སྤྱི་ཚོགས་སུ་སྤྱོད་པའི་བོད་ཡིག་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-24



          “ང་ཚོས་ཉིན་ལྟར་མང་ཚོགས་ལ་རིན་མེད་ཀྱི་ཡིག་སྒྱུར་ཞབས་ཞུ་མཁོ་འདོན་བྱས་ནས་ཉིན་རེར་ཆ་སྙོམས་ཀྱིས་མི་ཐེངས50སྣེ་ལེན་བྱེད་ཀྱིན་ཡོད”ཅེས་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཡིག་སྒྱུར་ཞབས་ཞུའི་སྐར་ཁུང་གི་ལས་དོན་མི་སྣ་སྤེན་པ་སྒྲོལ་མས་གསར་འགོད་པར་དེ་ལྟར་བཤད།

སྤེན་པ་སྒྲོལ་མས་ལས་ཀ་བྱེད་བཞིན་པ།
       རྒྱ་ཆེའི་གྲོང་མི་རྣམས་ལ་རྒྱ་བོད་ཡིག་སྒྱུར་ཚད་ལྡན་གྱི་ཞབས་ཞུ་མཁོ་འདོན་བྱ་ཆེད། ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཡིག་སྒྱུར་ཞབས་ཞུའི་སྐར་ཁུང་བཙུགས་པ་དང་། ལས་སྒོའི་རྐང་འཛིན་པ་རྣམས་སྐར་ཁུང་དུ་བཀོད་སྒྲིག་བྱས་ནས་མང་ཚོགས་ལ་སྟབས་བདེ་དང་། མགྱོགས་མྱུར། རིན་མེད་བཅས་ཡིན་པའི་རྒྱ་བོད་ཡིག་སྒྱུར་གྱི་ཞབས་ཞུ་མཁོ་འདོན་བྱས་ཤིང་། ཞབས་ཞུའི་ཡིག་སྒྱུར་ཚད་ལྡན་དང་ལས་ཕྱོད་ཆེ་བས་རྒྱ་ཆེའི་གྲོང་མི་རྣམས་ཀྱི“ཡིག་སྒྱུར་དཀའ་ངལ”ཐག་གཅོད་ནུས་ལྡན་བྱས་ཡོད།
       སྤེན་པ་སྒྲོལ་མས“ང་ཚོས་གཙོ་བོར་བརྡ་ཁྱབ་བྱང་བུ་དང་། ཁེ་ལས་དང་བྱ་གཞག་ཚན་པའི་སྦྱར་ཡིག་སོགས་རྒྱ་ཡིག་གི་ཡིག་འབྲུ50དང་བོད་ཡིག་ཡིག་འབྲུ100ཡི་ནང་ཚུན་ལ་རིན་མེད་ངང་ཡིག་སྒྱུར་ཞབས་ཞུ་མཁོ་འདོན་བྱེད་ཀྱིན་ཡོད”ཅེས་བཤད།  སྐར་ཁུང་གི་ལས་ཀ་གཉེར་ཚད་ལོ་རེར་ཆ་སྙོམས་ཀྱིས་ཡིག་ཆ་ཁྲི2ལྷག་ཙམ་ཟིན་གྱི་ཡོད་ཅེས་བཤད།

སྐར་ཁུང་གི་ལས་དོན་མི་སྣས་གྲོང་མིར་རིན་མེད་ངང་ཡིག་སྒྱུར་ཞབས་ཞུ་མཁོ་འདོན་བྱེད་བཞིན་པ།
       ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཡིག་སྒྱུར་ཞབས་ཞུའི་སྐར་ཁུང་བཙུགས་པ་དེ་ནི་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་ཞིག་ཡིན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཧུར་ཐག་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་གྱི་ཡིག་ཆའི་དགོངས་དོན་གཞིར་བཟུང་སྟེ། ལྷ་སའི་སྤྱི་ཚོགས་ཐོག་སྤྱོད་པའི་བོད་ཡིག་ཚད་ལྡན་ལེགས་པོ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད།
       རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་དྲ་ཐོག་ལྟ་སྐུལ་ཐེར་འདོན་གོང་ཞུའི་བགྲོད་ལམ་སྤྱད་ཡོད། དེ་ཡང་སྟབས་བདེ་ཡིན་པའི་ལག་ཐོག་གི་ཡིག་སྒྱུར་མཉེན་ཆས་མཁོ་འདོན་བྱས་པ་དང་། དྲ་འོག་ནས་ཡུལ་དངོས་སུ་ཕྱིན་ནས་ཞིབ་བཤེར་བྱས་ཏེ་འགྱུར་སྐྱོན་ཡོད་པ་རྣམས་ལ་ཚད་ལྡན་གྱི་ཡིག་སྒྱུར་ཞབས་ཞུ་མཁོ་འདོན་བྱས་ཏེ་ཡི་གེ་རྣམས་ཡ་རབས་ཚད་ལྡན་གྱིས་སྤྱོད་ཐུབ་པར་བྱས། དྲ་ཐོག་དང་དྲ་འོག་མཉམ་འཛིན་སྤྱི་སྒྲུབ་བྱས་པ་བརྒྱུད་ཡིག་སྒྱུར་ཡང་མ་དག་པའི་རྐྱེན་ལས་བྱུང་བའི་ཡི་གེ་སྐྱོན་ཅན་རྣམས་འབྱུང་རྩ་ནས་ཚོད་འཛིན་བྱས་ཡོད་པ་དང་། དྲ་དམངས་རྣམས་ཀྱིས་སྐད་འཕྲིན་དང་པོད་འཕྲིན། འཁྱུག་དབྱངས་སོགས་སྒེར་གྱི་སྨྱན་སྦྱོར་སྟེགས་བུ་བརྒྱུད་ནས་སྤྱི་ཚོགས་སུ་སྤྱོད་པའི་ཡི་གེ་སྐྱོན་ཅན་དམར་རྗེན་དུ་མཚང་འབྱིན་པའི་སྣང་ཚུལ་ཇེ་ཉུང་དུ་ཕྱིན་ཡོད་པ་རེད།

ཡིག་སྒྱུར་ཞབས་ཞུའི་སྐར་ཁུང་ལ་ཐོབ་པའི་མཚན་སྙན།
       གཞན་ཡང་། ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་བོད་སྐད་ཡིག་ལས་དོན་གྱི་ཆ་འཕྲིན་འཛུགས་སྐྱོང་གོམ་སྟབས་ཇེ་མགྱོགས་དང་བོད་ཡིག་གི་ཐ་སྙད་གསར་པ་ཁྱབ་གདལ་གཏོང་ཤུགས་ཇེ་ཆེར་བཏང་ནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་བ་སྟེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ《བཀས་བཅད་ཐ་སྙད་རྒྱ་བོད་ཚིག་མཛོདApp》ཡི་ཨན་ཀྲུའོ་པར་གཞི་དངiOSཔར་གཞི་གཉིས་ཀ་ཞིབ་བཟོ་བྱས་པ་ཡོངས་སུ་ལེགས་འགྲུབ་བྱུང་ནས། རྒྱ་ཆེའི་ཡིག་སྒྱུར་ལས་དོན་པ་དང་ཡིག་སྒྱུར་ལ་མོས་མཁན་ཚོར་སྟབས་བདེའི་ལག་ཐོག་གི་ཞབས་ཞུ་འདོན་སྤྲོད་བྱས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1