༄༅།། རིག་འཛིན་སྒྲོལ་མ།

ཨོ་རྒྱན་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-21


བོད་ཀྱི་ཕ་སྐད་གླུ་མ་གྲགས་ཅན་དཔའ་རིས་རིག་འཛིན་སྒྲོལ་མའི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ་ལ་ཟུར་ཙམ་བལྟས་པ།
ཨོ་རྒྱན་དོན་གྲུབ།

        མཚོ་བྱུང་ངག་གི་སྲས་མོ་རུ་འབོད་པའི་ཁ་བའི་གླུ་མ་དཔའ་རིས་བ་རིག་འཛིན་སྒྲོལ་མ་ནི་དུས་རབས་བཅུ་དགུ་པའི་དུས་མཇུག་ཙམ་དུ་མདོ་སྨད་དཔའ་རིས་ནོར་དཀར་སྡེ་པའི་བལ་བཟའ་ཚོ་པ་ཞེས་པར་ལང་ཚོའི་མེ་ཏོག་ཐོག་མར་བཞད། གླུ་ལེན་གར་རྩེད་ལ་དགའ་བའི་བལ་བཟའ་ཚོ་པ་ནས་མོར་ནར་སོན་པའིི་གོ་རིམ་ཁྲོད་དུ་གླུ་ལེན་སྒྱུ་རྩལ་ལ་དུངས་ཞེན་གྱི་བག་ཆགས་ཟབ་མོ་ཞིག་ཐེབས། མོ་རང་ལོ་ཡི་འཁོར་མོ་བཅུ་ལ་སླེབས་སྐབས་དྲིན་མ་ལོ་ནད་གྱིས་མནར་ནས་སྨན་ཁང་དུ་འགྲོ་དགོས་པར་བརྟེན་རིག་འཛིན་སྒྲོལ་མར་རིག་པའི་སྒོ་ཐེམ་འགྲིམ་པའི་གོ་སྐབས་མ་བྱུང་སྟེ་ཁྱིམ་ལས་ཙག་ཙིག་གི་བྱ་བར་མི་འབད་རང་འབད་དུ་གྱུར། མོ་རང་ཆུང་དུས་ནས་གླུ་ལེན་སྒྱུ་རྩལ་ལ་ཐུན་མིན་གྱི་བརྩེ་བ་ཞིག་དང་དུང་བ་ཞིག་མཆིས་པས་ཁྱིམ་ལས་ཀྱི་བྱ་བའི་ཞོར་དུ་དམངས་ཁྲོད་ཀྱི་གླུ་ལེན་གར་རྩེན་ལ་དོ་སྣང་དང་སྦྱངས་བ་བྱས་ནས་དམངས་ཁྲོད་རིག་གནས་ཀྱིས་མོའི་མི་ཚེའི་ཤུལ་ལམ་རིང་མོའི་སྒྱུ་རྩལ་འཚོལ་སྙེགས་ཀྱི་ལམ་བུ་རུ་རྨང་གཞི་ངེས་ཅན་ཞིག་ཐེབས་ཤིང་ཤུགས་རྐྱེན་ཟབ་མོ་ཞིག་བཞག། །རྒྱ་བོད་ཡིག་རིགས་སོགས་ལ་རང་སྦྱོང་བྱས་རྐྱེན་རང་རྒྱུད་ལ་ཚད་ངེས་ཅན་ཞིག་གི་ཤེས་བྱ་འབྱོར། དྲིན་མ་ལོ་དང་ལྷན་དུ་དཔའ་རིས་རྫོང་སྟོད་སྨད་བར་གསུམ་དུ་འཁྲབ་སྟོན་སོགས་སུ་སོང་མྱོང་བ་འདིས་ཁོ་མོར་གླུ་གཞས་ཀྱི་སྟེགས་བུར་འབུད་རྒྱུའི་མཐུན་རྐྱེན་བླ་ན་མེད་པ་དེ་ཐོབ། བར་སྐབས་ཤིག་ནས་མོས་བྱང་ཆ་ཐོན་པའི་དམངས་གླུ་སྙན་མོའི་གསེར་གྱི་གླིང་བུ་ངག་ལ་བཅུག་བཞིན་ཕ་ཡུལ་དང་རིང་དུ་བྲལ་ཏེ་གྲོང་ཁྱེར་འགྲིམ། གྲོང་ཁྱེར་ཧུའུ་ཀྲུའུ་ནས་ལོ་ཡི་འཁོར་མོ་གཉིས་ཀྱི་རིང་ལ་གླུ་སྙན་མོ་ངག་ལ་གྱེར་བཞིན་གླུ་གར་འཁྲབ་སྟོན་སོགས་ཀྱི་བྱ་བའི་ལས་ཀ་གཉེར། གསེར་ས་འོག་ཡོད་ན་འོད་ནམ་མཁའ་ཞེས་པ་ལྟར། མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སྐུ་ཞབས་ལི་ཉིང་ཧྲིང་གིས་མོར་ལྷན་སྐྱེས་ཀྱི་སྐད་ངག་ཡག་པོ་ཞིག་ཡོད་པའི་སྟེང་ལ་ཀུན་མཐུན་གྱི་ངང་རྒྱུད་བཟང་པོ་ཞིག་ཡོད་པ་ཤེས་ནས་ཁོ་མོ་ཟི་ལིང་དུ་ཁྲིད་ནས་དེང་རབས་ཀྱི་གླུ་དབྱངས་ལེན་སྟངས་དང་། སྐད་ངག་གི་བགོ་སྟངས་དབུགས་ཀྱི་གཏོང་ལེན་སོགས་ཀྱི་སྒྱུ་རྩལ་་བཞིན་ཅན་གྱི་རྨང་གཞི་གང་མང་ཞིག་བུམ་པ་གང་བྱོའི་ཚུལ་དུ་མོར་བསྩལ་བདང་། མི་ཚེའི་གནས་ལུགས་སོགས་གང་མང་ཞིག་སློབ་སྟོན་གནང་བས་གངས་ཅན་ཁ་བའི་ཡུལ་དུ་ཁུ་བྱུག་ལྟར་སྙན་པའི་གླུ་མ་ཞིག་ཏུ་འགྱུར་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཐོག་མར་གྲུབ།དེ་ནས་མོས་གནའ་མཁར་ཟི་ལིང་ནས་བོད་ཀྱི་སྒྱུ་རྩལ་བ་ཆེན་མོ་སྐུ་ཞབས་སྨན་བླ་སྐྱབས་དང་། དབྱངས་རྩོམ་མཁན་གྲགས་ཅན་སྐུ་ཞབས་ཀུན་དགའ་ཚེ་བརྟན་དང་འཇམ་དབྱངས་བསྟན་འཛིན་སོགས་དགེ་རྒན་དུ་བསྟེན་ནས་བོད་ཀྱི་རོལ་དབྱངས་སྒྱུ་རྩལ་གྱི་གཞུང་ལུགས་དང་དེང་རབས་གླུ་དབྱངས་ལེན་སྟངས། ནུབ་ཕྱོགས་ནས་དར་བའི་དབྱངས་རྟ་སོགས་ཕྱི་ནང་གི་རོལ་དབྱངས་སྒྱུ་རྩལ་ལ་སྦྱངས་པ་བྱས་པས་འབྲས་བུ་གཡུར་དུ་སྨིན་པ་ཐོབ་པས་མ་ཚད། མཚོ་སྔོན་མི་རིགས་གླུ་བྲོ་ཟློས་གར་གླིང་གི་གཞས་གཏོང་མཁན་དང་གངས་དཀར་ནོར་བུའི་གླིང་རིག་གནས་སྒྱུ་རྩལ་དར་སྤེལ་ལྟེ་གནས་ཀྱི་གན་རྒྱའི་གཞས་མར་གྱུར། སློབ་སྦྱོང་གི་ཞོར་དུ་བརྩམས་པའི་དབྱངས་རྟ་སོགས་ལ་ཀུན་གྱིས་ཁས་ལེན་ཐོབ་པའི་ཚད་དུ་ཐོན། བཀའ་དྲིན་བླ་ལྷག་ཏུ་མཐོ་བའི་དགེ་རྒན་དེ་དག་གི་བྱམས་བརྩེའི་རྒྱབ་སྐྱོར་དང་མཐུན་རྐྱེན་གྱི་དཔུང་རོགས་ལ་བརྟེན་ནས་མོའི་མི་ཚེ་བགྲོད་ལམ་་ལས་དབང་ལ་འགྱུར་ལྡོག་བྱུང་སྟེ་མཚོ་སྔོན་སྒྱུ་རྩལ་སློབ་གླིང་དང་པེ་ཅིང་སྒྱུ་རྩལ་སློབ་གླིང་སོགས་རོལ་དབྱངས་ཆེད་སྦྱོང་གྱི་སློབ་ཆེན་གང་མང་ཞིག་ཏུ་ཟབ་སྦྱོང་དང་དངོས་སྦྱོང་གི་གོ་སྐབས་ཐོབ། དེ་ནི་་མཚོན་ན་བསམ་ཡུལ་ལས་འདས་ཤིང་ཧ་ཅང་དགའ་འོས་པའི་ལས་ཤིག་ཏུ་འཁུམས། མོའི་སེམས་སུ་བརྗེད་དུ་མེད་པའི་དྲིན་མ་ལོའི་གསུང་ཚིག་ཉག་གཅིག་ནི་མ་དྲིན་མོ་ཆེས་གཅེས་པའི་བུ་མོ་སློབ་གྲྭར་མངགས་མ་ཐུབ་པ་དེ་ནི་སེམས་སུ་ཐུགས་སུན་གྱི་གནས་ཉག་གཅིག་ཏུ་གྱུར་པས་དུས་རྒྱུན་པར་མོརལས་གང་ཞིག་ལ་འཇུག་ན་བརྩོན་པ་བྱེད་དགོས་ཞེས་སྐུལ་མ་བཏང་བ་དེ་ཡིན། རིག་འཛིན་སྒྲོལ་མས་དྲིན་མ་ལོའི་གསུངས་ཚིག་དེ་མི་ཚེ་གོ་རིམ་ཁྲོད་དུ་མདུན་སྐྱོད་དང་འཚོལ་སྙེག་གི་ལམ་སྣའདྲེནཔའི་གདམས་ངག་ཏུ་བརྩིས་ནས་དེ་བཞིན་དུ་བརྩོན་པ་དང་འབད་འབུངས་བྱས་ཤིང་། མོས་སྒྱུ་རྩལ་སློབ་གླིང་དེ་དག་ཏུ་ཞུགས་རིང་དུས་ཚོད་སྐར་ཆ་གཅིག་ཀྱང་འཕྲོག་བརླག་ཏུ་མ་བཏང་བར་རོལ་དབྱངས་སྒྱུ་རྩལ་གྱི་ཤེས་བྱ་དག་ལ་སྐོམ་པ་ཆུ་འདོད་ལྟར་གྱིས་སྦྱངས་བ་བྱས་ནས་འབྲས་བུ་གཟེངས་སུ་ཐོན་པ་སྨིན་པས་རོལ་དབྱངས་སྒྱུ་རྩལ་གྱི་ཕྱོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ། མོས་བོད་མི་རིགས་ཀྱི་གླུ་གར་སྒྱུ་རྩལ་ནི་མི་རིགས་རང་ཉིད་ཀྱི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པ་ངོས་ཟིན་ནས་རང་ཉིད་གླུ་གར་སྒྱུ་རྩལ་འདིའི་ལམ་ཁ་རུ་ཕ་སྐད་ཀྱི་ལམ་ནས་སྔོན་བྱོན་ཕ་མེས་ཡང་མེས་རྣམས་ཀྱི་དབྱངས་རྟ་སྔོགས་འདོན་དང་རྒྱུད་འཛིན། དར་སྤེལ་བྱ་རྒྱུ་ནི་མོ་རང་ཉིད་ཀྱི་བྱ་བའི་འགན་འཁྲི་ཞིག་ཏུ་བརྩིས་ནས་ངེས་པ་དོན་གྱི་བོད་སྐད་དག་མ་ཞིག་གིས་བོད་གླུ་ལེན་རྒྱུའི་ཀུན་སློང་གཙང་མའི་རང་ལུགས་བཙན་པོ་ཞིག་ཀུན་ནས་འཁྲུངས་ཏེ་ཕ་སྐད་ཀྱི་ལམ་ནས་གླུ་དབྱངས་ལེན་རྒྱུའི་བགྲོད་ལམ་དཀར་པོ་ཞིག་ཏུ་འཇུག་རྒྱུའི་མགོ་བརྩམས།


        མོས་ཕ་མེས་ཀྱི་དབྱངས་རྟའི་ལམ་ནས《ངའི་ཁྲི་ཤོར་རྒྱལ་མོ》དང《ལྷན་འཛོམས》 《དཔའ་རིས་བ》སོགས་ཕ་སྐད་ཀྱི་གླུ་དབྱངས་གང་མང་ཞིག་ལོ་སར་དགོང་ཚོགས་སོགས་གླུ་གར་གྱི་སྟེགས་བུ་བརྒྱུད་ནས་རིགས་མཐུན་ཆོལ་གསུམ་སྤུན་ཟླའི་སྙན་གྱི་གསོས་སུ་ཕུལ་བས་ཀུན་གྱིས་དཔའ་རིས་བ་རིག་འཛིན་སྒྲོལ་མ་ཟེར་བ་ཞིག་སེམས་ཀྱིས་སྒུག་རྒྱུ་ཞིག་དང་རྣ་བས་ཉན་ས་ཞིག་ཏུ་གྱུར།གླུ་པ་གླུ་མ་ཞིག་ཡིན་ཕྱིན་སྐད་ཡག་པ་ཞིག་དང་ངག་བདེ་མོ་ཞིག་ཡོད་པ་དེས་མི་ཆོག། །དེའི་ཕན་ཆད་ཆ་རྐྱེན་གལ་ཆེན་ཞིག་ཚང་དགོས་པ་ནི་ཁྱེད་ཀྱིས་བླངས་བའི་གླུ་དེ་ལ་བརྩེ་བ་དང་དུངས་བ་ཟབ་མོ་ཞིག་དགོས་པ་དེ་རེད། ཅེས་པ་ནི་མོར་བཅར་འདྲི་ཁྲོད་རྙེད་པའི་སྐད་ཆ་ཞིག་ཡིན་ལ། སྐད་ཆ་འདི་ལས་མོ་གླུ་དབྱངས་སྒྱུ་རྩལ་ལ་ཚད་ངེས་ཅན་ཞིག་གིས་བྱང་ཆ་ཐོན་ཡོད་པ་མཚོན་ཐུབ་པར་མ་ཟད། མོས་བླངས་པའི་གླུ་གང་ཞིག་ཡིན་ནའང་གདངས་དབྱངས་ཀྱི་སྙན་ཆ་དང་གླུ་ཚིག་གི་ནང་དོན་སོགས་ཕྱོགས་གང་གི་ཐད་ནས་རྩེར་སོན་པ་ཏག་ཏག་ཡིན་པས་མ་ཚད་དེའི་བརྗོད་དོན་དང་མཐུན་པའི་རྣམ་འགྱུར་དང་ཚུགས་ཀའང་ཡོད་པས་གླུ་ལེན་ན་སེམས་ཀྱིས་ལེན་དགོས་ཞེས་སྒྱུ་རྩལ་གྱི་རིན་ཐང་ལ་རྟོག་ཞིབ་ཀྱི་བྱང་ཆ་ཐོན་ཡོད་པས་སྤྲོ་གླུ་ལེན་དུས་ངོ་ན་སྡུག་གིས་ཁེངས་ཞིང་སྐྱོ་གླུ་ལེན་དུས་ངོ་ན་འཛུམ་གྱིས་ཁེངས་པའི་བོད་ཀྱི་གླུ་པ་གླུ་མ་གཞན་དག་ལས་ཕྱོགས་གང་གི་ཐད་ནས་མི་མཚུངས་ཞིང་སྒྱུ་རྩལ་ལ་དུངས་བ་ཟབ་ཞིང་སྒྱུ་རྩལ་ལ་གུས་སེམས་ཆེ་བའི་གླུ་མ་ཡ་རབས་ཤིག་ཏུ་གྱུར་པས་བོད་ཀྱི་གླུ་གར་སྒྱུ་རྩལ་གྱི་མཚོ་ངོས་ཀྱི་ཆེས་ཟབ་ས་ན་རྩེན་བཞིན་པའི་གསེར་མིག་གི་ཉ་མོ་དེ་རེད་ཅེས་ཀུན་གྱིས་གདེང་འཇོག་དང་ཡིད་ཆེས་ཐོབ། 2001ལོའི་ཟླ་དང་པོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི《ལུགས་མཐུན་ཕྱོགས་བསྡུས་སྒྱུ་རྩལ》ཞེས་པའི་ལེ་ཚན་དུ་ཞུགས། 2002ལོའི་ཟླ་7པར་ཧུའུ་ནན་བརྙན་འཕྲིན་ཁང་གི《དགའ་་འབྱུང་གནས》ཞེས་པའི་ལེ་ཚན་དུ་ཞུགས། 2004ལོར་མཚོ་སྔོན་ཞིང་ཆེན་བརྙན་འཕྲིན་ལས་ཁུངས་དང་མཚོ་སྔོན་ཞིང་ཆེན་གྱི་བོད་སྐད་རླུང་འཕྲིན་གྱིས་མཉམ་འབྲེལ་ཐོག་གཉེར་བའི་ཐད་གཏོང་དགོང་ཚོགས་ཆེ་གྲས《མཚོ་སྔོན་པོའི་གླུ་དབྱངས》ཞེས་པར་ཞུགས་ཤིང་བརྗོད་དོན་གླུ་དབྱངས་བླངས་པ། ལོ་དེའི་ཟླ་10པར་མཚོ་སྔོན་བརྙན་འཕྲིན་ལས་ཁུངས་ཀྱིས་ལོ་50འཁོར་བའི་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཐད་གཏོང་དགོང་ཚོགས་ཆེན་མོར་ཞུགས། 2006ལོའི་ཟླ་5པར་ཀྲུང་གོའི་མཚོ་སྔོན་གྱི་མེ་ཏོག་ཡུས་ཅིན་ཞང་དུས་ཆེན་གྱི་ཀྲུང་དབྱང་བརྙན་འཕྲིན་ཁང་གི《ངར་སེམས་ཐང་ཆེན》ཞེས་པའི་ཐད་གཏོང་གླུ་གཞས་དགོང་ཚོགས་ནང་ཞུགས། 2007ལོའི་ཟླ་9པར་ཀྲུང་གོའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་དགོང་ཚོགས་ཆེ་གྲས་ལ་ཞུགས། ལོ་དེའི་ཟླ་10པར་ཧྲང་ཧའེ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་ལ་ཞུགས་ཤིང་འཁྲབ་སྟོན་བྱས། 2004ལོའི་ཟླ་7པ་ནས2008ལོའི་བར་ཀྲུང་དབྱང་འཕྲིན་ལམCCTV5ཡིས་གཙོ་གཉེར་བྱས་པའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་ལྕགས་རྟའི་རྒྱུག་ཤེད་འགྲན་སྡུར་གྱི་མགོ་ཚུགས་མཛད་སྒོར་བསྟུད་མར་ཞུགས་ཤིང་བརྗོད་དོན་གླུ་དབྱངས་བླངས། 2008ལོའི་ཟླ4པར་པེ་ཅིན་དུ་ཨོ་རྩལ་འགྲན་ཚོགས་ཀྱི་རིག་རྩལ་སྐོང་འཁྲབ་ཏུ་ཞུགས། 2009ལོརCCTVརོལ་དབྱངས་འཕྲིན་ལམ་གྱི་དམངས་གླུའི་ཀྲུང་གོའི་ལེ་ཚན་ནང་ཞུགས་པ། 2009ལོའི་ཟླ་2པར་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་གཉེར་བའི་གནམ་ལོ་གསར་ཚེས་ཀྱི་རིག་རྩལ་མཚན་ཚོགས་འཁྲབ་སྟོན་ནང་ཞུགས། ལོ་དེའི་ཟླ་6པར་མཚོ་སྔོན་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ལེ་ཚན་ཚོམས་ཆེན་དུ་མི་སྒེར་གྱི《འབྲི་མོ་དུང་ཆུང་དཀར་མོ》ཞེས་པའི་ཆེད་བསྒྲིགས་འགྲེམ་སྤེལ་གྱི་མཛད་སྒོ་བསྡུས་ཤིང་མི་སྒེར་གྱི་གླུ་གཞས་ཆེད་ཚོགས་གཉེར། 2013ལོའི་ཟླ་9པར་ཧྥ་རན་སིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་རྒྱལ་སྟོན་རིག་རྩལ་འཁྲབ་སྟོན་ལ་ཞུགས། 2014ལོའི་ཟླ་དང་པོར་མི་དམངས་ཚོགས་ཁང་ཆེ་མོར་2014ལོའི་ལོ་འཁོར་གྱི་རོལ་དབྱངས་འདུ་ཚོགས་ནང་ཞུགས་པ་དང་། ཅང་སུའུ་མཐུད་དཀྲོལ་མཉམ་གཞས་ཚོགས་པས་དཀྲོལ་གཏོང་བྱས་པའི་མཉམ་སྒྲོག་རོལ་དབྱངས་སྣེ་ཁྲིད་གཞས་ཀྱི་འགན་འཁུར། 2014ལོའི་ཟླ་2པར་ཨ་རིའི་སི་ཐན་ཕུའུ་སློབ་ཆེན་དུ་ཨེ་ཤེ་ཡའི་རོལ་མོའི་དུས་ཆེན་དུ་ཞུགས་ནས་འཁྲབ་སྟོན་བྱས། ལོའི་དེའི་ཟླ་9པར་ཀྲུང་ཧྥའི་བར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་རིག་རྩལ་འགྲེམ་སྟོན་འཁྲབ་སྟོན་ལ་ཞུགས། ལོ་དེའི་ཟླ་11པར་ཐའེ་ཝན་དུ་མཚོ་སྔོན་གྱི་ཁྱད་ལྡན་དམངས་གཞས་མེ་ཏོག་གི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོར་ཞུགས་ནས་ཐའེ་ཝན་མི་དམངས་ལ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཕུལ། 2015ལོའི་ཟླ་9པར་ཐའེ་ཝན་དུ་ཐའེ་ཝན་ཐང་མེ་ཡུན་ཙེ་རུ་ཁག་གིས་འཁྲབ་སྟོན་བྱས་པའི་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཞེས་པ་འཁྲབ་སྦྱོང་ནང་ཞུགས། དེ་ལྟར་ཞིང་ཆེན་ཕྱི་ནང་དང་ཀྲུང་དབྱང་འཕྲིན་ལམ་སོགས་ཀྱི་རིག་རྩལ་འཁྲབ་སྟོན་དང་ལོ་སར་དགོང་ཚོགས་བཅས་སུ་གླུ་གར་འཁྲབ་སྟོན་ཐེངས་100ལྷག་ལ་ཞུགས་མྱོང་བ་དང་། 2001ལོའི་ཟླ་6པར་སྡེ་ཚོགས་ཀྲུང་དབྱང་གི《ལན་ཐེན་བུམ་པའི》རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ན་གཞོན་གླུ་གཞས་འགྲན་སྡུར་ཆེན་མོར་ཞུགས་ནས་ཨང་གཉིས་པ་ཐོབ་པ་དང་། 2002ལོའི་ཟླ་12པར་སྐབས་་པའི་ཀྲུང་གོའི《རེ་བའི་སྐར་མ》ཞེས་པའི་ནང་ཞུགས་ཏེ་མཚོ་སྔོན་འགྲན་ཁུལ་ལ་ཨང་གཉིས་པའི་བྱ་དགའ་ཐོབ། 2003ལོར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པར་ཞུགས་ཏེ་ཧོར་རིགས་ཀྱི་འཁོར་ལོ་འཁྲབ་སྟོན་ལས་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ།2004ལོའི་ཟླ་3པར་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཀྱི་ན་གཞོན་གླུ་པའི་བརྙན་འཕྲིན་བྱ་དགའ་ཆེན་མོའི་འགྲན་སྡུར་ལ་ཞུགས་ནས་མཚོ་སྔོན་འགྲན་ཁུལ་གྱི་མི་རིགས་ཚོགས་པའི་ཨང་དང་པོའི་བྱ་དགའ་ཐོབ། ལོ་དེར་མཚོ་སྔོན་མི་རིགས་གླུ་གར་ཁང་གིས་གསར་རྩོམ་བྱས་པའི་གླུ་གར་ཟློས་གར་ཆེ་གྲས《ཐང་བོད་གནའ་ལམ》ཞེས་པ་དེར་ཞུགས་ཤིང་། ཀྲུང་གོའི་མི་རིགས་ཟློས་གར་ཁང་ཆེན་མོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ནང་འཁྲབ་སྦྱོང་ནང་ཞུགས་པས་གསར་རྩོམ་དང་རྐྱང་གཞས་ལ་གསེརགྱི་རྟགས་མའི་བྱ་དགའ་ཐོབ། 2006ལོར་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་རིག་རྩལ་གསར་རྩོམ་བྱ་དགའ་ཐོབ་པ་དང་། 《དཔྱིད་ཀའི་འཕྲིན་བཟང》ཞེས་པའི་གླུ་དབྱངས་བརྩམས་ཆོས་ལ་ཨང་དང་པོའི་བྱ་དགའ་ཐོབ་པ་སོགས་ནི་མོའི་སྒྱུ་རྩལ་འཚོལ་སྙེག་གི་མདུན་སྐྱོད་ཀྱི་གོམ་སྟབས་ལ་ལྷོད་མེད་ཀྱི་སྒུལ་ཤུགས་སུ་འཁྲུངས། མོས་སྔ་ཕྱིར་གླུ་གཞས་བརྩམས་ཆོས200ལྷག་སྙན་མོ་ངག་ལ་གྱེར་ཡོད་པ་དང་། རང་གིས་ཚིག་དང་དབྱངས་གསར་རྩོམ་བྱས་པའི་བརྩམས་ཆོས30ལྷག་་ཡོད། 《འབྲི་མོ་དུང་ཆུང་དཀར་མོ》ཞེས་པ་དང་། 《ཕྱིར་མི་ལྡོག་པའི་དམ་ཚིག》《གངས་རིའི་སྐར་རྒྱན》སོགས་ཆེད་བསྒྲིགས་ཟེར་སྡེར3ལྷག་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད། གངས་རིའི་སྐར་རྒྱན་ནི་བོད་ཀྱི་གླུ་གཞས་ཀྱིསྟེགས་བུ་ཀུན་ནས་ཆེས་རྩེར་སོན་པའི་བོད་ཁམས་གླུ་བའི་རྨི་ལམ་གྱི་གར་སྟེགས་ཤིག་ཡིན་ལ། གར་སྟེགས་དེ་ཉིད་ཀྱི་སྙན་པའི་སྒོ་འཕར་ཐོག་མའང་ཕ་དམ་པའི་རུས་རྐང་ལུས་ལ་རྫོགས་ཤིང་དྲིན་མ་ལོའི་སྐད་ངག་ངག་ལ་འཛོམས་པའི་ཁ་བའི་གླུ་མ་རིག་འཛིན་སྒྲོལ་མའི་ངག་གི་པི་ཝང་དཀར་པོས་ཕྱེས་པ་རེད། གངས་རིའི་སྐར་རྒྱན་གླུ་གཞས་ཀྱི་གར་སྟེགས་གསར་པ་དེ་བརྒྱུད་ནས་རིག་འཛིན་སྒྲོལ་མ་གླུ་དབྱངས་སྒྱུ་རྩལ་གྱི་ལམ་བུ་རུ་ཞུགས་ནས་བགྲང་བྱ་བཞི་ཙམ་འཁོར་བའི་རིང་གི་གྲུབ་འབྲས་ཙམ་གྱི་དོད་དུ་འབྲི་མོ་དུང་ཆུང་དཀར་མོ་ཞེས་པའི་མོ་རང་ཉིད་ཀྱི་སྒྱུ་རྩལ་གྱི་ཚད་མཐོ་ཤོས་ནས་འཁྲུངས་པའི་གླུ་དབྱངས་བཅུ་བདུན་ཅན་གྱི་བརྩམས་ཆོས་དེ་ཟེར་སྡེར་གྱི་རྣམ་པར་ཕབ་སྟེ་ལེའུ་སྟོད་སྨད་གཉིས་ཅན་བགོས་ནས་ཕབ་བསྐྲུནའགྲེམ་སྤེལ་བྱས་པས་མ་ཚད་མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་འཁོར་སྐར་འཕྲིན་ལམ་བརྒྱུད་ནས་ལྕགས་ཕོ་སྟག་གི་ལོ་ཡི་གནམ་ལོ་གསར་བའི་ཚེས་བཟང་དང་བསྡོངས་ནས་བོད་ཁམས་ཡོངས་སུ་སྒྲོག་གཏོང་བྱས་པར་བརྟེན་དཔའ་རིས་བ་རིག་འཛིན་སྒྲོལ་མ་ཞེས་པའི་བོད་པའི་ཕ་སྐད་གླུ་མ་གྲགས་ཅན་ཞིག་དཔའ་རིས་བའི་མཁའ་དབྱིངས་ནས་འོད་དུ་འཚེར་དེ་གངས་ཁ་བའི་ཡུལ་གྲུ་ཀུན་ཏུ་འོད་ཀྱི་ཐིག་ལེ་རེ་རེས་ཁྱབ་སོང་བས་བོད་ཀྱི་ཆེད་མཁས་དུ་མས་ཁོ་མོར་མཚོ་བྱུང་སྲས་མོ་ཞེས་མིང་དོན་མཐུན་པའི་སྙན་པའི་མིང་གིས་འབོད་བཞིིན་ཡོད། མཇུག་མཐར་ཁ་བའི་གླུ་མ་དཔའ་རིས་བ་རིག་འཛིན་སྒྲོལ་མས་ཕ་དམ་པའི་རུས་རྐང་རླུང་ལ་མ་བསྐུར་ཞིང་མ་དྲིན་མོའི་སྐད་ངག་ངག་ལ་འགུགབཞིན་གངས་རིའི་རང་གདངས་མ་ཉམས་ཤིང་མར་དྲི་དང་རྩམ་དྲི་མ་ཡལ་བའི་རང་སྐད་རྣལ་མའི་རྩོམ་ཆོས་གཙང་མ་དག་རང་ཉིད་ཀྱི་ལྷན་སྐྱེས་ཀྱི་མགྲིན་ངག་སྙན་མོར་བརྒྱུས་ཏེ་འཛམ་གླིང་སྐྱེ་འགྲོ་ཕོ་མོའི་སྡུག་གི་མུན་པ་མཐའ་ནས་སངས་ཤིང་ཞི་བདེའི་གསོས་སུ་འགྱུར་ཞིང་དཔལ་དུ་སྨིན་པར་ཤོག ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1