སྤྱི་ཟླ12པའི་ཚེས27ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་རྒྱལ་གླུ་སྙན་མོའི་ཁྲོད་དུ་དར་མདོ་ཟློས་གར་ཁང་དུ་གཟབ་རྒྱས་ངང་འཚོག་མགོ་ཚུགས་པ་རེད།
བློ་མཐུན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་ཞིང་། བློ་མཐུན་ཧྲེན་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚབ་བྱས་ནས《བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅངས་ཏེ། མཐུན་སྒྲིལ་དང་། ཕྱུག་འབྱོར། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་དགོས།》ཞེས་པས་ཁ་བྱང་དུ་བྱས་ནས་ཚོགས་ཆེན་ལ་སྙན་སེང་ཕུལ་བ་རེད།
ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་ངོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་པའི་དུས་སྐབས་གལ་ཆེན་ཞིག་དང་། དཀར་མཛེས་ཁུལ་གྱི་མི་དམངས་ཀྱིས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་ཕྱིར་མུ་མཐུད་དེ་འབད་འཐབ་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོག་པའི་སྔ་མཐུད་ཕྱི་སྐྱོང་དང་མ་འོངས་གསར་གཏོད་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་རེད།
ཚོགས་ཆེན་གྱི་གཙོ་དོན་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་ཞིང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་ཅིང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། ཡིད་ཆེས་བརྟན་དུ་གཏོང་བ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅངས་ཏེ། མཐུན་སྒྲིལ་དང་། ཕྱུག་འབྱོར། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་པ་དེ་རེད།
སྙན་སེང་དེ་ཁག་དགུ་ལ་བགོས་པ་སྟེ། གཅིག། འདས་པའི་ལོ་ལྔའི་རིང་གི་ལས་ཀ་དང་གཞི་རྩའི་ཉམས་མྱོང་། གཉིས། སླད་ཕྱིན་ལོ་ལྔའི་ལས་དོན་གྱི་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ། གསུམ། བློ་རྩ་བརྟན་པོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་དགོས། བཞི། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། ལྔ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏང་དགོས། དྲུག། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས། བདུན། མི་དམངས་ཀྱི་འཚོ་བའི་སྤུས་ཀ་རྒྱུན་ཆད་མེད་པར་ལེགས་སུ་གཏང་དགོས། བརྒྱད།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གསོ་སྐྱོང་གང་མགྱོགས་བྱ་དགོས། དགུ། དུས་རབས་གསར་པའི་ཏང་ལེགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏང་དགོས།
ཚོགས་ཆེན་ཐོག་ཕྱིན་ཆད་ལོ་ལྔའི་ལས་དོན་གྱི་ཁྲིད་སྟོན་བསམ་བློ་བཏོན་པ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཅིང་། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ།འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་འདྲེས་པར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བསམ་གཞི་རྒྱུན་འཁྱོངས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱེད་ས། དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་རྟེན་གཞི། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་བཅས་ཧུར་ཐག་སྐྲུན་པ་དང་། གསར་གཏོད་ཀྱིས་སྒུལ་ཤུགས་བྱེད་ཅིང་། སྤུས་རྟགས་ཀྱིས་སྣེ་ཁྲིད་བྱེད་པ། ས་ཁོངས་ཡོངས་སུ་སྒོ་འབྱེད་པ། ཨང་ཀི་ཅན་གྱི་ནུས་པ་སྐྱེད་པ་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་ཞིང་།ཁྲིམས་ལྟར་ཁུལ་སྐྱོང་བ་དང་། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ། ཡུལ་སྡེ་དར་རྒྱས་ཡོང་བ། འགྲིམ་འགྲུལ་སྔོན་ལ་སྤེལ་བ།ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་ཡོང་བ་བཅས་ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མཐུན་སྒྲིལ་ཕྱུག་འབྱོར་དང་། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་མགྱོགས་མྱུར་བསྐྲུན་དགོས།
ཚོགས་ཆེན་ཐོག་འབོད་སྐུལ་གནང་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་སྲ་བརྟན་འོག། ཁ་སང་གི་སྡུག་བསྔལ་དང་གཟི་བརྗིད་མ་བརྗེད་པ་དང་། དེ་རིང་གི་ལས་འགན་དང་འགན་འཁྲི་འཁུར་ཕོད་པར་ངོ་གནོང་མི་དགོས་པ། འབྱུང་འགྱུར་གྱི་ཕུགས་འདུན་རླབས་པོ་ཆེ་སྟོང་ཟད་དུ་མི་གཏོང་བ་བཅས་བྱེད་པ་དང་། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་བསྐྲུན་ཏེ་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་།“ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་དུས་རབས་གསར་པའི“རྒྱང་སྐྱོད་ལམ་བུ”དང“རྒྱུགས་སྤྲོད་ལམ་བུར”ནུས་ཤུགས་ཡོད་རྒུས་ཡག་པོ་སྐྱོད་པ་དང་། མཐུན་སྒྲིལ་དང་། ཕྱུག་འབྱོར། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བྱས་རྗེས་གསར་པ་དེ་བས་ཆེ་བ་འབུལ་དགོས།།