རྔ་ཁུལ་གྱི་སྐྱེ་ཁམས་ཁྱིམ་གཞིས་འཛུགས་སྐྲུན་བྱས་པའི་གནས་ཚུལ།

ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 12-21



    རི་ཚོགས་སྔོ་ལྗང་ལྡན་ལ། རྩྭ་ཐང་མུ་མཐའ་བྲལ། གྲོང་གསེབ་ཐམས་ཅད་རང་བྱུང་དབྱང་ཁང་ལྟ་བུར་གནས་ལ། དྭངས་གཙང་གི་མཁའ་རླུང་གིས་མི་ལ་བློ་བདེ་བག་ཕེབས་ཀྱི་སྐྱིད་སྣང་སྟེར་། ད་ལྟ་རང་ཁུལ་དུ་ལྗོངས་སྐོར་ལ་ཡོང་མཁན་ཚང་མ་གནས་འདིའི་སྐྱེ་ཁམས་ཁོར་ཡུག་བཟང་པོས་ཡིད་དབང་བཀུག་ཡོད། རྔ་ཁུལ་དུ་སྐྱོད་སྐབས་རི་མཐོ་གྲོག་རོང་ངམ་ཡང་ན་འབྲོག་ཁུལ་གྱི་རྩྭ་ཐང་གང་ཡིན་རུང་མི་སེམས་སྒུལ་ཐུབ་པ་ནི་དག་གཙང་གི་མཁའ་རླུང་ཡིན་པ་དང་། མིག་ལམ་དུ་འཆར་བ་ནི་དྭངས་གཙང་གི་ཆུ་བོ་དང་སྔོ་ལྗང་གི་རི་ཀླུང་ཡིན། མི་དང་རང་བྱུང་ཁམས་གཉིས་གནས་འདིར་ཞི་མཐུན་མཉམ་གནས་བྱས་ཡོད།       


    ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནས་བཟུང་། རང་ཁུལ་གྱིས་རྒྱལ་ཁབ་གྲོང་གསེབ་དྭངས་གཙང་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང་1དང་རི་བོ་གཉིས་ཀྱི་གཞུང་ལུགས་ལག་ལེན་གསར་གཏོད་རྟེན་གཞི་1བཙུགས་པ་དང་། ཞིང་ཆེན་རིམ་པ་དང་དེ་ཡན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་རྫོང་2། སྐྱེ་ཁམས་ཡུལ་ཚོ་དང་གྲོང་རྡལ་64བཙུགས། ཁུལ་ཡོངས་ཀྱི་ཆུ་བོ་གཙོ་བོའི་ཁོངས་བརྒལ་སྙོམས་ངོས་ཆུ་ཡི་སྤུས་ཚད་དང་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོའི་སྤུས་ཚད། ཁོར་ཡུག་མཁའ་རླུང་སྤུས་ཚད་བཅས་ཚང་མ་100%ཟིན་ཡོད། ལོ་འདི་འགར་རང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།   
  གཞི་གྲངས་ཁག་ཅིག་ལས་ངར་ཤུགས་དང་གདེང་ཤུགས། སེམས་ཤུགས་མཐོང་ཐུབ་སྟེ། རང་ཁུལ་ནི་སི་ཁྲོན་དང་ཐ་ན་ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་དང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་ཡུལ་གལ་ཆེན་ཞིག རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་བཅས་ཡིན། སྐྱེ་ཁམས་ནི་རྔ་བའི་གལ་ཆེའི་རང་བཞིན་ཡིན་པ་སྨོས་མི་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་སྟོན་འོག རང་ཁུལ་གྱིས་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ནས། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་དམངས་འཚོར་ཕན་པ་ཆེ་ཤོས་ཀྱི་བདེ་འཇགས་ཀྱི་དམིགས་ཡུལ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ། སྐྱེ་ཁམས་འཛུགས་སྐྲུན་མཐའ་འཁྱོངས་དང་ལྗང་མདོག་དར་རྒྱས་ཡོང་བ་བྱེད་པའི་ཁྲོད་རི་ཆུ་ནགས་གསུམ་དང་། མཚོ་དང་མཚེའུ། ཞིང་དང་རྩྭ་ཐང་གི་ཐུན་མོང་གི་ལས་དབང་ཐུན་མོང་ཚོགས་པའི་མ་ལག་བསམ་བློ་མཚོན་པར་བྱས་ནས། ནུས་ཤུགས་ཆེན་པོས་སྐྱེ་ཁམས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད།   


    ཉེ་ཆར། བྱ་རིགས་ཆེ་གྲས་ཏེ་མཚོ་གླག་མཇུག་དཀར་མཛོད་དགེ་ནས་མངོན་ཞིང་དགུན་དུས་ཀྱི་མཛོད་དགེ་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་བསྩལ། ཉིན་འགའི་སྔོན་མཚོ་གླག་མཇུག་དཀར་3མཐོང་བ་དང་ཁ་སང་ཡང་མཚོ་གླག་མཇུག་དཀར་1མཐོང་བྱུང་། ཟླ་11ཚེས་19ཉིན་མཛོད་དགེ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཚན་ཞིབ་ཁོའོ་ཡི་ཁོའོ་ཀྲང་བསོད་ནམས་རྡོ་རྗེས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར། སྲུང་སྐྱོང་ཁུལ་དུ་རྙེད་པའི་རིམ་པ་དང་པོའི་སྲུང་སྐྱོང་འདབ་ཆགས་ཀྱི་གྲས་སུ་ངང་དཀར་དང་ཁྲུང་ཁྲུང་སྐེ་ནག མཚོ་གླག་མཇུག་དཀར་མངོན་བྱུང་ཟེར། མཛོད་དགེ་མཚོ་ཁྱ་ཁྲེབ་ནི་མིང་དོན་མཚུངས་པའི་དུས་བྱའི་ཞིང་ཁམས་ཤིག་རེད། ཁྲུང་ཁྲུང་སྐེ་ནག་དང་ཆུ་བྱ། ཁྲུང་ཁྲུང་མགོ་ཁྲ་སོགས་དུས་བྱའི་རིགས་གཅིག་རྗེས་གཉིས་མཐུད་ངང་དེ་གར་ཚང་བཟོ་བ་དང་རྒྱུད་སྤེལ་བཅས་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ལེགས་སུ་ཕྱིན་པ་དང་ཆབས་ཅིག རང་བྱུང་ཆ་རྐྱེན་བཟང་པོ་དང་སྐྱེ་ཁམས་ཁོར་ཡུག་བཟང་པོས་འདབ་ཆགས་ལ་འཚོ་གནས་དང་བབ་སྡོད། འཕེལ་རྒྱས། ལྟོ་འཚོལ་བ་བཅས་ཀྱི་སྟབས་བདེའི་ཆ་རྐྱེན་བསྐྲུན་ཡོད། བྱ་བྱིའུ་མང་དུ་ཕྱིན་པར་མ་ཟད། རི་སྐྱེས་སྲོག་ཆགས་ཀྱང་མང་དུ་ཕྱིན་ནས་རྒྱུན་དུ་སྤྱང་ཀི་མཐོང་རྒྱུ་ཡོད་ཅེས་བསོད་ནམས་རྡོ་རྗེས་བཤད།


    རྔ་བའི་བུ་ཕྲུག་ཚོས་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་དད་གུས་བྱེད་པ། རང་བྱུང་ཁམས་སྲུང་སྐྱོང་བྱེད་པ་བཅས་ཀྱི་བབ་ཆགས་པའི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལྡན་ཡོད། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་འགྲོ་བ་དང་ཆབས་ཅིག རང་ཁུལ་གྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་རྣམས་ཀྱིས་དག་གཙང་གི་མཁའ་རླུང་དང་དྭངས་གཙང་གི་བཏུང་ཆུ། མཛེས་སྡུག་གི་ཁོར་ཡུག་བཅས་ཀྱི་རེ་བ་ཉིན་རེ་བཞིན་ཆེ་རུ་ཕྱིན་ནས། ལྟོ་གོས་འཛོམས་པ་དང་འཚོ་གནས་ཐུབ་རེ་བྱེད་པ་ནས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་འཚོལ་སྙེག་གི་བར་འགྱུར་ལྡོག་འགྲོ་བཞིན་ཡོད། སྐྱེ་ཁམས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དེ་རྔ་བའི་བུ་ཕྲུག་ཚོའི་སེམས་ཀྱི་རེ་བར་གྱུར་ཡོད།

    དེ་སྔའི་བེད་མེད་ཟོག་རོ་འཕེན་ས་རྣམས་མེ་ཏོག་གི་ཞིང་ཁམས་སུ་གྱུར་ནས་ཁོར་ཡུག་ལེགས་སུ་ཕྱིན་པར་མ་ཟད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དུ་གྱུར་པ་དང་ཆབས་ཅིག སྡེ་མི་ཚོར་སྤྲོ་གསེང་དང་སྦྱོང་བརྡར་བྱེད་ས་ཡག་པོ་མཁོ་འདོན་བྱས་པས་སྡེ་མི་རྣམས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།  སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་དྲང་གཞག་ཆེ་ཤོས་ཀྱི་སྤྱི་བའི་ཐོན་རྫས་དང་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་བདེ་སྐྱིད་ཅིག་རེད། རང་ཁུལ་གྱི་སྐྱེ་ཁམས་དམར་ཐིག་ནན་སྲུང་གིས་སྔོ་ལྗང་འཕེལ་བ་དང་སྔོ་ལྗང་སྲུང་བའི་བྱ་སྤྱོད་ལ་བརྟེན་ནས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཏེ། མི་དམངས་མང་ཚོགས་ལ་སྐྱེ་ཁམས་ཁེ་འབབ་མཉམ་སྤྱོད་དང་ལྗང་མདོག་ཕན་བདེ་མཉམ་སྤྱོད་ཐུབ་པ་བྱས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་ཀྱི་འཚོ་བ་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།    


    དེ་སྔར། ཚང་མས་ཡོང་འབབ་གསོག་ཆེད་ཕྱུགས་རིགས་ཀྱི་གྲངས་འབོར་ཁོ་ན་དོན་གཉེར་བྱས་ཀྱང་མཐར་ནོར་མང་དུ་ཕྱིན་པ་དང་རྩྭ་ཉུང་དུ་ཕྱིན་ནས་ལོ་གཅིག་དཀའ་ལས་བརྒྱབ་ནས་འཚོ་དགོས་ཞེས། ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་གྱི་འབྲོག་པ་འཇིགས་མེད་ཉི་མས་གསར་འགོད་པར་བཤད། ད་ལྟ་འབྲོག་པའི་ཕྱུགས་ཟོག་གི་གྲངས་འབོར་ཚོད་འཛིན་བྱས་པས་རྩྭ་ཐང་གི་ཁོར་ཡུག་ཉིན་བཞིན་ལེགས་སུ་འགྲོ་བཞིན་ཡོད། སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ནས་ཧུང་ཡོན་དུ་ལྗོངས་སྐོར་དུ་ཡོང་མཁན་ཇེ་མང་དུ་ཕྱིན་པ་དང་། འབྲོག་པ་ཚོས་བོད་ཁྱིམ་སྤྲོ་སྐྱིད་ཁང་གཅིག་རྗེས་གཉིས་མཐུད་ངང་གཉེར་ནས་ལྗོངས་སྐོར་ལས་རིགས་ལ་བརྟེན་ནས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཕྱུག་འགྱུར་བྱུང་ཡོད། འཚོ་སྡོད་ལ་འཚམ་པ་དང་ལས་སྒོ་གཉེར་རྒྱུར་འཚམ་པ། ལྗོངས་སྐོར་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་ཁོང་ཡོངས་མཛེས་ལྗོངས་ཁུལ་དེ་རང་ཁུལ་གྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་སུ་འགྱུར་བཞིན་ཡོད། རྔ་བ་དང་མཛོད་དགེ། ཧུང་ཡོན། འཛམ་ཐང་བཅས་ནི་རང་ཁུལ་གྱི་འབྲོག་རྫོང་བཞི་ཡིན་པའི་ངོས་ནས་རྩྭ་ཐང་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད། རྩྭ་ཐང་དེ་བས་སྔོ་རུ་ཕྱིན་པ་དང་ནོར་ལུག་དེ་བས་ཤ་ཤེད་རྒྱས་པ། རོང་འབྲོག་པའི་ཡོང་འབབ་དེ་བས་མང་དུ་ཕྱིན་པས། འབྱུང་འགྱུར་གྱི་བདེ་སྐྱིད་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད།   


    སྐྱེ་ཁམས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱས་པའི་རྔ་བའི་ལག་ལེན་ཞིག་རེད། ཉེ་བའི་ལོ་འགར། རང་ཁུལ་གྱིས་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་གཞི་རྟེན་དུ་བྱས་ནས་རང་བྱུང་སྐྱེ་ཁམས་ཀྱི་གདོད་མའི་རང་བཞིན་ལ་བརྩི་བཀུར་བྱས་པ་དང་། རི་ཆུའི་སྐྱེ་ཁམས་ཀྱི་མ་གདན་སྲུང་སྐྱོབ། ཆུ་བོའི་བཞུར་རྒྱུད་དང་ཆུ་ལག་གི་གནས་སྟངས་རྒྱུད་འཛིན། རྨོ་ཞིང་སྲུང་སྐྱོང་བྱས་ཏེ་སྐྱེ་ཁམས་ཀྱི་དམར་ཐིག་ནན་སྲུང་བྱས་པ། སྲུང་སྐྱོང་བྱེད་ནུས་ས་ཁོངས་སྣ་ཚོགས་དོན་འཁྱོལ་བཅས་བྱས་ནས། ཁོངས་ཡོངས་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། རྔ་བའི་དམིགས་བསལ་གྱི་རང་བྱུང་སྐྱེ་ཁམས་ཀྱི་མཛེས་སྡུག་དང་སྣ་མང་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ནས། ཁུལ་ཡོངས་ཀྱི་སྐྱེ་ཁམས་གྲོང་ཁྱེར་དང་སྐྱེ་ཁམས་ཡུལ་ཚོ་དང་གྲོང་རྡལ་དབར་ཕན་ཚུན་བཀྲག་མདངས་འཚེར་ལ། མཛེས་སྡུག་ལྡན་པའི་རི་ཀླུང་དང་མཛེས་སྡུག་ལྡན་པའི་མི་འཚོ་སྡོད་ཀྱི་འཚོ་བ་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། ལྗང་མདོག་ནི་རྔ་བའི་རི་ཀླུང་གི་ཁ་དོག་གཙོ་བོ་ཡིན་པ་དང་། རྔ་བའི་འཕེལ་རྒྱས་ཀྱི་རྟག་བརྟན་འགུལ་ནུས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་ཡིན་པ་གཙིགས་སུ་བཟུང་ནས། སྐྱེ་ཁམས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཀྱི་ཕུགས་འདུན་རིམ་བཞིན་མངོན་འགྱུར་བྱེད་བཞིན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1