ཆུང་དེའི་སྐེད་ཙམ་དང་། ར་ཤེལ་དགོན་པའི་གཡོན་ཀྱི་མདུན་ཕྱོགས་སྐས་རིང་མའི་ལུང་ཕྲན་གྱི་དཀྱིལ་ཨ་སྒོང་ཚང་གི་དགུན་མཚེར་དུ་ཡོད་ཅིང་། ཤ་འུ་གཤིས་སམ་ཤ་ཕོ་གཤིས་ནས་ཕར་རིམ་པ་བཞིན། ཀྱི་ལིང་ཆ། ལུང་ཕུག་ཁོག། །འགྲོ་ཡུལ་ལ། བསྐྱར་འོང་ཁ་རྣམས་བརྒྱུད་ནས་མར་སོང་བས་སྐས་རིང་མའི་ལུང་ཆུང་དུ་སླེབས།

        སོག་རག་ཅེས་པ་ནི་བར་ལམ་ཞིག་ལ། ཡུལ་ཁམས་འདིའི་དཔོན་པོ་སོག་བཟའ་ཚང་དང་། བླ་མ་རག་ཤུལ་ཚང་ཡིན་པས་སོག་བཟའ་རག་ཤུལ་ཞེས་པའི་མིང་བསྡུས་ནས"སོག་རག"ཅེས་འབོད་པར་གྲགས་ལ། ཡུལ་འདི་དང་ཐག་མི་རིང་བའི་སར་རྩག་ཝ་ཉག་རྡུ་གྲོང་བརྒྱ་མའི་ཤུལ་ཏེ་ཁང་ཆག་གི་ནང་དུ་ཤིང་སྡོང་སྐྱེས་པ་ད་ལྟ་ཤིན་ཏུ་ཆེན་པོ་དང་ཡང་ཤིང་སྡོང་མང་པོ་རྩིག་གོག་གི་ནང་དུ་རྙིང་རུལ་དུ་གྱུར་པ་སོགས་མཐོང་དུ་ཡོད་པ་དང་། སུམ་ཅུ་ཀརྨ་གནས་ཞེས་རྒྱལ་བ་བཀའ་བརྒྱུད་པའི་གདན་སའི་ཤུལ་དང་མཚམས་ཁང་སྒྲུབ་ཕུག་མང་དུ་ཡོད་ཅིང་། གཞནགྱི་ལིང་སྟོང་སྡེ་ཞེས་པ་སོགས་ཡུལ་སྡེ་དང་སྒྲུབ་གནས་མང་པོ་ཡོད་པའི་སྐོར་དམངས་ཁྲོད་དུ་བཤད་རྒྱུན་སྣ་ཚོགས་པ་འདུག་ལ། བར་ལམ་ནས་སྐས་རིང་མ་ལུང་པ་ཡོད་ས་ནི་ཀྱི་ལིང་སྟོང་སྡེའི་ཁ་འབྲོག་གི་སྡོད་གནས་ཤིག་ཡིན་པར་གྲགས། བྲག་རིས་འདི་ཉིད་ཀྱི་གནས་ཡུལ་སྐས་རིང་མ་ལུང་ཆུང་ནི་མདོ་ཁམས་ཡུལ་གྱི་གཞི་བདག་ཆེན་མོ་གངས་རི་བཞག་བྲ་ལྷ་རྩེའི་གཡས་ཕྱོགས་ཀྱི་མདུན་དུ་འཁེལ་བ་དང་། ཁམས་ཀྱི་གནས་རི་དང་གཞི་བདག་རྩ་ཆེན་དུ་བརྩི་བའི་གོ་བོ་ནོར་བུ་ལྷ་རྩེ་དང་ཡང་ཐག་རིང་པོ་མེད། ཁྱད་པར་དུ་བྲག་རིས་གནས་ཡུལ་གྱི་རྒྱབ་ཀྱི་རི་རྒྱུད་དུ་ནོར་ཉིས་གཞི་བདག་ཅེས་བཙན་རི་ཤིན་ཏུ་གཉན་པོ་ཞིག་ཡོད་པ་དང་། མདུན་གྱི་ཁ་གཏད་དུ་ར་ཤེལ་དགོན་པའི་མདུན་རི་རྡོ་རྗེ་དཔའ་གཏམ་དང་ལང་རས་གཞི་བདག་གམ་བཙནརི་རྡོ་རྗེ་དྲག་རྩལ་སོགས་གཞི་བདག་གཉན་པོ་མང་པོས་བསྐོར་འདུག 

        བྲག་རིས་ཀྱི་གཡས་ཀྱི་སྟོད་ཕྱོགས་རི་རྒྱུད་དེར། རི་མཐོ་ཡ་མ་ཞེས་གནས་རི་རྩ་ཆེན་ཞིག་ཡིན་པ་ལ། སྔོན་བླ་མ་ཞིག་གིས་གནས་སྒོ་འབྱེད་གྲབས་བྱས་ཀྱང་རྟེན་འབྲེལ་མ་འགྲིགས་པས་དེ་མུར་ལུས་ཞེས་བཤད། ལུང་ཆུང་གི་གཞུང་དུ་ཆུ་ཕྲན་ཞིག་བཞུར་བཞིན་ཡོད་པ་དེར་སྐས་རིང་མའི་ཆུ་ཞེས་འབོད་དེ། དེང་གི་ས་ཁམས་ཆགས་ཚུལ་ལྟར་ན། བྱང་གི་འཕྲེད་ཐིག་30°31'49" དང་། ཤར་གྱི་གཞུང་ཐིག་101°21'8" དང་། མཚོ་འཕགས་སྨི་3939ཡོད་འདུག །འདིར་བྲག་རིས་དངོས་ལ་ཁོ་བོའི་ཐོག་མའི་རྟོག་ཞིབ་བྱས་པ་བརྒྱུད་རགས་ཙམ་གྲངས་སུ་བཏབ་ན། བྲག་རིས་འདིར་འབྲོང་གཡག་ཆེ་ཆུང་ཁྱོན་བདུན་ཡོད་པ་ལས། ཆེ་གྲས་ཀྱི་རིང་ཚད་ལ་ལི་སྨི་25ཙམ་དང་།ཆུང་གྲས་ལ་ལི་སྨི་15ཙམ་རེ་ཡོད་འདུག །འབྲོང་གཡག་དག་ཤ་ཤེད་རྒྱས་ཤིང་རྔམ་ཟིལ་ཆེ་བ། རྔ་མ་གྱེན་དུ་བསླངས་པའམ་འཕྲེད་དུ་བསླངས་ཤིང་རྭ་ཅོ་སྦོམ་ལ་གནམ་དུ་གཟེངས་པའམ་ཐད་དུ་གཟེངས་པ། ད་དུང་ཤིན་ཏུ་ངོ་མཚར་བ་ཞིག་ལ་འབྲོང་གཡག་ཅིག་གི་མགོར་ཐག་པ་བཏགས་ཡོད་པའི་རྣམ་པ་སྟེ། ད་ལྟའི་བར་དུ་མདོ་དབུས་མཐོ་སྒང་གི་བྲག་རིས་རྙིང་པ་ཇི་སྙེད་ཅིགརྙེདསོན་བྱུང་ཡོད་ན་ཡང་འདི་འདྲ་བ་ནི་མཐོང་ལམ་དུ་མེད། ཁོ་བོས་བསམ་ན་གཡག་གི་མགོར་དམུ་ཐག་གིས་བསྡམས་པ་སྟེ་ལྷ་ལ་མཆོད་པ་འབུལ་བའམ་ལྷའི་རྗེས་སུ་བཟུང་བའི་དོན་ཞིག་ལ་འབྲེལ་བ་ཡོད་པར་འདོད། གཞན་རྒྱའི་ཐང་ཡིག་ལས་བྱུང་བའི་①མགྲོན་སླེབས་ཚེ་གཡག་ཅིག་འཁྲིད་ནས་འོངས་པར། མགྲོན་པོ་རང་གིས་མདའ་བརྒྱབ་ནས་བསད་དེ་ཤ་འགྱེད་གཏོང་ཞེས་པ་དེ་ལ་ཡང་འབྲེལ་བ་མེད་མི་སྲིད་པ་ཞིག་མ་རེད། དེ་མིན་རི་མོ་གཞན་པའི་གྲས་སུ་རྟ་གསུམ་དང་། རྟ་པ་གསུམ་ཡོད་པ་ལས། རྟ་པ་གཉིས་ཁ་གཡོན་དུ་འཁོར་ཞིང་། རྟ་པ་ཆེ་གྲས་གཅིག་གཡསསུ་འཁོར་བ། རྟ་པ་ཆེ་གྲས་ལ། ལི་སྨི་20ཙམ་རེ་དང་།བབ་ཆགས་ཤིང་ཤིན་ཏུ་གསལ་པོར་དོད་པའི་ལུག་གི་གཟུགས་བརྙན་གཅིག། །གྱེན་དུ་ལྡིང་ཉམས་ཅན་དང་རྭ་ཅོ་གནམ་དུ་གཟེངས་པའི་ཤྭ་ཕོ་གསུམ་དང་། རྭ་ཅོ་པའི་ཡུ་མོ་གཅིག །ཤྭ་བ་ཆེ་བའི་རིང་ཚད་ལ་ལི་སྨི་20ཙམ་རེ་ཡོད་འདུག་ལ། གསལ་པོར་གྲངས་སུ་འདེབས་མི་ཐུབ་པའི་རི་མོ་ཕྲན་བུ་མང་ཙམ་ཡོད་པ་ལས། ཤིང་ལོའམ་ཤྭ་བའི་རྭ་ཅོ་ལྟར་བྲག་གི་ངོས་སྟེང་དུ་ཡར་བརྐོས་པའི་རི་མོ་ངོ་མཚར་བ་སོགས་འདུག ། བྲག་རིས་གནས་ཡུལ་གྱི་ངོས་དེར་གཉུག་མར་གནས་པའི་མི་དག་གིས་ས་བཙན་ཡུལ་གཉན་ཞིག་ཏུ་བརྩི་སྲོལ་ཡོད་པ་དང་། དེ་དང་འབྲེལ་བའི་གཏམ་རྒྱུདཀྱང་འགའ་རེ་ཤོད་རྒྱུ་འདུག །བྲག་རིས་འདི་ནི་ལུང་པའི་འཁོར་ཕྱོགས་ལྟར་ཁ་ལྷོ་ཕྱོགས་སུ་གཏད་པའི་བྲག་རྡོ་ཁེར་ཆད་ཉི་འོད་དང་ཆར་ཆུ་སོགས་འགོག་མི་ཐུབ་པ་ཞིག་གི་ངོས་སུ་བརྐོས་འདུག་ལ། དུས་ཀྱི་འཁོར་བགྲོད་དང་ཉི་འོད་ཆར་ཆུ་སོགས་ཀྱིས་རྡོ་རྒྱུ་སྲ་མཁྲེགས་ཀྱི་རྣམ་པར་སོང་བ། བྲག་གི་སྟོད་རྒྱུད་ནས་མར་ཕྱོགས་གཉིས་སུ་གྱེས་ཏེ་བྲག་རྩིས་གཡོགས་ཤིང་། རི་མོ་ཕྲན་བུ་འགའ་རེ་ས་འོག་ཏུ་ནུབ་ནས་མི་མངོན་པར་གྱུར་འདུག །བྲག་རྡོའི་མཐོ་ཚད་ལ། ལི་སྨི་230ཙམ་དང་། ཞེང་ཚད་ལ་ལི་སྨི་120ཙམ་འདུག །ཡུལ་མིའི་ངག་རྒྱུན་དུ་བྲག་རིས་དེར"བཙན་གྱི་ཐང་ཁ"ཞེས་འབོད་པར་བཤད་ལ། བཙན་གྱི་ཐང་ཁ་སྟེ་བཙན་གྱི་རི་མོ་ཞེས་པའི་དོན་རེད། བོད་ཀྱི་ལོ་རྒྱུས་ཁག་ཏུ་ཡང་ཆེས་གདོད་མའི་དུས་ནས་མདོ་དབུས་མཐོ་སྒང་དུ་འགྲོ་བ་མིའི་རིགས་འཚོ་སྡོད་བྱས་ཤིང་། རིམ་པར་རིས་རྒྱུད་ཚོ་པ་མཉམ་གནས་དང་། མངའ་མཛད་རྒྱལ་པོ་དང་གཡོག་པོའི་ལམ་ལུགས་དར་བའི་དུས་སྐབས་སུ། མངའ་མཛད་བཅུ་གཉིས་དང་། སིལ་མ་བཞི་བཅུ་སོགས་བྱུང་བར་བཤད། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་སྡུས་②ལས། དེ་རྗེས་གནོད་སྦྱིན་བཙན་གྱིས་མངའ་དབང་མཛད། །ཐུགས་དམར་བཙན་དང་གནོད་སྦྱིན་བོད་དུ་གྲོལ། །རྫ་བྲག་ནགས་ཁྲོད་ཤིང་ལ་གནས་བཅས་ཏེ། །འགྲོ་བ་མི་ལ་ཕན་དང་གནོད་པ་བྱེད། །བཙན་བཅོས་ལ་སོགས་མདོས་གླུད་གཏོང་བ་བྱུང་། །ཡུལ་ལྷ་མཆོད་པས་མི་དང་གཏམ་ཡང་སྨྲ། །ཡུལ་མིང་གདོང་དམར་བཙན་གྱི་ཡུལ་ཞེས་བྱ། །སྔ་རྟགས་གཉན་པོ་བཙན་པ་དེ་ནས་བྱུང་། །ཞེས་དང་། རྒྱལ་པོ་བཀའི་ཐང་ཡིག་ལས། ③བོད་ཡུལ་གངས་རི་རྩེ་དགུའི་རྫོགས་འདི་རུ༔ སྤུ་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང༔ དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ༔ ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས༔ སྔ་རྟགས་གཉེན་པོ་བཙན་པ་དེ་ནས་བྱུང་༔ དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ༔ མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས༔ སྔ་རྟགས་ཤ་བཟའ་གདོང་བ་དམར་བ་བྱུང༔ དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ༔ ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུར་བཏགས༔ སྔ་རྟགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང༔ ཞེས་དང་། བཤད་མཛོད་ཆེན་མོ་④ལས། དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་བོད་ཁམས་གླིང་དགུར་བཏགས། །ཞེས་གསུངས་པ་སོགས་བོད་ཀྱི་སྔ་རབས་བན་བོན་གྱི་ཡིག་ཆ་ཁག་ཏུ་མདོ་དབུས་མཐོ་སྒང་འདིར་ཆེས་གདོད་མའི་དུས་སུ་གནོད་སྦྱིན་དང་བདུད་བཙན་སོགས་རིགས་རྒྱུད་མི་འདྲ་བའི་མངའ་མཛད་ཀྱིས་དབང་བྱས་པར་བཤད་པ་དང་། ཡུལ་འདིའི་བྲག་རིས་ལའང་དམངས་ཁྲོད་དུ་བཙན་གྱི་ཐང་ཁ་ཞེས་བཙན་དང་འབྲེལ་བ་ཡོད་པར་བཤད་པ་ལ་ཏན་ཏན་གོ་བ་གཏིང་ཟབ་མོ་ཞིག་ལེན་རྒྱུ་ཡོད་པར་སེམས། འདིར་ད་ཐེངས་ཁོ་བོས་ཐོག་མར་རྟོག་ཞིབ་བྱས་པའི་བྲག་རིས་ལ་ཡང་། ལོ་སྔོན་མར་རྟོག་ཞིབ་བྱས་ཟིན་པའི་མི་ཉག་ཨ་ཅ་རུ་གསར་གྱི་བྲག་རིས་དང་སྤྱིའི་ཆ་ནས་ཤིན་ཏུ་འདྲ་པོ་ཡོད་པ་སྟེ། བྲག་རིས་ཀྱི་རྣམ་པ་དང་། རྐོ་སྟངས། བརྐོས་རིས་སྒྱུ་རྩལ་རྣམས་ཆུ་ལ་ཆུ་བཞག་ལྟ་བུར་ཡོད་པས། ལོ་སྔོན་མའི་རྟོག་ཞིབ་ཆེད་རྩོམ་དུ་བྲིས་པ་བཞིན་བྲག་རིས་འདི་ཡང་ཤིན་ཏུ་རྙིང་པ་ཞིག་ཡིན་པ་ནི་རི་མོའི་ཉམས་དང་། རི་མོའི་ནང་དོན། རྐོ་བྱེད་ཀྱི་ལགཆ་སོགས་ཕྱོགས་གང་ལ་བལྟས་ན་ཡང་ངེས་ཤེས་འདྲོངས་ཐུབ་པ་ཞིག་རེད་འདུག ། དེ་ཡང་སྔར་ནས་བཤད་པ་བཞིན། དེང་གི་ཞིབ་འཇུག་པ་མང་པོ་ཞིག་གིས་སྤྱི་བམ་གྱིས་གདོད་མའི་བྲག་རིས་ཁག་ནི་སྐབས་དེ་དུས་ཀྱི་མིས་རྔོན་བྱེད་པ་སོགས་འཚོ་བ་རོལ་སྟངས་མཚོན་པ་ཡིན་པར་ོས་འཛིན་བཞིན་ཡོད་མོད། ཁོ་བོས་བསམ་ན་རྔོན་བྱེད་པ་སོགས་སྟབས་བདེའི་འཚོ་བ་རོལ་སྟངས་ཙམ་གྱིས་མི་ཚད་པར། དེའི་ཕུག་ཏུ་བག་ལ་ཉལ་བའི་རྙོག་འཛིང་ཆེ་བའི་མིའི་རིགས་ཀྱི་ཤེས་རིག་དད་མོས་དང་འབྲེལ་བའི་ཞིབ་འཇུག་གི་གསང་བ་མང་པོ་ཞིག་ཡོད་པར་འདོད་བཞིན་ཡོད་ལ། དེ་ཡང་མདོ་དབུས་མཐོ་སྒང་འདིར་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་གྱི་ཡུལ་གྲུ་ཆེན་མོ་འདིར་ཡོད་པའི་བྲག་བརྐོས་རི་མོ་ཁག་ལ་གཅིག་མཐུན་གྱི་ཆ་ཤིན་ཏུ་མང་པོ་ཡོད། དེ་བཞིན་དུ་རྙིང་མ་དང་བོན་གྱི་མདོས་གླུད་ཆོ་ག་དག་གི་ཁྲོད་བྲག་རིས་འདི་དག་ལ་འདྲ་བའི་ཆ་མང་པོ་འབྱུང་བ་རྣམས་ལ་འབྲེལ་བ་ཆེན་པོ་ཞིག་ཡོད་ངེས་ཡིན་པའི་ལྟ་བ་བཟུང་ཡོད། མདོ་དབུས་མཐོ་སྒང་གི་བྲག་རིས་རྙིང་པ་ཁག་གི་རི་མོ་ལ་འབྱུང་མང་བ་ནི། འབྲོང་གཡག་དང་།ཤྭ་བ། རྟ་དང་ལུག་སོགས་རེད། བོན་གྱི་ཡིག་ཆ་རྙིང་པ། དབུ་ནག་མིའུ་འདྲ་ཆག་ལས། ⑤ལྷ་རྟ་དང་དཀར་དང་། ལྷ་གཡག་ཟལ་དཀར་དང་། ལྷ་ལུག་ངོ་དམར་དང་། ལྷ་རྡོ་མཚལ་གྱི་གཡུང་དྲུང་ཅན། འབྲང་རྒྱས་ཞལ་དཀར་དང་། བཅུ་གསུམ་རྟེན་དུ་འཛུགས། ཞེས་དང་། ཡང་། ཤེལ་གྱི་འབྲང་རྒྱས་གཡག་ལུག་དང་།དཀར་དམར་འབྲུ་བཅུད་གསེར་སྐྱེམས་དང་། ཞིམ་བཅུད་ཟས་ཕུད་བདུད་རྩི་དང་། གསུང་སྙན་བོན་གྱི་སྒྲ་དབྱངས་མཆོད། འདིརྣམས་མར་གྱི་ཟེ་བ་ཅན། འདི་རྣམས་གསེར་གྱི་ཡ་གད་ཅན། འདི་རྣམས་སྐྱེམས་ཀྱི་རྩང་ནན་ཅན། སྔ་བཅོལ་ལས་ཀྱི་གཏང་རག་དང་།ད་བཅོལ་ལས་ཀྱི་བསྐུལ་མ། ཕྱི་བཅོལ་ལས་ཀྱི་ནན་ཏན། མོས་ཅིང་གདུང་བའི་མཆོད་པ་ཡི། བདག་དང་རྒྱུ་སྦྱོར་ཡོན་བདག་ལ། ཚེ་དབང་མཐུ་དཔལ་དངོས་གྲུབ་སྩོལ། ཞེས་གསུངས་པ་སོགས་གཡག་དང་ལུག་སོགས་སེམས་ཅན་གྱི་རྣམ་པ་མང་པོ་མོས་ཤིང་གདུང་བས་མཆོད་པའི་རྫས་ཡིན་པར་བཤད་པ་དང་། ཡང་བོན་གྱི་ཡིག་ཆ་རྙིང་པ། མིང་སྲིང་དཔལ་བགོས་དང་ལྷ་འདོགས་⑥ཞེས་པ་ལས། རྒྱ་རྗེ་ལིང་དཀར་ཞལ་ན་རེ། ལྷ་རྟ་དང་ནི་ལྷ་གཡག་དང་། ལྷ་ལུག་དང་ནི་ལྷ་ར་དང་། དར་དཀར་ལ་ཐོད་ལ་སོགས་པ། བོན་ལ་དགོས་པའི་རྫས་རྣམས་དང་། བུ་མོའི་རིན་དུ་དགོས་པ་རྣམས། ཐམས་ཅད་ཚང་མ་བཙལ་ནས་ནི། གཉའུ་མི་བདུན་ཕྱག་ཏུ་ཕུལ། ཞེས་དང་། ཡང་བོན་གྱི་ཡིག་ཆ་རྣམས་སུ་མི་བུ་གླུད་ཀྱིས་བསླུ་བའི་ཤྭ་བ་དང་། བདུད་ཁ་འབངས་སུ་བསྒྱུར་བའི་ཤ་བ། ལྷ་ཡི་དལ་ཁ་བསྒྱུར་བའི་ཤྭ་བ་སོགས་ཤ་བའི་བོན་དགུ་ཞེས་ཤྭ་བ་དང་འབྲེལ་བའི་བོན་སྒོ་རྣམ་གྲངས་དུ་མ་ཞིག་འབྱུང་བ་ལས། ཤྭ་བ་རུ་རྒྱས་ཀྱི་མདོས་⑦ལས། ཤིང་དང་བྱ་དང་ཤྭ་བ་གསུམ། །འཇིག་རྟེན་དེ་ཡི་རྒྱན་ལགས་ཏེ། །གསེར་དང་གཡུ་ཡིས་བརྒྱན། །ཞེས་གསུངས་པ་བཞིན། ཤྭ་བ་དང་། གཡག །ལུག་སོགས་ནི་མདོས་གླུད་དམར་མཆོད་སོགས་ཀྱི་ཆོ་ག་ཕྱག་བཞེས་ཁྲོད་རྒྱུན་དུ་འབྱུང་མང་བའི་མཆོད་རྫས་སྲོག་ཆགས་ཀྱི་གྲས་རེད། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་རྒྱུད་མང་དྲི་ཟའི་གླུ་ཕྲེང་⑧ལས། དེ་ནས་བོན་རྣམས་ཇོ་མོ་གླིང་གསུམ་རྒྱལ་པོའི་སྐུ་རིམ་ལ་འདུས། བན་རྣམས་གླིང་བརྒྱད་དང་། པཎྜི་ཏ་རྣམས་རྟ་མགྲིན་གླིང་དུ་བཞུགས་པས། བོན་རྣམས་ཀྱིས་ན་རེ། རྒྱལ་པོ་ཆེན་པོའི་སྐུ་རིམ་ཡིན་པས། ཤྭ་བ་ཕོ་ར་རྒྱས་དང་། ཡུ་མོ་གཡུ་མཐུར་ཅན། གཡག་ལུག་ར་གསུམ་ཕོ་སྟོང་མོ་སྟོང་རྒྱལ་པོའི་སྐུ་ཆས་ཡོངས་རྫོགས་དགོས་ཟེར་བས། དེ་ཐམས་ཅདརྒྱལ་པོས་མྱུར་བར་སྤྲད། ཅེས་སོགས་འབྱུང་བ་བཞིན་གཡག་ལུག་ར་དང་ཤྭ་བ་ཕོ་མོ་སོགས་སེམས་ཅན་སྟོང་ཕྲག་མང་པོ་དམར་མཆོད་བྱས་པའི་ལོ་རྒྱུས་ལ་བལྟས་ན་ཡང་གདོད་མའི་བོན་གྱི་ཆོས་ལུགས་ཀྱི་དམར་མཆོད་ལ་མེད་ཐབས་མེད་པའི་སྲོག་ཆག་ནི་ཤྭ་བ་ཕོ་མོ་དང་། གཡག་ལུག་ར་སོགས་ཡིན་པ་གསལ་པོར་རྟོགས་ཐུབ་བོ། །ཡང་བྲག་རིས་འདི་ཉིད་དང་ཐག་མི་རིང་བའི་པ་རྟ་ནང་ཞེས་པའི་ས་ཆར་ཁྲོ་བོ་ལུག་གདོང་རྒྱལ་མཚན་ཞེས་ཡུལ་དེར་གཉན་ཆེ་བའི་ཚད་དུ་འཇོག་པའི་གཞི་བདག་ཅིག་ཀྱང་ཡོད་པར་ཐོས་པས་འདི་དག་ལ་ཡང་འབྲེལ་བ་མེད་མི་སྲིད་པ་ཞིག་མིན་པར་སེམས། གཞན་སྔ་འགྱུར་རྙིང་མའི་གཏེར་ཆེན་གུ་རུ་ཆོས་དབང་གི་གཏེར་མར་གྲགས་པའི་མདོས་ཀྱི་བས་བའི་འཕྱོངས་⑨ཞེས་པར། བྷྱོཿ རྣལ་འབྱོར་དབང་ཕྱུག་བདག་ཅག་གིས༔ དགའ་རྒུ་བསགས་ནས་མཐུན་རྒུ་བསྡེབས༔ དཀའ་བ་མི་ལ་བཙལ་བའི་མདོས༔ སྲ་བ་བྲག་ལ་བརྐོས་པའི་མདོས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ༔ ཏིང་འཛིན་དག་པས་འདོད་རྒུར་བསྒྱུར༔ མདོས་བཅས་དེ་ནི་བདར་བདར་ནས༔ སྐྱེས་པ་དམག་ལ་ཆས་པ་འདྲ༔ མདོས་བཏགས་དེ་ནི་བརྒྱན་བརྒྱན་ནས༔ ན་ཆུང་བག་མར་ཆས་པ་འདྲ༔ མདོས་བྲི་དེ་ནི་བཀོད་བཀོད་ནས༔ སྟག་གཟིག་ཚང་ནས་ཐོན་པ་འདྲ༔ ཞེས་གསུངས་པ་སྟེ་སྲ་བ་བྲག་ལ་བརྐོས་པའི་མདོས་ཞེས་པ་ཞིག་ཡོད་པར་བཤད་པ་དང་། དེ་བཞིན་དུ་བན་བོན་གྱི་ཡིག་ཆ་ཁག་ཏུ་མདོས་ཀྱི་རྫས་སུ་གཡག་ལུག་ཤྭ་བ་སོགས་ཡོད་དགོས་པར་བཤད་པ་དང་། མདོ་དབུས་མཐོ་སྒང་གི་ཡུལ་གྲུ་ཆེན་མོ་འདིར་མ་བགྲོས་གཅིག་མཐུན་དུ་གཡག་དང་། ཤྭ་བ། ལུག་དང་རྟ་སོགས་མང་པོ་བརྐོས་ཡོད་པ་རྣམས་ལ་བརྟགས་ན། ཁོ་ཝབོས་ནི་ཁ་ཕོ་མཐོན་པོས་གདོད་མའི་བྲག་བརྐོས་རི་མོ་ཁག་དང་། བན་བོན་གྱི་མདོས་གླུད་སོགས་ལ་འབྲེལ་བ་ཆེན་པོ་ཞིག་ཡོད་འདུག་ཅེས་བཤད་པར་སྤྲོའོ། །དེ་བཞིན་དུ་གོང་དུ་དྲངས་པ་བཞིན། བཙན་བཅོས་ལ་སོགས་མདོས་གླུད་གཏོང་བ་བྱུང་། །ཡུལ་ལྷ་མཆོད་པས་མི་དང་གཏམ་ཡང་སྨྲ། །ཞེས་མདོ་དབུས་མཐོ་སྒང་འདིར་མངའ་མཛད་སྐབས་ནས་མདོས་གླུད་ཀྱི་ཆོ་ག་དར་བར་བཤད་པ་ཡང་རང་གར་རྒྱུ་མཚན་ཅི་ཡང་མེད་པའི་བཤད་ཡམས་ཙམ་ག་ལ་ཡིན། ད་དུང་མདོ་དབུས་མཐོ་སྒང་གི་བྲག་རིས་ཁག་གི་གནས་ཡུལ་ནི་གཞི་བདག་དང་། གནས་རི་སོགས་མི་རབས་ནས་མི་རབས་བརྒྱུད་དེ་ཡུལ་ལུང་རྩ་ཆེན་པོར་བརབའི་གནས་ཤ་སྟག་ཏུ་འབྱུང་བཞིན་ཡོད་པ་ཙམ་ལ་བལྟས་ན་ཡང་། གདོད་མའི་བྲག་རིས་འདི་དག་ནི་རང་བཞིན་རྔོན་བྱེད་པ་ཙམ་གྱི་ནང་དོན་ལས་བརྒལ་ཡོད་པར་གསལ་བཤད་བྱས་ཡོད་པར་འདོད་དོ། །ཡང་བོན་གྱི་ཡིག་ཆ་རྙིང་པ་མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་⑩ཅེས་པར། མཚོ་བྲག་ཤ་བ་ཅི་ལྟར་དགྱེས། ཞེས་དང་། ལྷ་མཚོ་དམུ་བྲག་བླ་རི་བླ་མཚོ་ལགས། ཞེས་དང་། ཡང་། ཉ་སྲམ་མཚོ་ལ་གནས་པ་དེ། མཚོ་དང་བྲལ་ན་དེ་ཡིས་འཆི། བྲག་ལ་ཤྭ་བ་གནས་པ་དེ། ཤྭ་བ་བྲག་དང་བྲལ་ན་འཆི། ཞེས་ཤྭ་བ་ནི་བྲག་དང་འབྲལ་མི་རུང་བ་དང་། ཤྭ་བ་བྲག་དང་བྲལ་ན་འཆི་བར་བཤད་པ་དང་། ཡིག་ཆ་གཞན་དུ་སྲ་བ་བྲག་ལ་གནས་པའི་མདོས་ཞེས་སྲ་བ་མི་འགྱུར་བ་བྲག་ལ་གནས་པའི་མདོས་ཞེས་པ་འབྱུང་བ་གཉིས་ལ་ཡང་ཏན་ཏན་འབྲེལ་བ་ཆེན་པོ་ཞིག་ཡོད་པར་འདོད་དོ། །དེ་ལྟར་སྤྱི་ལོ་2020ལོར་ཨ་ཅ་རུ་གསར་ཐེར་མ་ལུང་པ་ནས་ཁོ་བོས་ཐོག་མར་རྟོག་ཞིབ་བྱས་པའི་གདོད་མའི་བྲག་རིས་དང་། དེའི་སྔོན་གསར་དུ་ཤེས་རྟོགས་བྱུང་བའི་ཉག་རོང་གླག་ཐའི་བྲག་རིས། ཁོ་བོས་ད་ཐེངས་འདིར་གསར་དུ་ཤེས་རྟོགས་དང་ཐོག་མའི་རྟོག་ཞིབ་བྱས་པའི་མི་ཉག་སོག་རག་སྡེ་པའི་བྲག་རིས་བཅས་ཀྱི་རྣམ་པ་དང་རྐོ་སྟངས། རི་མོ་སོགས་ཕྱོགས་མང་པོ་ནས་འདྲ་བའི་ཆ་ཡོད་པ་དང་། བྲག་རིས་འདི་དག་ཀྱང་རླབས་ལྡན་ཉག་ཆུ་སྔོན་མོ་དང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་བར་རྒྱུད་ཀྱི་རི་ཆེན་པོ་རེའི་ཕར་ཚུར་རྒྱུད་དུ་ཡོད་པ་སོགས་ཕྱོགས་མང་པོ་ནས་ད་དུང་ཞིབ་འཇུག་སྔོག་འདོན་གཏིང་ཟབ་བྱ་རྒྱུ་ཡོད་པར་འདོད་ལ། ད་ཐེངས་འདིར་ཁོ་བོས་ངོ་སྤྲོད་བྱས་པ་ནི་སྤྱི་ཁོག་རགས་བཤད་ཙམ་ཡིན་ལ། ལར་རང་རྩོམ་སྔ་ཕྱི་གང་ཡིན་ཡང་སྐྱོན་དང་ནོར་འཁྲུལ་གྱི་ཆ་ཡོད་ངེས་པས་བློ་ལྡན་རྣམས་ཀྱིས་དཔྱད་པར་མཛོད་ཅིག། །མཇུག་ཏུ་ཐེངས་འདིར་ཡུལ་དངོས་ལམ་ཁྲིད་དང་། ངག་རྒྱུན་དང་ཡུལ་གྱི་བཤད་པ་སོགས་ལྷུག་པོར་གནང་མཁན་གྱི་ར་ཤེལ་དགོན་པའི་བླ་མ་དར་མ་དང་། བླ་མ་ཡེ་ཤེས་གཉིས་ལ་བཀའ་དྲིན་ཞུ་བ་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1