ལྷ་རྒྱལ་ལོ། བཀྲ་ཤིས་སུ་ཟེར་བའི་རྟེན་འབྲེལ། གཏམ་བཟང་དུ་ཟེར་བའི་རྟེན་འབྲེལ། དེ་རིང་གནམ་ལ་སྐར་མ་བཟང་བའི་རྟེན་འབྲེལ། ས་ལ་ལོ་ཏོག་བཟང་བའི་རྟེན་འབྲེལ། ལྰ། རྟེན་འབྲེལ་གྱི་དང་པོ་གངས་ཀྱི་རྩེ་ལ་ཕྱིན་པས། སེམས་པ་གངས་ལས་དཀར་བའི་རྟེན་འབྲེལ། གངས་དཀར་པོ་འདི་ལ་འགྱུར་བ་མེད་པའི་རྟེན་འབྲེལ། ལྰ། རྟེན་འབྲེལ་གྱི་གཉིས་པ་བྲག་གི་རྩེ་ལ་ཕྱིན་པས། སྐུ་ཚེ་བྲག་ལས་བརྟན་པའི་་རྟེན་འབྲེལ། བྲག་དམར་པོ་འདི་ལ་འགྱུར་བ་མེད་པའི་རྟེན་འབྲེལ།ལྰ། རྟེན་འབྲེལ་གྱི་གསུམ་པ་ཆུ་མོའི་གཞུང་ལ་ཕྱིན་པས། མི་རྒྱུད་ཆུ་ལས་རིང་བའི་རྟེན་འབྲེལ། ཆུ་སྔོན་པོ་འདི་ལ་རྒྱུན་ཆད་མེད་པའི་རྟེན་འབྲེལ་ཞུས་ཡོད།ཞུས་པས། ལ་ཧ་ཧ།
ད་འོ་ན། འབྲས་དཀར་ཁྱོད་ད་ནང་ཡོང་བ་གང་གི་ཕྱོགས་ནས་ཡོང་ངམ། གསུང་ན། ཉི་མ་ཤར་གྱི་ཕྱོགས་ནས་ཡོང་ཡོད།ཤར་རྡོ་རྗེ་སེམས་པའི་སྒོ་རེ་ཕྱེ་ནས་ཡོང་ཡོད། ཉི་མ་ལྷོ་ཡི་ཕྱོགས་ནས་ཡོང་ཡོད། ལྷོ་རིན་ཆེན་འབྱུང་གནས་སྒོ་རེ་ཕྱེ་ནས་ཡོང་ཡོད།ཉི་མ་ནུབ་ཀྱི་ཕྱོགས་ནས་ཡོང་ཡོད། ནུབ་སྣང་བ་མཐའ་ཡས་སྒོ་རེ་ཕྱེ་ནས་ཡོང་ཡོད།ཉི་མ་བྱང་ཀྱི་་ཕྱོགས་ནས་ཡོང་ཡོད། བྱང་དོན་ཡོད་སྒུབ་པའི་སྒོ་རེ་ཕྱེ་ནས་ཡོང་ཡོད། ཉི་མ་དབུས་ཀྱི་ཕྱོགས་ནས་ཡོང་ཡོད། དབུས་སྣམ་པར་སྣང་འཛད་སྒོ་རེ་ཕྱེ་ནས་ཡོང་ཡོད། ཇ་སྔ་ཆ་འདི་བཏུང་ནས་ཡོང་ཡོད། ཕྱི་ཆ་འདི་སྐོལ་ནས་ཡོང་ཡོད། ཕོ་རོག་ནག་ཆུང་མིན་ཡང་།ཤོག་འགྱུར་རྒྱབ་ནས་ཡོང་ཡོད། སྐྱ་ཀ་ཁྲ་ཆུང་མིན་ཡང་། སྒྲོག་སྐད་རྒྱབ་ནས་ཡོང་ཡོད། ཐང་དཀར་རྒོད་པོ་མིན་ཡང་། ནམ་འཕང་བཅད་ནས་ཡོང་ཡོད། ཤ་བ་སྨུག་ཆུང་མིན་ཡང་། ར་རྩེད་རྩེད་ནས་ཡོང་ཡོད། ཉ་ཆུང་གསེར་མིག་མིན་ཡང་། མཚོ་མཐའ་སྐོར་ནས་ཡོང་ཡོད།བྱི་ཆུང་འཇོལ་མོ་མིན་ཡང་། གསུང་སྐད་རྒྱབ་ནས་ཡོང་ཡོད། ཞུས་པས། ལ་ཧ་ཧ། ད་འོ་ན།འབྲས་དཀར་ཁྱེད་ཀྱི་དཔུང་པར་རྒྱབ་པའི། འབྲས་ལྤགས་ དཀར་པོ་འདི་ལ། བཤད་པ་རྒྱག་དགོས་བྱུང་ན། སྟོད་པ་ཕུལ་དགོས་བྱུང་ན།གཡས་ལ་རྒྱ་དཀར་པོ་བཙུགས་པ་འདི། རྒྱ་དཀར་རྒྱལ་པོའི་ཆ་ལུགས། གཡོན་ལ་རྒྱ་ནག་པོ་བཙུགས་པ་འདི། རྒྱ་ནག་རྒྱལ་པོའི་ཆ་ལུགས།དབུ་ཐོད་ལ་ཉི་ཟླ་རྒྱབ་པ་དེ། སློབ་དཔོན་པདྨའི་ཆ་ལུགས། བག་ལ་ཨ་ར་བཏགས་པ་འདི། ཙི་ཙི་བྱིས་པའི་ཆ་ལུགས་ཡིན། ཞུས་པས། ལ་ཧ་ཧ།
འབྲས་དཀར་ངའི་འབྲས་རྒྱུག་སྐར་མའི་སྨིན་དྲུག་འདི་ལ། བཤད་པ་རྒྱག་དགོས་བྱུང་ན། སྟོད་པ་ཕུལ་དགོས་བྱུང་ན།འབྲས་རྒྱུག་སྐར་མའི་སྨིན་དྲུག་འདི། ཕ་ཤིང་བཅད་པའི་རྟག་མ། མ་ཤིང་བཅད་པའི་ཤུག་པ། ཕྱག་འགུག་པའི་ཕྱག་རྒྱུག གཡང་འགུག་པའི་གཡང་རྒྱུག ལ་ལ་འགྲོ་བའི་སྐས་འཛེགས། ཆུ་ལ་འགྲོལ་བའི་ཟམ་པ། ཐང་ལ་འགྲོ་བའི་རྟ་ཕོ། ཞོགས་པ་ལངས་བའི་ལངས་རོགས། དགོངས་མོ་ཉལ་བའི་ཉལ་རོགས། ཁྱི་རྒན་བརྡུངས་པའི་ཐོ་བ་ཡིན་ཞེས་ཞུས་པས། ལ་ཧ་ཧ།འབྲས་དཀར་ངའི་འབྲས་ཕོར་ཁ་ཆེ་གཏིང་རིང་འདི་ལ། བཤད་པ་རྒྱག་དགོས་བྱུང་ན། སྟོད་པ་ཕུལ་དགོས་བྱུང་ན། འབྲས་ཕོར་ཁ་ཆེ་གཏིང་རིང་འདི།ཕྱི་ནས་བལྟས་ན་རི་བོ་འདྲ། ནང་ནས་བལྟས་ན་རྒྱ་མཚོ་འདྲ། གཉེར་ཚང་ནང་ལ་ཕྱིན་ན། དམ་བི་གང་དང་གུ་ཐུག གསོལ་ཐབས་ནང་ལ་ཕྱིན་ན།གསོལ་ཐིར་གང་དང་གུ་ཐུག ཇ་ཁང་ནང་ལ་ཕྱིན་ན། པྰ་པང་གང་དང་གུ་ཐུག ཆང་ཁང་ནང་ལ་ཕྱིན་ན། ཆང་ཕོར་གང་དང་གུ་ཐུག ཨར་ཁང་ནང་ལ་ཕྱིན་ན།ཤང་ཙེ་གང་དང་གུ་ཐུག གང་བཏུང་ན་ བཟི། དོ་བཏུང་ན་སྙོ། ཨ་མ་དང་བག་མ་ངོ་མ་ཤེས། ཁྱི་དང་བེའུ་ངོ་མ་ཤེས། བེའུ་ཡི་ མགོ་ལ་རྒྱུག་པ་ཡང་བཞུད་ཡོང་།ཞུས་པས། ལ་ཧ་ཧ།
འབྲས་དཀར་ངའི་སོག་བྱིན་ཉ་གང་ རྦབ་རྡོ་འདི་ལ། བཤད་པ་རྒྱག་དགོས་བྱུང་ན། སྟོད་པ་ཕུལ་དགོས་བྱུང་ན། འབྲས་དཀར་ ངའི་སོག་བྱིན་ཉ་གང་རྦབ་རྡོ་འདི། གཞི་རྩེ་ཁྲོམ་ནས་མ་ཉོས། རྒྱང་རྩེ་ཁྲོམ་ནས་མ་ཉོས། ལྷ་སའི་ཁྲོམ་སྟོད་ཡི་ནས། ཚོང་དཔོན་ནོར་བུ་བཟང་པོའི་ཚོང་གཡོག བུ་མོ་ཡིད་འཕྲོག་ལྷ་མཛེས་ཀྱི་ཕྱག་ནས་ཉོས་པ་ཡིན། ཞུས་པས། ལ་ཧ་ཧ། འབྲས་དཀར་ ངས་སོག་བྱིལ་ཉ་གང་རྦབ་རྡོ་འདི་བཏགས་ནས། ཁྲོམ་སྟོད་ཡར་ལ་ཕྱིན་པས། སྟག་ཤར་ གཞོན་པ་རྣམས་ཀྱིས་དཔུང་ཟུར་ཐུག་ཐུག་བཞུ་གྱིས། ཤགས་པོ་ཨེ་འགྲིག་གསུང་གིས། གྲོགས་པོ་ཨེ་འགྲིག་གསུང་གིས། འབྲས་དཀར་ང་ལ་སེམས་པ་ག་ནས་ཤོར། འབྲས་དཀར་ ང་ཡི་སོག་བྱིལ་ཉ་གང་རྦབ་རྡོ་འདི་ལ་སེམས་པ་ཤོར་བ་མིན་འགྲོ ཁྲོམ་དཀྱིལ་ཕ་ལ་ཕྱིན་པས། སྨན་ཆུང་བུ་མོ་རྣམས་ཀྱིས་ཟུར་མིག་ཡང་ཡང་བལྟ་གྱིས། མདེའུ་རྡོ་ཡང་ཡང་འཕེན་གྱིས། འབྲས་དཀར་ང་ལ་སེམས་པ་ག་ནས་ཤོར། འབྲས་དཀར་ངས་སོག་བྱིལ་ཉ་གང་རྦབ་རྡོ་འདི་ལ་སེམས་པ་ཤོར་བ་མིན་འགྲོ ཁྲོམ་སྨད་མར་རུ་ཕྱིན་པས། སྟོབས་ཆེན་ཚོང་པ་རྣམས་ཀྱིས། ཡར་ལ་ཕེབས་དང་གསུང་གིས། དབང་ཆེན་དཔོན་པོ་རྣམས་ཀྱིས། མར་ལ་བཞུགས་དང་གསུང་གིས། ཞིམ་པོ་ཟོ་དང་གསུང་གིས།མངར་མོ་འཐུང་དང་གསུང་གིས། འབྲས་དཀར་ང་ལ་སེམས་པ་ག་ནས་ཤོར། འབྲས་དཀར་ང་ཡི་སོག་བྱིལ་ཉ་གང་རྦབ་རྡོ་འདི་ལ་སེམས་པ་ཤོར་བ་མིན་འགྲོ ཞུས་པས། ལ་ཧ་ཧ།
འབྲས་དཀར་ཁྱེད་ཀྱི་བཤད་པ་སྙན་སོང་གསུང་གིས། སྟོད་པ་བཟང་སོང་གསུང་གིས། ད་འོ་ན། འབྲས་དཀར་ཁྱེད་ཀྱིས།ད་ལྟའི་དུས་བཟང་ འདི་ལ། བཤད་པ་ཨེ་རྒྱག་གསུང་གིས། སྟོད་པ་ཨེ་ཕུལ་གསུང་གིས། སླའ། བཤད་པ་ དང་སྟོད་པ་མེད་པའི་འབྲས་དཀར་གཅིགག་ནས་ཡོང་བ། ཞུས་པས། ལ་ཧ་ཧ། སྐལ་པ་མཆོག་གི་དུས་བཟང་འདིར། འགྱུར་ལྡོག་ཕྱིན་པའི་མངོན་རྟགས་ལ། མཚོ་བོད་ལྕགས་ ལམ་བསྐྲུན་ནས་འདུགརྒྱལ་ཁམས་བདེ་བའི་མངོན་རྟགས་ལ། སྣོད་བཅུད་བཀོད་པ་ལེགས་ ནས་འདུག འབྱོར་འབྲིང་འཚོ་བའི་མངོན་རྟགས་ལ། བདེ་སྡོད་ཁང་བཟང་སྐྲུན་ནས་འདུག མཐུན་སྒྲིལ་ཆེ་བའི་མངོན་རྟགས་ལ། སྐུ་མགྲོན་མང་པོ་ཕེབས་ནས་འདུག ཚན་རྩལ་འཕེལ་བའི་མངོན་རྟགས་ལ། གློག་ཀླད་དྲ་བ་འབྲེལ་ནས་འདུགམཐུན་སྦྱོར་ལྡན་པའི་ མངོན་རྟགས་ལ། སྟོབས་འབྱོར་མངའ་ཐང་རྒྱས་ནས་འདུག བྲས་དཀར་བསམ་པའི་དོན་གྲུབ་ཁྱེད་ཀྱི། བཤད་པ་སྙན་སོང་གསུང་གིས།སྟོད་པ་བཟང་སོང་གསུང་གིས། ད་འོ་ན། འབྲས་དཀར་ཁྱེད་ཀྱིས། ཤེས་པ་ལ་ག་རེ་ཤེས་ཀྱི་ཡོད། མི་ཤེས་པ་ལ་ག་རེ་ཤེས་ཀྱི་མེད་གསུང་གིས།ཚན་རྩལ་ལུགས་དང་མཐུན་པ་ཡི། ཞིང་ལས་འབྲོག་ལས་བཟོ་ལས་ཤེས། ཚོང་དང་ཞབས་ཞུའི་ལས་ཀྱང་ཤེས། གཏམ་དང་ཡིག་རྩིས་གསུམ་ཀ་ཤེས།དགེ་རྒན་བཟང་པོའི་བསླབ་ལུགས་ཤེས། སྨན་པ་བཟང་པོའི་སྨན་ལུགས་ཤེས། དཔོན་པོ་བཟང་པོའི་དཔོན་ལུགས་ཤེས། ཡ་རབས་བཟང་པོའི་ཞེ་ས་ཤེས། རྒན་ལ་བཀུར་བསྟི་ཞབས་ཏོག་ཤེས། མཉམ་ཆུང་མཐའ་ནས་སྐྱོང་ལུགས་ཤེས། འབྲས་དཀར་ངས་མི་ཤེས་པ་ལ། རི་ཆེན་པོ་ལ་མེ་རྒྱག་མི་ཤེས།ཆུ་ཆེན་པོར་དུག་གཏོང་མི་ཤེས། གྲོང་ཁའི་སྒོག་ཙོང་ལ་ཕུག་སྐུ་མི་ཤེས། འཇིག་སྐུལ་ལས་དང་ཆོས་ལོག་དང་། རྫུན་དང་ཁྲམ་མ་ཚིག་རྩུབ་སོགས།མི་དགེའི་ལས་ངན་མི་ཤེས་གི། ཞུས་པས། ལ་ཧ་ཧ།
འབྲས་དཀར་བསམ་པའི་དོན་གྲུབ་ཁྱེད་ཀྱི། བཤད་པ་སྙན་སོང་གསུང་གིས། སྟོད་པ་བཟང་སོང་གསུང་གིས།ད་འོ་ན། འབྲས་དཀར་ཁྱེད་ཀྱི་རང་ལུས་སྒལ་པའི་དཀྱིལ་འཁོར་དེར་དཔེ་བླངས་ནས། དགའ་སྤྲོ་གླུ་གཞས་ལེན་ཨེ་ཤེས། འབྲས་དཀར་བསམ་པའི་དོན་གྲུབ་ང་ལ།གླུ་གསར་སྐྱལ་པ་གང་དང་། གླུ་རྙིང་བུད་པ་གང་ཙམ་ཡོད། ད་དུང་དེས་མ་ཚད་གནའ་གླུ་དེང་གླུ་ཕྱི་ནང་ཀུན་གྱི་གླུ། འབྲས་དཀར་ང་ཡི་མ་ཤེས་མེད། ཚིག་ཚོ་པོ་ཡར་འབྲོག་གི་ཐུད་འདྲ་པོ། གདངས་རིང་པོ་དྲི་ཟའི་པི་ཝང་འདྲ་པོ། གསུང་སྙན་པོ་བྱིའུ་ཆུང་འཇོལ་མོ་འདྲ་པོ། མོ་གཞོན་སེམས་པ་ཤོར་ཡས། ཕོ་གཞོན་སྙིང་རླུང་ལངས་ཡས་ཤིག་འབྲས་དཀར་ངས་འཕུལ་ཆོག ཞུས་པས། ལ་ཧ་ཧ།རྐང་པ་ཤ་ཡི་བོག་ཏོ་ཧའེ། པུས་མོ་ཆོས་ཀྱི་འཁོར་ལོ་ཧའེ། སྐེད་པ་རྡོ་རྗེ་དྲིལ་བུ་ཧའེ། དཔུང་པ་རྒོད་པོའི་གཤོག་པ་ཧའེ། ལག་པ་ཕྱག་གཤོག་ཆེན་པོ་ཧའེ། སེམས་པ་མར་ཀྱི་དཀར་འཁྱིལ། གློ་བ་གངས་རི་དཀར་པོ་ཧའེ། མཆིན་པ་ཛ་རི་ནག་པོ་ཧའེ། སྙིང་ནི་རི་སྲུང་མགོན་པོ་ཧའེ།ཞལ་རས་བཅོ་ལྔའི་ཟླ་བ་ཧའེ། སྤྱན་མིག་ཐོ་རངས་སྐར་ཆེན་ཧའེ། དབུ་སྐྲ་སིལ་ལིང་ལྗང་པ་ཧའེ། དབུ་ཐོད་ཤེལ་དཀར་མེ་ལོང་ཡིན།ཞུས་པས། ལ་ཧ་ཧ།རང་ལུས་སྒལ་པའི་དཀྱིལ་འཁོར་འདི་ལ་བཤད་པ་འཕུལ་ན་འདི་ལྟར་འཕུལ། བསྟོད་པ་འཕུལ་ན་འདི་ལྟར་འཕུལ་ཤོག་ཅིགའབྲས་དཀར་གང་འགྲོ་ས་ལ་བཀྲ་རེ་ཤིས འབྲས་དཀར་གང་སླེབས་ས་ལ་དོན་རེ་གྲུབ། བཀྲ་ཤིས་དོན་བཟང་འགྲུབ་པའི་འབྲས་དཀར་ངས།འབྲོག་ལ་དཀར་བཞི་འཕེལ་བའི་སྨོན་ལམ་འདེབས། ཞིང་ལ་འབྲུ་དྲུག་འཕེལ་བའི་སྨོན་ལམ་འདེབས། སྐུ་ཚེ་བྲག་ལས་བརྟན་པའི་སྨོན་ལམ་འདེབས།མི་རྒྱུད་ཆུ་ལས་རིང་བའི་སྨོན་ལམ་འདེབས། མི་གཤིས་བལ་ལས་འཇམ་པའི་སྨོན་ལམ་འདེབས། དེ་རིང་བཀྲ་ཤིས་ཉིན་མོ་ལ།འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག ཀྱེ་ཀྱེ་བསྰོ་བསྰོ། ལྷ་རྒྱལ་ལོ།།།།