དཀར་མཛེས་ཁུལ་གྱི་ཤེས་ཡོན་མི་སྣའི་ལས་དོན་འཕེལ་རྒྱས་གཏོང་བའི་དངོས་ཟིན།
སྤྱི་ཟླ9ཚེས6ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས《དཀར་མཛེས་ཁུལ་གྱི་ཡུལ་སྡེ་ཤེས་ཡོན་མི་སྣ་འཕེལ་རྒྱས་གཏང་རྒྱུའི་ལོ་ལྔའི་ལག་བསྟར་ཇུས་གཞི(2021ལོ་ནས2025ལོའི་བར)》ལ་གྲོས་འཆམ་བྱུང་སྟེ་ཤེས་ཡོན་མི་སྣའི་རིག་སྟོབས་འདི་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གཞི་རིམ་བཅོས་སྐྱོང་བཅས་ཀྱི་ལས་གྲྭ་དང་པོར་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
ལྕགས་ཟམ་རྫོང་མཚོ་གཉིས་ཡུལ་ཤོག་གི་གཞིས་མི་ལི་གོ་ཕེང་གིས“ང་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པར་ཕ་ཡུལ་དང་ཁ་གྱེས་ཏེ་ཕྱིར་གླ་སར་སོང་བ་ཡིན། མ་དངུལ་ཁྱེར་ཏེ་ཕ་ཡུལ་ལ་ལོག་ནས་བྱ་གཞག་གསར་གཏོད་བྱས་ནས་ཏག་ཏག་ལོ་སུམ་ཅུ་འདས་སོང་། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཁྱིམ་མི་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་རྒྱུ་བྱུང་སོང”ཞེས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད།
ལོ་ལྔའི་སྔོན་དུ། ལི་གོ་ཕེང་གིས་རང་གྲབས་མ་དངུལ་དང་འབྲེལ་ཡོད་ལས་གཞིའི་མ་དངུལ་གྱི་རྒྱབ་སྐྱོར་ལ་བསྟེན་ནས་ལྕགས་ཟམ་རྫོང་དུ་ཡུལ་སྡེ་ཡུལ་སྐོར་གྱིས་གཙོ་བོ་བྱས་པའི་འུ་ལག་རི་བོའི་ས་གཤིས་རྟེན་རྫས་བཤམས་མཛོད་ཁང་དང་བཟོ་རྩལ་ཐོན་རྫས་ལས་སྣོན་བཟོ་གྲྭ། ལྟ་སྐོར་ཞིང་ལས་གཞི་གཅིག་ཅན་གྱི་མི་རིགས་ཡུལ་སྡེ་མགྲོན་ཁང་གི་ཕྱོགས་བསྡུས་སྒྲིག་གཞི་འཛུགས་སྐྲུན་བྱས་ནས་གྲོང་མིར་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པ་དང་ཆབས་ཅིག། ལོ་ལྟར་ད་དུང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི5འཕར་སྣོན་བྱུང་། ཁོ་ལ་སྔ་གཞུག་ཏུ“དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་ཡུལ་སྡེ་ཤེས་ཡོན་མི་སྣའི་ལས་གཏོད་འགྲན་བསྡུར་ཁྲོད་དུ་བྱ་དགའ་ཨང་གསུམ་པ”དང་།“སི་ཁྲོན་ཞིང་ཆེན་སྐབས་བཞི་པའི་ཡུལ་གྲོང་ཤེས་ཡོན་མི་སྣའི་ལས་གཏོད་འགྲན་སྡུར་ནང་དབུལ་ཐར་འགག་སྒྲོལ་གྱི་དམིགས་བསལ་བྱ་དགའ”སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།
སྤྱི་ཟླ10པའི་ཚེས22ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤེས་ཡོན་མི་སྣའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། ཁུལ་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤེས་ཡོན་མི་སྣའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཤེས་ཡོན་མི་སྣའི་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། ཐོག་མཐའ་བར་གསུམ་དུ་ཤེས་ཡོན་མི་སྣའི་ལས་དོན་དེ་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཁྲོད་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མིག་རྒྱང་རིང་པོའི་འཆར་འགོད་བཀོད་སྒྲིག་གནད་དུ་སྨིན་པ་བྱས་ནས་ཞན་ཆ་མེད་པ་བཟོས་པ་དང་། དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བ་ལ་སྐུལ་འདེད་གཏོང་བར་ཤེས་ཡོན་མི་སྣའི་མཁོ་འདོན་འགན་ལེན་བྱས་པ་རེད།
ཀ ཏང་གིས་ཤེས་ཡོན་མི་སྣར་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཤེས་ཡོན་མི་སྣའི་ལས་དོན་གྱི་གནས་བབ་ཆེན་པོ་འཛུགས་སྐྱོང་བྱས།
ར་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཤེས་ཡོན་མི་སྣར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་པ་དང་ཤེས་ཡོན་མི་སྣས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དམ་འཛིན་བྱེད་པ་དང་། སྤྱི་ཁོག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མངོན་གསལ་དོད་པོས་བཅོས་བསྒྱུར་གསར་གཏོད་བྱེད་པ། ཤེས་ཡོན་མི་སྣའི་ལས་དོན་ལ་སྐུལ་འདེད་གཏོང་བའི་འགྲིལ་ཤུགས་ཆགས་པ་བཅས་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཤེས་ཡོན་མི་སྣའི་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་མཐོ་སྒང་དུ་དོན་འཁྱོལ་ཡོང་བར་འགན་ལེན་བྱས་པ་རེད།
ཤེས་ཡོན་མི་སྣའི་ལས་དོན་འཕེལ་རྒྱས་ཁྲོད་དུ། རང་ཁུལ་གྱི་ཕུགས་ཡུན་བཀོད་སྒྲིག་དང་བརྒྱུད་རིམ་ལྡན་པའི་འཆར་འགོད་ལ་མཐོང་ཆེན་བྱས་ཏེ་ཆེད་དུ《དཀར་མཛེས་ཁུལ་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཤེས་ཡོན་མི་སྣའི་འཕེལ་རྒྱས་འཆར་འགོད》དང་།《ཤེས་ཡོན་མི་སྣ་དར་རྒྱས་གཏོང་བའི་ཇུས་འགོད་ལག་བསྟར་བྱས་ནས་ཤེས་ཡོན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ལ་སོགས་པའི་སྲིད་ཇུས་གཏན་འབེབས་བྱས་ནས་ཤེས་ཡོན་མི་སྣའི་འཕེལ་རྒྱས་ཀྱི་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ། “ཁྲིད་སྟོན་དང་གསོ་སྐྱོང་།བཀོལ་སྤྱོད”བཅས་ཀྱི་མ་ལག་འཛུགས་སྐྱོང་ལ་དམིགས་ཏེ། མཐོ་རིམ་ཤེས་ཡོན་མི་སྣ་ནང་འདྲེན་དང་ཚན་རྩལ་ཤེས་ཡོན་མི་སྣས་གསར་གཏོད་ལས་སྐྲུན་བྱེད་པར་སྐུལ་སློང་། ཤེས་ཡོན་མི་སྣ་གཞི་རིམ་དུ་བསྐྱོད་པར་ཁྲིད་སྟོན་སོགས་ཀྱི་བྱེད་ཐབས་དུས་ཐོག་ཏུ་བཏོན། ཤེས་ཡོན་མི་སྣའི་ལས་དོན་འཕེལ་རྒྱས་གཏོང་བའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་ཆེད། རང་ཁུལ་གྱིས་ཤེས་ཡོན་མི་སྣའི་ལས་དོན་མགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་དུས་བཀག་ལྟར་ཤེས་ཡོན་མི་སྣའི་ལས་དོན་དང་ཤེས་ཡོན་མི་སྣའི་ལས་དོན་གྱི་མཉམ་ཞུགས་ཚོགས་འདུ། ལས་འགན་བསྒྲུབས་ཚུལ་དང་དཔྱད་མོལ་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་བཙུགས་པ་དང་། དུས་བཀག་ལྟར་ཞིབ་འཇུག་བརྡར་གཅོད་དང་ཤེས་ཡོན་མི་སྣའི་ལས་དོན་གྱི་གཙོ་གནད་དང་དཀའ་གནད་ཐག་གཅོད་བྱས་པ་དང་།ཏང་ཨུས་གཅིག་གྱུར་མགོ་ཁྲིད་དང་རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་བྱས་ལ། འགན་ནུས་སྡེ་ཚན་གྱིས་རང་འགན་རང་འཁུར་དང་གཞོགས་འདེགས་དམ་ཟབ་བཅས་བྱས་པས་སྤྱི་ཚོགས་སྟོབས་ཤུགས་ཡོངས་ཁྱབ་ཏུ་ཞུགས་པའི་ཤེས་ཡོན་མི་སྣའི་ལས་དོན་གྱི་རྣམ་པ་གཞི་རྩའི་ཆ་ནས་གྲུབ་པ་རེད།
ཁ དབང་ཆ་གཤམ་སྤྲོད་ལ་མཐོང་ཆེན་བྱས་ཏེ། སྒྲིག་སྲོལ་བཅོས་བསྒྱུར་ཇེ་མགྱོགས་སུ་བཏང་།
ཤེས་ཡོན་མི་སྣའི་ཁེ་ཕན་མགྱོགས་མྱུར་ངང་འདོན་ཆེད། རང་ཁུལ་གྱིས་ཤེས་ཡོན་མི་སྣའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་བཅོས་བསྒྱུར་དང་གསར་གཏོད་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། ཤེས་ཡོན་མི་སྣའི་འཕེལ་རྒྱས་དང་གསར་གཏོད་ལས་གཏོད་ལ་ཕན་པའི་སྒྲིག་སྲོལ་དང་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་བཏང་།
མི་བཀོལ་སྤྱོད་བྱེད་མཁན་གཙོ་བོར་དབང་ཆ་གཤམ་ལ་སྤྲོད་གང་ཐུབ་བྱེད་ཆེད། རང་ཁུལ་གྱིས《ཤེས་ཡོན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་ཕྱོགས་ཡོངས་ནས་བཅོས་བསྒྱུར་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《དཀར་མཛེས་ཁུལ་ཚན་རིག་ཞིབ་འཇུག་ཁང་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་མི་དོན་རང་ཐག་རང་གཅོད་ཀྱི་དབང་ཆའི་བྱ་ཐབས་ཁག་བཅུ》སོགས་ཀྱི་སྲིད་ཇུས་བཏོན་ནས། དོ་དམ་འགན་ནུས་སྡེ་ཚན་ལ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུར་སྐུལ་འདེད་དང་། མི་སྤྱོད་མཁན་གྱིས་ཐལ་དྲགས་པའི་ཐེ་གཏོགས་བྱེད་པ་མེད་པར་བཟོས་ནས་བཅོས་བསྒྱུར་དོན་ཚན་ཁག28དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།
རང་ཁུལ་གྱིས་ཤེས་ཡོན་མི་སྣར་གདེང་འཇོག་དང་སྐུལ་ལྕག་བྱེད་པའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་གཏན་འཁེལ་གྱི་གདེང་འཇོག་དང་གཏན་འཁེལ་གྱི་བེད་སྤྱོད་ཀྱི་གཞི་རིམ་གོ་མིང་ལམ་ལུགས་ལག་བསྟར་བྱས། 2019ལོ་ནས་བཟུང་ཁུལ་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན།ཞིང་ལས།རིག་གནས་སོགས་ཁྱབ་ཁོངས་ཀྱི་མི502ལ་ཁ་ཕྱོགས་གཏན་འཁེལ་གྱི་མཐོ་རིམ་གོ་མིང་ཐོབ་པ་དེས་དགེ་མཚན་ལྡན་པའི་སྒོ་ནས་ཕུལ་བྱུང་གི་ཆེད་ལས་ལག་རྩལ་གྱི་ཤེས་ཡོན་མི་སྣའི་གྲུབ་འབྲས་ཐོབ་པའི་བསམ་པ་ཆེ་རུ་ཕྱིན། 《དཀར་མཛེས་ཁུལ་གྱིས་ཚན་རྩལ་མི་སྣའི་གསར་གཏོད་ལས་གཏོད་ལ་སྐུལ་མ་གཏོང་བའི་བྱ་ཐབས་བཅུ་གསུམ》བཏོན་ནས་མཐོ་རིམ་ཤེས་ཡོན་མི་སྣའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། ཚན་རྩལ་ཤེས་ཡོན་མི་སྣས་གྲུབ་འབྲས་གཞན་སྒྱུར་ལ་བརྟེན་ནས་དགེ་མཚན་སྔར་ལས་མང་པོ་འཐོབ་པར་རྒྱབ་སྐྱོར་བྱས་པ་དང་། “ཤེས་ཡོན་མི་སྣར་སྐུལ་མ་གཏོང་བའི་རྒྱབ་སྐྱོར་འཆར་གཞི”ལག་བསྟར་བྱས་ནས་ཁམས་པའི་གསར་གཏོད་ལས་གཏོད་ཀྱི་སྣེ་ཁྲིད་ཤེས་ཡོན་པ་དང་ཁམས་པའི་གཞོན་ནུའི་དྭངས་རྩེ། ཁམས་པའི་ལག་ཤེས་པ་སོགས་ཕུལ་བྱུང་ཤེས་ཡོན་པ90བདམས་ནས་གསོ་སྐྱོང་བྱས་ཏེ་རྒྱ་ཆེའི་ཕུལ་བྱུང་ཤེས་ཡོན་མི་སྣའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ཡོད། །
ག ལས་གྲྭ་གལ་ཆེན་ལག་བསྟར་བྱས་ནས་ས་ཁོངས་ཀྱི་ཤེས་ཡོན་མི་སྣའི་ཚད་གཞི་མཐོ་ཤོས་གསར་པ་བཏོད།
གྲངས་གཞིའི་ཐོག་ནས་མཚོན་དོན།ཉེ་བའི་ལོ་གསུམ་རིང་རང་ཁུལ་གྱིས་རིམ་པ་མཐོ་བ་དང་དགོས་མཁོ་ཆེ་ལ་དཀོན་པའི་ཤེས་ཡོན་པ5500ལྷག་ཙམ་ནང་འདྲེན་བྱས་ནས་ཤེས་ཡོན་མི་སྣའི་བསྡོམས་འབོར་ཁྲི9.2ལྷག་ལ་ཟིན་ཡོད་ཅིང་། རང་ཁུལ་གྱིས་ཤེས་ཡོན་མི་སྣའི་ཇུས་འགོད་གལ་ཆེན་གྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས“ཁམས་པའི་ཤེས་ཡོན་མི་སྣ་ཁྲི་སྟོང་གི་ཇུས་འགོད”ལག་ལེན་ཤུགས་ཆེན་བསྟར་བ་དང་།“ཁམས་པའི་ཤེས་ཡོན་མི་སྣའི་འཆར་གཞི”མུ་མཐུད་ནས་ལག་ལེན་བསྟར་བ།སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཤེས་ཡོན་མི་སྣའི་ཚད་གཞི་མཐོ་ཤོས་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ཡོད། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་པ་སོགས་ལ་དམ་པོར་དམིགས་ནས་ཞུས་ཀྲི་ཆིན་དང་།ཧོང་ལུའུ་ཆི།ཝང་ཁྲེན་སོགས་ཁང་གཉིས་ཀྱི་ཡོན་ཧྲེ་སྔ་རྗེས་སུ་རང་ཁུལ་དུ་བསྐྱོད་དེ་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སོགས་ཀྱི་ཐད་གནད་འཁེལ་བརྟག་ཞིབ་བྱས་ནས་ཁུལ་ཡོངས་ཀྱི་ཤེས་ཡོན་མི་སྣའི་བསྡོམས་འབོར་རྒྱུན་མཐུད་ངང་མང་དུ་ཕྱིན་པ་དང་ཤེས་ཡོན་མི་སྣའི་གྲུབ་ཆ་ལེགས་སུ་ཕྱིན་ཡོད།
ཝུའེ་ཀེན་ཕུའུ་ནི་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གིས2015ལོར་དགོས་མཁོ་ཆེ་ལ་དཀོན་པའི་ནང་འདྲེན་བྱས་པའི་མཐོ་རིམ་ཤེས་ཡོན་པ་ཞིག་རེད། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་དམིགས་བསལ་ཁྱད་ཆོས་ཀྱི་ཐུམ་འབུའི་ནད་སྨན་བཅོས་བྱེད་ཐབས་འཚོལ་ཞིབ་བྱས་པ་དང་།མཆིན་པའི་ཐུམ་འབུའི་རྩ་བཅོས་རང་བཞིན་གྱི་གཤག་བཅོས་བྱེད་ཚད་དེ2015ལོའི་གོང་གི་བརྒྱ་ཆ60ཡས་མས་ནས2020ལོའི་བརྒྱ་ཆ92བར་མཐོ་རུ་བཏང་ཡོད།རྒྱ་ཆེའི་ཐུམ་འབུའི་ནད་པས“ཚེ་སྲོག་གི་སྲུང་མ”ཞེས་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་རེད།
རང་ཁུལ་གྱི་ཤིན་ཏུ་དབུལ་པོའི་རྫོང་གི་ཤེས་ཡོན་མི་སྣ་དར་རྒྱས་གཏོང་བའི་ལས་གྲྭ་གཏིང་ཟབ་ཏུ་སྤེལ་ཡོད། “དཀོན་པའི་ཆེད་ལས་ཤེས་ཡོན་མི་སྣ་རིན་དོད་མི་དགོས་པར་ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་དང་“དཀོན་པའི་ཆེད་ལས་རྐང་འཛིན་པས་ལས་གནས་ཚབ་སྒྲུབ་ཀྱིས་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་ཟུང་དུ་འབྲེལ་བའི་གསོ་སྐྱོང་འཆར་གཞི་ལག་བསྟར་བྱ་རྒྱུ་དང་། གཞི་རིམ་དུ་སློབ་ཡོན་མི་དགོས་པའི་གནས་གཏན་འཁེལ་གྱི་ཆེད་ལས་སློབ་ཆེན་སློབ་མ2251གསོ་སྐྱོང་བྱ་ཆེད་སློབ་གསོ་འཕྲོད་བསྟེན་དང་།ཞིང་འབྲོག་ཆུ་བེད།ཡུལ་སྐོར་འཆར་འགོད་སོགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ཡོན་པ300ལྷག་ཙམ་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཁེ་ལས་དང་བྱ་གཞག་སྡེ་ཚན་དུ་ལས་གནས་ཐོག་སྦྱོང་བརྡར་དང་ཟབ་སྦྱོང་བྱེད་པར་མངགས་པས་གཞི་རིམ་དུ་དགོས་མཁོ་ཆེ་ལ་དཀོན་པའི་ཤེས་ཡོན་མི་སྣའི་གྲངས་འབོར་གཉིས་ཀ་མང་དུ་ཕྱིན་ཡོད།
ང་། འཕེལ་རྒྱས་ཀྱི་ལས་སྟེགས་འཛུགས་སྐྱོང་བྱས་ནས་ཤེས་ཡོན་མི་སྣའི་ཕན་ནུས་མྱུར་ཚད་མགྱོགས་སུ་བཏང་བ།
ཤེས་ཡོན་མི་སྣས་བྱ་གཞག་འཕེལ་རྒྱས་གཏོང་བ་དང་བྱ་གཞག་འཕེལ་རྒྱས་ཀྱིས་ཤེས་ཡོན་མི་སྣ་གསོ་སྐྱོང་བྱས་ཤིང་། རང་ཁུལ་གྱིས་རིམ་པ་མཐོ་བའི་ཤེས་ཡོན་མི་སྣ་ལ་གཅིག་སྡུད་ཀྱི་སྟེགས་བུ་ཧུར་ཐག་བཏོད་དེ་ཁུལ་རིམ་པའི་ཡོན་ཧྲི(རིགས་གཅིག་མཁས་པ)ལས་དོན་ས་ཚུགས9བདེ་བླག་ངང་བསྐྲུན་པ་དང་། རྒྱལ་ཁབ་རིམ་པའི་ལག་རྩལ་འཇོན་ནུས་མཁས་ཅན་གྱི་ལས་སྒྲུབ་ཁང1དང་།ཞིང་ཆེན་རིམ་པའི་ལག་རྩལ་འཇོན་ནུས་མཁས་ཅན་ལས་སྒྲུབ་ཁང3 ཁུལ་རིམ་པའི་ལག་རྩལ་འཇོན་ནུས་མཁས་ཅན་གྱི་ལས་སྒྲུབ་ཁང17བཅས་བཏོད་ཡོད། ཚན་རྩལ་གསར་གཏོད་ཀྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རྒྱལ་ཁབ་ཀྱི་རྩེ་གྲའི་ལག་རྩལ་ཁེ་ལས3ཡོད་པ་དང་།ས་བབ་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ཚད་ལེན་ས་ཚུགས་དང་བར་སྣང་ཁོར་ཡུག་རྩིག་རྨང་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དྲ་བའི(ཙིའུ་ལས་གྲྭའི་དུས་ཐེངས་གཉིས་པ)སྒོར་དབྱིབས་ཨ་ལོང་གི་ཉི་མའི་རླུང་གི་འཕྲོ་གློག་རྒྱང་ཤེལ་ལས་གཞི་སོགས་རྒྱལ་ཁབ་ཀྱི་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན2བདེ་བླག་ངང་སྤྱོད་མགོ་བཙུགས་ཡོད།
རང་ཁུལ་གྱིས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་མཉམ་ལས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་། སྔ་རྗེས་སུ་ཆིན་ཧྭ་སློབ་ཆེན་དང་སི་ཁྲོན་ཞིང་ལས་སློབ་ཆེན་སོགས་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་དང་། སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་།སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་སོགས་ཚན་རྩལ་ཞིབ་འཇུག་སུའོ་དང་དེ་བཞིན་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཆུ་གློག་གསར་སྤེལ་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་ཤེ་ཁྲེང་ཚོགས་པ་སོགས་ཁེ་ལས་གྲགས་ཅན་མང་པོ་ཞིག་གིས་རང་ཁུལ་གྱི་སློབ་གྲྭ་དང་ཁེ་ལས་སོགས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་དེ་སློབ་གསོ་སྨན་བཅོས་དང་།ཞིང་ལས་ཐོན་སྐྱེད།ཚན་རྩལ་ཞིབ་འཇུག་གསར་སྤེལ།ཤེས་ཡོན་པ་གསོ་སྐྱོང་སོགས་ཀྱི་ལས་གཞི88དང་འབྲེལ་བ་ཡོད་པས་མཉམ་ལས“གྲོགས་ཚོགས”ཟམ་མི་ཆད་པར་རྒྱ་སྐྱེད་བཏང་དང་གཏོང་བཞིན་ཡོད།
ཁུལ་ནང་ཁུལ་གྱི་ལེགས་ལྡན་ཐོན་རྫས་རི་ཁུལ་ནས་ཐོན་ཐུབ་པ་བྱ་ཆེད།དཀར་མཛེས་ཁུལ་དང་ཧང་ཀྲོའུ་བྱིས་པ་ཧ་ཧ་ཚོགས་པའི་བར་ཁྱོན་ཡོངས་ནས་མཉམ་ལས་བྱས་ཏེ་བྱིས་པ་དང་ཧ་ཧ་ཞིབ་འཇུག་ཁང་གི་ཡན་ལག་ཁང་བཙུགས་ནས་མཐོ་སྒང་གི་ཁྱད་ཆོས་ཀྱི་མ་བཅོས་རྒྱུ་ཆར་དམིགས་ནས་ཐོན་རྫས་ཞིབ་འཇུག་གསར་སྤེལ་གཏིང་ཟབ་བྱས་ཏེ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་སྟེ་ཁྱད་ཆོས་ཞིང་ལས་ཐོན་རྫས་བཟོ་ལས་ཅན་དང་།ཐོན་ལས་ཅན།ཚད་ལྡན་ཅན་བཅས་ཀྱི་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས། ལི་ཐང་རྫོང་གིས་སི་ཁྲོན་ཞིང་ལས་སློབ་ཆེན་དང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་སོགས་དང་མཉམ་འབྲེལ་ཐོག་ཡའོ་སང་སྔོ་ཚལ་དེང་རབས་ཞིང་ལས་གླིང་ཁུལ་བཏོད་དེ“གླིང་སྣེའི་ཤིང་འབྲས་དང་སྔོ་ཚལ་གྱི”ས་ཁོངས་སྤུས་རྟགས་བདེ་བླག་ངང་གསོ་སྐྱོང་བྱས་པ་དང“ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཞིང་ལས་ཐོན་རྫས་བདེན་དཔང་ར་སྤྲོད་བྱེད་ཚད13ལ་ཟིན་པ་དང་།ཀྲོ་མ་ཀྲུ་དང་ལ་ཕུག་སོགས་སྔོ་ཚལ་ཐོན་རྫས་ཀོང་ཏུང་དང་ཤང་ཀང་།ཨའོ་མེན་ས་ཁུལ་དུ་བྲིན་ཚོང་བྱས་པ།གླིང་ཁུལ་དེ“རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་འགྲེམས་སྟོན་རྟེན་གཞི”དང“ཞིང་ཆེན་ཡོངས་ཀྱི་སྐར་ལྔའི་དེང་རབས་ཞིང་ལས་གླིང་ཁུལ”ལ་བདམས་ཡོད།
དེ་དང་ཆབས་ཅིག་རང་ཁུལ་གྱིས་ད་དུང་ཤེས་ཡོན་མི་སྣའི་གསར་གཏོད་ལས་གཏོད་ཀྱི་ལས་སྟེགས་བསྐྲུན་རྒྱུར་མཐོང་ཆེན་བྱས་ནས“དཀར་མཛེས་དར་རྒྱས”གཏོད་པའི་ལས་གཏོད་འགྲན་བསྡུར་ཆེན་མོ་སྐབས་ལྔ་པ་དང་།ཡུལ་སྡེའི་ཤེས་ཡོན་མི་སྣའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོ་སྐབས་གསུམ་པ།“ཁམས་པའི་ལག་ཤེས་པའི་བུམ་པའི”ལས་རིགས་ལག་རྩལ་འཇོན་ནུས་འགྲན་བསྡུར་ཆེན་མོ་སྐབས་བཞི་བ་བཅས་བདེ་བླག་ངང་གཉེར་བ་དང་ལས་རིགས་ཁག་གི་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ཡོན་མི་སྣའི་ལག་རྩལ་འཇོན་ནུས་འབུར་དུ་ཐོན་ཡོད། ཕུལ་བྱུང་ཤེས་ཡོན་མི་སྣ་འོས་སྦྱོར་ཧུར་ཐག་བྱས་ནས“སི་ཁྲོན་བུམ་པའི”གསར་གཏོད་འགྲན་བསྡུར་ཆེན་མོ་དང་ཞིང་ཆེན་ཡོངས་ཀྱི་ཡུལ་སྡེའི་ཤེས་ཡོན་མི་སྣའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོར་ཞུགས་སུ་བཅུག་ནས་གྲུབ་འབྲས་ཡག་པོ་ཐེངས་མང་ཐོབ་ཡོད་པ་རེད།
སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཤེས་ཡོན་མི་སྣའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྔ་བ་ཁུལ་དང《གོ་མིང་ཐོབ་ཐང་ཕན་ཚུན་ཁས་ལེན་གྱི་གྲོས་མཐུན》དང་།《ཡུལ་སྐོར་ཤེས་ཡོན་མི་སྣའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྒྲོམ་གཞིའི་གྲོས་མཐུན》བཅས་གྲོས་མཐུན3བཞག་ཡོད། ཁུལ་ནང་ཁུལ་གྱི་ཤེས་ཡོན་མི་སྣ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྣང་ཆེན་བྱས་ཏེ་དར་མདོ་གྲོང་ཁྱེར་གྱིས་ཞིང་ཆེན་རིམ་པའི་ཤེས་ཡོན་མི་སྣའི་ལས་དོན་སྔོན་སྒྲུབ་ཁུལ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་ནས་ལྕགས་ཟམ་རྫོང་དང་།ལི་ཐང་།དཀར་མཛེས་བཅས་རྫོང་གསུམ་གྱིས་ཁུལ་རིམ་པའི་ཤེས་ཡོན་མི་སྣའི་ལས་དོན་སྔོན་སྐྱོད་ཁུལ་བསྐྲུན་ནས་ས་ཁོངས་ཀྱི་ཤེས་ཡོན་མི་སྣའི་ལས་དོན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།།