འབྱར་ལི།

ཀླུ་མོ་སྐྱིད།( ཀླུ་ཆུ་རང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


མོ་བ་བསམ་འགྲུབ་འདས་པ་དེ་ཆུ་སྣ་སྡེ་བའི་སྡེ་མི་ཚོར་མཚོན་ན་ཆེས་སྤྱིར་བཏང་གི་དོན་ཞིག་ཡིན་པ་དང་། འབྱར་ལིར་མཚོན་ན་དེ་ནི་བློ་ཡུལ་ལས་འདས་པ་དང་དང་ལེན་བྱེད་དཀའ་བའི་དོན་དག་ཆེན་པོ་ཞིག་རེད།
འབྱར་ལི་ཞེས་པ་ནི་གཅེས་མིང་དང་མཚང་མིང་གང་ཡིན་གསལ་བོར་མི་ཤེས་ཀྱང་ཁོ་སློབ་ཆུང་ལོ་རིམ་གསུམ་པའི་དུས་ནས་བཟུང་ཕལ་ཆེར་སློབ་གྲོགས་ཚང་མས་དེ་ལྟར་འབོད་ཀྱི་ཡོད་ལ་དགེ་རྒན་མང་ཤོས་ཤིག་གིས་ཀྱང་འབྱར་ལི་འབྱར་བྷེ་ཞེས་ཁོ་ལ་ཀ་ར་རེ་གཉིས་ཀྱི་རྔན་པ་སྤྲད་དེ་འཛིན་གྲྭའི་ནང་དུ་སུས་སུ་ལ་བརྙས་བཅོས་བྱེད་པ་དང་། སུས་ལས་བྱ་རྐུ་བཤུ་བྱེད་པ། སུས་སྒོ་ཁའི་ཚོང་ཁང་ནས་ཀ་ར་བརྐུས་པ་སོགས་གནས་ཚུལ་ཕྲ་རགས་ཐམས་ཅད་ལ་རྒྱུས་ལོན་བྱེད་ཀྱི་ཡོད་པ་དང་། ཁོས་ཀྱང་རྒྱུན་པར་དེ་ནི་ལས་ཀ་གལ་ཆེན་ཞིག་ལ་རྩིས་ཏེ་གཅིག་མ་ལུས་གཉིས་མ་ཆད་པར་དགེ་རྒན་ལ་ཞུ་རྒྱུ་ཞིག་ཨེ་བརྙེད་འབད་འབུངས་ལྷོད་མེད་བྱས་པ་མ་ཟད། དམའ་འབྲིང་དང་འབྲིང་རིམ་སྐབས་སུའང་དགེ་རྒན་རྣམས་ཀྱིས་སློབ་གྲོགས་སུས་སུ་ལ་བརྩེ་འཕྲིན་བྲིས་པ་དང་སུ་དང་སུ་འགྲོགས་འདྲིས་ཆེ་བ། སུ་སུའི་སྟེང་ལ་མི་དགའ་བ་དང་སུས་དུ་བ་འཐེན་པ་དང་སུས་ཆང་འཐུང་བ། སུ་དང་སུས་དུས་ནམ་ཞིག་ལ་གནས་གང་ཞིག་ནས་སུ་ཚང་གི་བྱ་ཕོ་བརྐུས་པ་སོགས་མ་རབས་ཀྱི་ལས་ཐམས་ཅད་ཧ་ཅང་གསལ་བོར་ཤེས་ཀྱི་ཡོད་པའང་འབྱར་ལིའི་དྲིན་རེད། འབྱར་ལི་ཁོ་རང་ཉིད་སློབ་སྦྱོང་ལ་འབྲིང་ཐ་ཙམ་ཡིན་ཀྱང་འཛིན་དཔོན་དང་སློབ་སྦྱོང་ཨུ་ཡོན། ལུས་རྩལ་ཨུ་ཡོན། འཚོ་བའི་ཨུ་ཡོན་སོགས་ཀྱི་མིང་ཙམ་ཡང་རག་མྱོང་མེད་མོད་ཁོ་དང་སློབ་གྲོགས་སུ་གྱུར་པ་མང་ཤོས་ཤིག་ཁོར་སྐྲག རིམ་བཞིན་ཁོ་ལ་ཁ་གསོན་པོ་ཞིག་དང་མིག་གསལ་བོ་ཞིག་ཡོད་པ་དེ་སློབ་གྲོགས་རྣམས་ཁོ་དང་རྒྱང་བཀྱེད་པའི་རྐྱེན་དུ་གྱུར། སློབ་མཐར་ཕྱིན་རྗེས་སློབ་གྲོགས་རྣམས་རེ་རེ་བཞིན་ལས་གནས་སུ་ཞུགས་པ་དང་ཁྱིམ་གཞི་བཟུང་མོད། ཁོའི་ཐུང་ཞིང་བྲང་གཞུང་མདུན་དུ་འབུར་བའི་གཟུགས་གཞི་དང་མཐོ་ཞིང་དཀྱེལ་ཆེ་བའི་སྨིན་དབྲག་འོག་གི་གས་ག་ལྟ་བུའི་མིག་ཟུང་། མགོ་ཆེ་ཞིང་སྣེ་མོ་ཅུང་གཡོན་ཕྱོགས་སུ་གཅུས་པའི་སྣ་དང་། དེའི་འོག་མཐུག་ཅིང་ཡར་བརྫེས་པའི་ཡ་མཆུའི་འོག་མངོན་པའི་སེར་ཞིང་གྲལ་མི་མཉམ་པའི་སོ་དེ་དག་གནམ་རྒན་མས་ཆེད་དུ་ཁོ་ལ་ཇུས་འགོད་བྱས་པ་ཞིག་དང་འདྲ། དེ་སྔ་འཛིན་གྲྭའི་བུ་མོ་ཚོས་ཀྱང་ཕན་ཚུན་ཀུ་རེའི་ཚུལ་གྱིས་མ་འོངས་པར་འབྱར་ལིའི་ཆུང་མར་གྱུར་ན་ཅི་བྱེད་ཅེས་ཕན་ཚུན་དྲི་བ་འདོན་པ་དང་དེ་དང་མཉམ་དུ་ཚང་མར་དགོད་ཁ་ཤོར་ཏེ་ཆ་དིར་སེར་འགྲོ་ངེས།

ལོ་ངོ་དྲུག་ལ་ཁེར་རྐྱང་གི་འཚོ་བ་རོལ་བ་དང་གཞི་རིམ་གྱི་འཕྲོད་བསྟེན་ཁང་ཞིག་ནས་ལས་ཀ་བྱས་མཐར་ཁྱིམ་མིས་སྡེ་བ་གོང་མའི་བུ་མོ་ལྐུགས་པ་ཞིག་ཁོ་ལ་མནའ་མར་བླངས། བུ་མོ་དེ་གདོང་དཀར་ཞིང་སྨིན་མ་ཚེས་རིས་ལྟར་འཁྱོག་པ་དང་མིག་གཉིས་ཆེ་བ། གཟུགས་རིང་བ། ལང་ཚོ་དར་ལ་བབས་ཤིང་ལས་ལ་བརྩོན་ཞིང་། ཆེ་བཀུར་ཆུང་བྱམས་ལྡན་པ་ཞིག་ཡིན་པས་ཚང་མས་འབྱར་ལིར་བུ་མོ་དེ་འདྲ་ཞིག་མནའ་མར་རྙེད་པ་བསོད་ནམས་རེད་ཅེས་བརྗོད་མོད། ཁོས་དེ་ལས་ལྡོག་སྟེ་སུ་དངའཕྲད་ན་བུ་མོ་དེ་ཁྱིམ་མིས་བཙན་གྱིས་བསུས་པ་ཡིན་རབས་གླེང་ངེས། ཡུན་རིང་འགོར་མཚམས་ཤིག་ལ་མནའ་མར་བུ་མོ་སྙིང་རྗེ་མོ་ཞིག་བཙས་པས་ཚང་མས་བུ་མོ་དེ་སྐྱེ་འབྲས་ཨ་མ་དང་འདྲ་བོ་འདུག་པས་ནར་སོན་ཚེ་གཤིས་སྤྱོད་ཀྱང་ཨ་མ་དང་འདྲ་ན་བཟང་བ་ལ་ཨང་ཞེས་སྨོན་གྱི་ཡོད།

རྗེས་ནས་ཁོས་ཀྱང་འཕྲོད་བསྟེན་ཁང་གི་འགོ་བའི་སྡང་སྡིགས་འཁུར་མ་དགོས་པར་རྫོང་ཕན་བདེ་སྨན་ཁང་དུ་ལས་གནས་སྤར་ཐུབ་པའི་གཏམ་དེ་ཐོས་འཕྲལ། དང་ཐོག་ཁོའི་བློ་ངོར་ཤར་བ་ནི་ལས་ཀ་འདིའི་ཐད་ད་དུང་མུ་མཐུད་དུ་མོ་བ་དང་ཨ་ལགས་སུ་ཞིག་ལ་སྐྱབས་སུ་འགྲོ་རྒྱུ་ནི་རང་ཉིད་ཀྱིས་ལས་གནས་གསར་བར་དོན་ཡག་པོ་ཞིག་འཁྱོངས་པའི་གནད་དམ་པ་ཡིན་པ་མ་ཟད་ཕན་བདེ་སྨན་ཁང་གི་འགོ་ཁྲིད་ལའང་འབྲེལ་བ་ཡག་པོ་ཞིག་འཛུག་རྒྱུ་ནི་ཆེས་གཞི་རྩའི་ཆ་རྐྱེན་དུ་འདོད།

ཧོར་ཟླ་བཞི་བའི་ཚེས་བཞི་ཉིན་གྱི་ཞོགས་པར་འཕྲུལ་རྟ་ཞིག་ལ་ཞོན་སྟེ་ཆུ་སྣ་སྡེ་བའི་ཕྱོགས་སུ་སྐྱོད་ཀྱིན་ཡོད། རྩྭ་སྐྱའི་འོག་ཏུ་འབུས་པའི་སྔོ་དྲི་སྣ་རུ་འཐུལ་ཡོང་དུས་དབྱར་ཟེར་བ་ཞིག་དངོས་སུ་སླེབས་ཀྱིན་པ་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་། ས་སྟོང་འདི་གཞན་གྱི་དབྱར་ས་ཡིན་པས་ཁེར་ལམ་གྱ་གྱུ་མ་འདིའི་སྟེང་ཁོ་མ་གཏོགས་མི་ཞིག་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག མཚམས་རེར་ལྡང་ཡོང་བའི་རླུང་བུས་སྔོན་ནས་ས་རྡུལ་གཏོར་ཡང་ཁོས་ཅི་སྙམ་པར་ཁོའི་བསམ་པའི་དྲན་ཕྱོགས་ཚང་མ་གནངས་ཉིན་མིང་ཐོ་འགོད་པར་འགྲོ་སའི་ཕན་བདེ་སྨན་ཁང་གི་ཁོར་ཡུག་དང་། འགོ་ཁྲིད། ངོ་ཤེས་དང་མི་ཤེས་པའི་ལས་གྲོགས་གསར་པ་དེ་དག་དོན་དངོས་སུ་གང་འདྲ་ཞིག་ཡིན་ནམ་སྙམ་བཞིན་ཐད་ཀར་མདུན་ཕྱོགས་སུ་སྐྱོད་ཀྱིན་ཡོད་ལ། ཉག་ག་ཆུང་ཆུང་ཞིག་ཡོད་པ་དེ་བརྒལ་འཕྲལ་གློ་བུར་ཁྱི་ཚོགས་ཤིག་ཁོའི་སྔུན་དུ་ཞོགས་ནས་ཡོང་གི་ཡོད་པ་མཐོང་བས། མྱུར་བར་འཕྲུལ་རྟ་ལས་བབས་ཤིང་ས་ནས་རྡོ་འགའ་བསྒྲུགས་དུས་ཁོའི་ལག་པའང་འདར་བཞིན་པ་དང་སྙིང་འཕར་བའི་སྒྲ་འང་ཐོས་པའི་ཚད་ཅིག་ཏུ་སླེབས་ཡོད། ཉེ་སར་བཏུད་དུས་ཁྱི་མོ་ནག་ནག་དེ་ཅི་ཞིག་ཚོར་བའི་ཚུལ་གྱིས་ཟུག་གིན་ཟུག་གིན་ཁོ་དང་རྒྱང་བཀྱེད་དེ་སོང་བར་ཁྱི་རྒན་རྣམས་ཀྱང་ཁྱི་མོའི་རྗེས་སུ་ཕྱིན།

ཡ་གའི་རི་རྩར་ཁེར་ཁྱིམ་ཞིག་ཡོད་པ་དེ་མོ་བ་བསམ་འགྲུབ་ཚང་ཡིན་ཞིང་ཁོ་ཚང་གི་ནོར་ལུག་རྩྭ་རའི་ནང་བསྐོར་འདུག་ཅིང་དེའི་རྗེས་སུ་རྩེད་མོ་རྩེ་བཞིན་པའི་བྱིས་པ་གཉིས་འབྱར་ལིའི་ཕྱོགས་སུ་རྒྱུག འབྱར་ལིས་ཀྱང་ཧ་ཅང་ལོབས་མདོག་གིས། ཨེ། གསར་བུ་གཉིས་ཀ་ཁྱོད་ཚང་གི་ཨ་རྒྱ་ཡུལ་ན་ཨེ་ཡོད་ཅེས་དྲིས་པར་བྱིས་པ་གཟུགས་རིང་མགོ་ཆེ་ཞིང་མཁུར་ཚོས་དམར་བ། སྨིན་མ་ནག་ཅིང་སྟུག་པ། མིག་ཆེ་ཞིང་སྒོར་བ། སྣ་མགོར་དྲེག་པ་ནག་པོ་ཆགས་ཤིང་སྣ་སྦུག་གཡས་པའི་སྣབས་མ་འགལ་དུ་དཔྱངས་པ་དེ་ལག་གཡས་ཀྱི་རྒྱབ་ངོས་ཀྱིས་ཕྱི་ཞོར་ངེད་ཚང་གི་ཨ་རྒྱ་ཡུལ་ན་ཡོད། ད་སོ་མ་མི་ཞིག་ལ་མོ་འདེབས་ཀྱི་འདུག་ཅེས་བཤད་རྗེས་འབྱར་ལིའི་ཡ་ལན་ལའང་མ་སྒུག་པར་ལག་པ་གཡོན་པས་བྱིས་པ་ཆུང་ཆུང་དེའི་སྐེ་ཡི་ཕྱག་མདུད་ལ་འཇུས་ཤིང་ལག་གཡས་པས་ཁོ་རང་ཉིད་ཀྱི་འཕོངས་གཡས་པར་ཐལ་ལྕག་ཐག་སྒྲ་གྲགས་པ་ཞིག་གཞུས་པ་དང་ཁ་ནས་ཆའོ་ཞེས་པ་ན་བྱིས་པ་ཆུང་ཆུང་དེ་ཡང་རྟ་རྒྱུག་པའི་ཚུལ་གྱིས་ཁྱིམ་གྱི་ཕྱོགས་སུ་རྒྱུག

འབྱར་ལི་མོ་བ་བསམ་འགྲུབ་ཚང་གི་སྒོར་སླེབས་དུས་བསམ་འགྲུབ་ཚང་གི་མནའ་མས་ཀྱང་ཆུ་ཟོ་གང་ཁུར་ནས་ཚུར་སླེབས་པ་དང་འཕྲད་པར་མཆོད་མཆོད་མཆོད་དེ་རྟེན་འབྲེལ་བཟང་པོ་འདུག་ཅེས་ཁོ་གཉིས་སྔ་ཕྱིར་ཁྱིམ་ལ་འཛུལ། ཁྱིམ་དུ་ཇ་དྲི་ཞིམ་པོ་ཞིག་གིས་ཡོངས་སུ་ཁྱབ་འདུག་པ་དང་ལྕགས་ཐབ་མགོ་རུ་གདུ་བཞིནཔའི་ཇ་རྫའི་ཁ་ལེབ་འགུལ་ཙམ་འགུལ་ཙམ་བྱེད་བཞིན་འདུག ཚ་ཐབ་ཀྱི་དཀར་ཆ་དོད་སར་མོ་བ་བསམ་འགྲུབ་ཀྱིས་ལུས་ལ་ལྭ་བ་སྨུག་ནག་གོང་བ་ཚི་སྟུག་ཏུ་གྱུར་པ་དང་སྟོད་ལ་སེར་བོ་ཕུ་རུང་འོག་ཤ་གཉིས་ནག་པོར་གྱུར་པ་ཞིག་གྱོན་ནས་སྐྱི་ཐེར་དུ་གྱུར་པའི་མགོ་སྣུམ་ཀྱུག་གེར་མདུན་དུ་དཀར་ཡོལ་འབྲུག་རིས་མ་ཞིག་བཞག་ཅིང་ཁ་ནས་མུར་མུར་དུ་ཁ་བཏོན་ཅིག་འདོན་ཞོར་འབྱར་ལིར་བལྟས་ནས་འཛུམ་ཙམ་བྱས་པ་དང་སྡོད་པའི་བརྡ་ལ་ལག་པ་ཡར་འགྱོག་ཙམ་བྱས། འབྱར་ལིས་གོ་བའི་བརྡ་ལ་མགོ་ལྕོག་ཙམ་དང་ཁ་ནས་ཡ་ཡ། ཞེས་གཉའ་སྒུར་སྒུར་ཅིག་བྱས་ཏེ་ཁང་བའི་ཕུག་ཏུ་བརྩིགས་པའི་དོ་ཆར་མིག་ཉུལ་ཙམ་བྱས་པ་དང་ཚ་ཐབ་ཡར་སྒྱིད་ཀྱི་ཟུར་སྣེར་བསྡད།

མནའ་མས་འབྱར་ལིའི་ལག་ཏུ་ཇ་དཀར་ཡོལ་གང་བླུགས་ཏེ་བཞག་རྗེས་ཀ་ཏོ་ར་ཆུང་ཆུང་ཞིག་དང་རྩམ་སྒམ་མདུད་དུ་བཞག་སྟེ་ཁྱོད་ཀྱིས་ཇ་འཐུང་ཞེས་སྐུལ་རྗེས་ཅི་ཞིག་ལ་བྲེལ་ཡོད་པའི་ཉམས་ཤིག་བཏོད་ནས་སྒོར་ཕྱིན། རེ་ཞིག་ཁྱིམ་ནི་ཧ་ཅང་ལྷིང་འཇགས་སུ་གནས་མོད་རིམ་བཞིན་མོ་བ་བསམ་འགྲུབ་ཀྱིས་འདོན་མཚམས་བཞག་སྟེ་ཡ་ཡ། ཁྱོད་བུད་ཡོང་ངམ་ཞེས་འབྱར་ལིར་དངོས་སུ་འཚམས་འདྲི་ཞིག་བྱེད་ཞོར། ཁོའི་མདུན་ཅོག་སྟེང་དུ་ཡོད་པའི་ཇ་འཁྱག་དེར་ཧུབ་ཅིག་བརྒྱབ། མཆུ་བསྡམ་ནས་སྐག་སེར་མིད་དུས་ཁོའི་རིད་ཅིང་རྩ་སྣ་ཧྲིག་གེར་མངོན་པའི་མཇིང་པ་ལས་ཨོལ་མདུད་འགུལ་གྱིན་པའང་གསལ་བོར་མཐོང་ཐུབ།

འབྱར་ལིས་ཕུ་ཐུང་གཡས་པའི་སྣེར་འགོས་པའི་ས་རྡུལ་ལག་གཡས་་པས་སྤྲུགས་སྤྲུགས་འགའ་བྱེད་ཞོར་འོ་ལེ། ཨ་ཁུ་དྲིན་ཆེན་པོ། ད་ཐེངས་ཡང་ཁྱོད་ལ་སྡུག་མི་གཏད་ཐབས་མེད་དུ་གྱུར་ཡོད། ཐེངས་འདིར་ངའི་ལས་གནས་སྤར་ཟིན་པས་དེའི་ཕྱོགས་ལ་བཅའ་བ་རིམ་གྲོ་རེ་ཨེ་འདུག་ཞུ་རུ་ཡོང་བ་ཡིན་ཞེས་ཇ་ལ་ཧུབ་ཅིག་བརྒྱབ། རེད་མོད། འུ་གཉིས་ངོ་ཤེས་རྙིང་བ་རེད། སྔོན་ཡིན་ཡང་འུ་གཉིས་ཀྱིས་ཕན་ཚུན་ལ་ཕན་མ་ཐོགས་ན་གནོད་སྐྱེལ་མེད་པས། གཞུག་ནས་ཀྱང་དེ་དང་དེ་བཞིན་ཡིན། ད་ཡང་ངས་ཁྱོད་ལ་མོ་ཞིག་འདེབས། ངས་ཐུབ་པའང་དེ་རེད། དེ་ལས་གཞན་པ་ངས་ཁྱོད་ལ་རོགས་ཆེན་པོ་བྱེད་ཐུབ་ཀྱི་མ་རེད་ཅེས་ལག་གཉིས་ཀྱིས་ཕྲེང་བ་ཕུར་ཕུར་འགའ་བྱས་པ་དང་རིམ་བཞིན་ཕྲེང་རྡོག་འགའ་ཕར་འདེད་ཚུར་འདེད་དང་མིག་བཙུམ་ནས་ཁ་ནས་མུར་མུར་དུ་ཅིག་འདོན་ཞོར་མགོར་ཡང་ནས་ཡང་དུ་བཞག་སྟེ་སྡོད་པའི་སྐབས་འབྱར་ལིས་ཁོང་གི་ཞོལ་དུ་ལག་གཉིས་ཐལ་མོ་སྦྱར་བ་དང་པུས་མོ་ས་ལ་བཙུགས་ཏེ་སྒུར་འདུག ཡ་རེད། མོ་འདི་འདྲ་ཞིག་བབས་འདུག སྤྱིའི་ཆ་ནས་མོ་མི་ཡག་རྒྱུ་མེད་ཀི ཁྱོད་ལས་ཁུངས་སུ་མ་སོང་བའི་སྔོན་ལ་རང་གི་སྐྱེ་ལྷའི་རི་མགོར་བསང་འཕུད་དེ་རྒྱལ་མཚན་རྩེ་མོ་བསྒྲེང་དགོས། གདུགས་དཀར་རྒྱུན་འདོན་གྱིས། དེ་མིན་བསམ་པ་མྱུར་འགྲུབ་མ་དང་རྨད་བྱུང་བྱིན་རླབས་མ། བར་ཆད་ལམ་སེལ་སོགས་རྒྱུན་དུ་བཏོན་ན་བཟང་། ངས་ཁྱོད་ལ་རོགས་གང་ཐུབ་བྱེད་ངེས། ཁྱོད་མི་གྲལ་ཞིག་ལ་ཚུད་ན་ང་ཡང་དགའ་གི ཁྱོད་ཀྱི་ཞང་བོ་མཐོ་རིས་པོ་ངེད་གཉིས་གྲྭ་བ་ཡིན་དུས་ཨ་ཁུ་གཅིག་གི་ནང་ནས་ལག་ཆགས་པ་རེད། རྗེས་སུ་དུས་འགྱུར་གྱི་དབང་གིས་ངེད་གཉིས་སྐྱ་སར་བབས་ཀྱང་སོ་སོར་གྱེས་པ་ནས་འདི་ལྟར་གཏན་བྲལ་དུ་གྱུར་སོང་། ང་འཇིག་རྟེན་འདིར་ཡོང་བ་ནས་བློ་འགྱོད་ཅིག་ཡོད་པ་ནི་ཁོ་འཇིག་རྟེན་འདི་དང་ཁ་གྱེས་ཁར་ང་ཁོ་དང་ངོ་མ་འཕྲད་པ་དེ་ཡིན། ད་ང་རྒན་པོའང་ལོ་ལོན་ནས་ལ་ཁའི་ཉི་མ་རེད། ཡིན་ཡང་ངས་བསྒྲུབ་ཐུབ་པ་ཅི་ཡོད་ཁྱོད་ལ་རོགས་བྱེད་ཁོ་ཐག་ཡིན་ཞེས་པར། འབྱར་ལིར་སྔར་བྱུང་མ་མྱོང་བའི་སྤོབས་སེམས་ཤིག་སྐྱེད་པ་དང་དེ་དང་མཉམ་དུ་གདོང་ཀྱང་ཚ་ལམ་ལམ་དུ་གྱུར་བཞིན་ཡར་ལངས་ཤིང་ཤོག་སྒོར་ལྔ་བཅུ་ཅན་གཅིག་ལག་གཉིས་ཀྱིས་མོ་བ་བསམ་འགྲུབ་ཀྱི་ཕྱོགས་སུ་བསྲིང་བ་ན་མོ་བ་བསམ་འགྲུམ་གྱིས་ཨོ་ཨོ་འདི་འདྲ་ཞིག་མང་འདུག ཟེར་ཞོར་ལག་གཡས་ཀྱིས་བླངས་ཏེ་རང་ཉིད་ཀྱི་མདུན་དུ་ཡོད་པའི་དཀར་ཤུབས་ཚི་སྟུག་མ་དེའི་ནང་ལ་བཅུག འབྱར་ལིས་ཡ་ལགས། ཡ་ལགས་ཞེས་ལན་ལྡོན་པ་དང་མནའ་མས་བསྐྱལ་ནས་སྒོར་བུད། ཡ་ཡ་ད་ཁྱོད་བཟང་ཐལ་ཞེས་འཕྲུལ་རྟར་ཞོན་ནས་ཕྱིར་ལོག་པའི་ལམ་དུ་ཞུགས།

ལམ་བར་ནས་ལས་གནས་གསར་བར་སོང་རྗེས་ཡིན་གཅིག་མིན་གཉིས་ལས་ཁུངས་ཀྱི་འགོ་ཁྲིད་ལ་འབྲེལ་བ་ཡག་པོ་འཛུགས་པ་དང་ལོ་རེའི་ལོ་སར་གོང་དུ་འགོ་ཁྲིད་ལ་ལོ་སྐལ་བསྐྱལ་རྒྱུ། དེའང་སྤྱིར་བཏང་གི་ལག་ཁྱེར་ཙམ་མིན་པར་དུ་ཆང་བཟང་གྲས་རིགས་བསྐྱལ་རྒྱུ། ཀྲུའུ་རིན་སོགས་དང་མཉམ་དུ་ཆང་འཐུང་བ་དང་ཤོ་བརྒྱག་པ་སོགས་ཁོ་ཚོ་དང་བསྟུན་ཅི་ཐུབ་བྱས་ན་ཕར་བཏབ་པའི་ས་བོན་དང་ཚུར་ཐོབ་པའི་འབྲས་བུ་ཇི་བཞིན་རང་ཉིད་འགོ་ཁྲིད་ཀྱི་མིག་ལ་འགྲོ་བ་དང་རང་དོན་ཡང་ཞོར་ནས་འགྲུབ་པར་ཁོག་རྩིས་རུམ་གང་བརྒྱབ།

སྨན་ཁང་འདིའི་ནད་པའི་བརྒྱ་ཆའི་གོ་དགུ་བོད་རིགས་ཡིན་པ་དང་བརྒྱ་ཆ་གཅིག་རྒྱ་རིགས་དང་ཁ་ཆེ་རིགས་དང་ཟ་ལར་རིགས་སོགས་ཡིན་པ། ནད་པ་དང་ཁྱིམ་བདག་ཕལ་ཆེར་ཞིག་གཞུང་དྲང་རྐྱང་རྐྱང་ཡིན་པས་སྨན་པས་ཅི་བཤད་ལཉན་ངེས། ལོ་སྔོན་མའི་ཟླ་དྲུག་པ་ནས་སྒྲིག་གཞི་བཅོས་བསྒྱུར་བྱས་ཏེ་ལས་ཐོབ་གླ་ཕོག་ལག་བསྟར་བྱེད་ཀྱི་ཡོད་པ་དང་ལྷག་པར་དུ་ནད་ཐོག་སྨན་པ་ཚོར་ནད་ཐོའི་ཁ་གྲངས་དང་ནད་པ་སྡོད་བཅོས་ཁང་དུ་བསྡད་པའི་ཁ་གྲངས་གཞིར་བཟུང་སྟེ་ཁ་གསབ་ཕོགས་སྟེར་གྱི་ཡོད་པས་ལོ་མཇུག་ཏུ་དངུལ་འོས་འཚམ་ཞིག་རག་རྒྱུ་ཡོད་པའི་གནས་ཚུལ་སོགས་རྒྱུས་ལོན་གཏིང་ཟབ་དང་དེའི་ཕྱོགས་ལ་བསམ་བློ་རྩེ་གཅིག་གཏོང་གི་ཡོད་པ་རེད། ཉིན་དེར་མོ་བ་བསམ་འགྲུབ་ཚང་ལ་འགྲོ་དོན་ཡང་དོན་དམ་དུ་རང་ཉིད་ལ་ནད་པ་ཞིག་འཁོར་རྒྱུའི་ཆེད་ཡིན་པས་སླར་ཡང་ཁོའི་གདོང་ལ་རེ་བ་དང་སྤོབས་པའི་མདངས་ཤིག་མངོན།

འབྱར་ལི་ཕན་བདེ་སྨན་ཁང་དུ་ལས་ཚོགས་ལ་ཞུགས་པའི་ཉིན་དང་བོར་ཁོའི་ལུས་ལ་ནུབ་ལྭ་ཆ་ཚང་ཞིག་གི་འོག་ཏུ་ཚི་ལེན་དཀར་རྐྱང་ཞིག་ལ་གོང་སྡོམ་བརྒྱབ་ནས་གོན་ཡོད་པས་སྔར་ལས་ལྷག་པའི་མདངས་ཤིག་རྒྱས་ཏེ་གུས་གུས་ཞུམ་ཞུམ་ངང་སྨན་ཁང་འགོ་གཙོའི་མདུན་དུ་འགྲོ་བའི་རྣམ་པ་དེས་རང་ཉིད་རང་ལ་ཡིད་མི་ཆེས་པ་ཞིག་འདུག འགོ་གཙོའི་སྔུན་ལ་འབྱོར་རྗེས་རང་ཉིད་སྔོན་ཞིག་ནས་སྨན་ཁང་འདིར་ཡོང་འདུན་ཡོད་ཀྱང་ད་བར་དུ་ཞིང་གྲོང་ནས་ལུས་ཏེ་དུས་ཚོད་མང་པོ་འཕྲོ་བརླག་ཐེབས་ཚུལ་སྡུག་གཏམ་ལུང་བ་གང་བཤད་མཐར། སྨན་ཁང་འདི་ནས་ནད་ཐོག་ལས་ཀར་ཞུགས་འདོད་ཚུལ་སོགས་སྦ་གསང་མེད་པར་ཞུས། མ་གཞིར་ཁོ་ལ་དེ་འདྲའི་སྙིང་སྟོབས་ཤིག་ཡོད་མི་སྲིད་ཀྱང་ཉིན་འགའི་སྔོན་དུ་ཁོས་གྲོགས་པོ་ཞིག་བརྒྱུད་སྨན་ཁང་གི་འགོ་གཙོ་དང་ཀྲུའུ་རིན་རེ་གཉིས་ལ་ཆེད་དུ་གསོལ་ཇ་དྲངས་ཏེ་ལམ་བསལ་ཞིང་རྨང་བཏིང་ཡོད་སྟབས་ཉིན་དེར་ཁོར་སྐད་ཆ་བཤད་པར་དཀའ་ངལ་ཅི་ཡང་མ་བྱུང་།

ཉིན་དེ་ནས་བཟུང་སུས་ཁོ་ལ་འབྱར་ལི་ཞེས་བོས་ན་ཨ་ལན་མི་སྟེར་བ་དང་། བསྟན་པ་ཡར་འཕེལ་ཞེས་བོས་ན་འཛུམ་དམུལ་དམུལ་བྱེད། ཡིན་ཡང་ངོ་ཤེས་ཕལ་ཆེར་གྱིས་ཁོ་ལ་སྔར་བཞིན་འབྱར་ལི་ཞེས་འབོད་ཀྱི་ཡོད་ལ་ཁོས་མི་ལ་ལའི་མདུན་དུ་གཉའ་སྒུར་ཙམ་དང་། ལྕེ་སྣར་ཙམ་གྱིས་འགྲོ་བའི་རྣམ་འགྱུར་དེས་རྒྱུས་ཡོད་མང་པོ་ཞིག་དོགས་མི་བདེ་བ་ཞིག་ལ་བཏང་འགྲོ།

རིམ་གྱིས་ཕན་བདེ་སྨན་ཁང་གི་སྨན་ལུམས་ཚན་ཁག་ནི་ཆེས་དམིགས་བསལ་གྱི་ཚན་ཁག་ཅིག་ཡིན་པ་སྟེ། ནད་པ་ནད་ཁང་དུ་ཉར་ཏེ་བཅོས་ཡུན་ཉིན་བདུན་ལས་མེད་པས་ནད་པའི་འཁོར་སྐྱོད་ཚད་མགྱོགས་པོ་ཡོད་པ་ཤེས་འཕྲལ། ནད་གཡོག་རྣམས་ཀྱིས་དུས་བཏབ་པའི་ནད་པར་བརྡ་གཏོང་བ་ཤེས་དུས་ཁོས་སྔ་མོ་ནས་ཚན་ཁག་གི་སྒོ་འགྲམ་ནས་ནད་སྡོད་ཤོག་བྱང་དང་སྨྱུ་གུ་ཞིག་བཟུང་སྟེ་སྒུག་ངེས། ནད་པ་སྒོ་ནང་དུ་འབྱོར་མ་ཐག་ཁོས་ཁ་གསལ་ཚིག་གསལ་གྱིས་ནད་སྡོད་བྱེད་མཁན་ཡིན་ནམ། འདིར་ཤོག ངས་ཁྱོད་ཚོ་ཐོ་འགོད་བྱེད་ཆོག་ཅེས་སྡོད་བཅོས་ཡི་གེ་བྲིས་ཏེ་ལས་རེས་སྨན་པའི་སར་མངག་སྲིད། མཚམས་རེར་ཁོ་ལས་རེས་སུ་འཁེལ་དུས་ནད་པ་རེ་རེ་སར་སོང་སྟེ། གསོ་བཅོས་དབང་ཆ་རང་ཉིད་ལ་ཡོད་མེད་ཅི་ལ་ཡང་མི་བལྟ་བར་སེམས་ལ་ཅི་དྲན་དང་ཁ་ནས་ཅི་ཡོང་བཤད་པས་ནད་པ་ལ་ལའི་ནད་གཞི་ཇེ་སྡུག་ཏུ་གྱུར་པ་དང་ལ་ལས་རང་ཉིད་ཀྱི་སྨན་པས་རང་ཉིད་ལ་སེམས་ཁུར་བྱས་པ་མི་འདང་བའི་དོགས་པ་སློང་གི་ཡོད་པས་གནད་དོན་དེ་ལ་དམིགས་ནས་ཚན་ཁག་གིས་ཚོགས་འདུ་ཐེངས་ཤིག་ཀྱང་ཚོགས།

ཉིན་ཞིག་གི་ལས་རེས་རྩིས་སྤྲོད་སྐབས་སུ་ཁོས། ཚན་ཁག་འདིར་ཁ་སང་གསར་སྡོད་ནད་པ་བཞི་དང་ཕྱིར་འབུད་གཉིས་ཡོད། གསོ་བྱ་རྟ་མགྲིན་སྒྲོལ་མ། མོ། ལོ་༤༥། ཁ་སང་དགོང་མོ་ཀེའུ་ཚོད་མ་ཟོས་པར་རྐྱེན་བྱས་ཏེ་སྐྱུག་མེར་ལངས་པ་དང་གསུས་པ་གཟེར་ཞིང་ཁོག་པ་བཤལ་བ། བཤལ་དུས་ཟུག་གཟེར་ཆེ་བ། དང་ཐོག་བོངས་ཆེ་ཞིང་ཐེངས་མང་པོ་ནས་རིམ་བཞིན་བོངས་ཆུང་དུ་ཕྱིན་པ་དང་ཁྲག་དང་བེ་སྣབས་ཅན་འཁྲུ་བ་བཅས་ཆུ་ཚོད་བརྒྱད་ཙམ་ཕྱིན་མཚམས་རྒྱུ་གཟེར་ལ་ངོས་བཟུང་སྟེ་འདི་ག་ཕྱོགས་བསྡུས་ཚན་ཁག་ཏུ་ཉར། ནད་པ་འདི་གར་འབྱོར་དུས་སྙིང་སྟོབས་མི་བཟང་བ་དང་ཟས་ལ་དང་ག་མེད་པ། པགས་པའི་ལྡེམ་ཤུགས་ཞན་པ། ངག་གི་སྒྲ་གདངས་དམའ་བ། ཁྲག་ཤེད༩༠/༦༠mmHgདང་རྩ་གྲངས༧༦ཐེངས/སྐར་མ། དབུགས་གྲངས་ཐེངས་༢༢/སྐར་ཡིན་པ་དང་། ལྟེ་བའི་འོག་ཙམ་དུ་གནོན་ཟུག་མངོན་གསལ་ཡོད་པ་དང་འཕུད་ཟུག་མེད་པ། སྨན་པས་ནད་པའི་ནད་བབས་ལ་གཞིགས་ནས་ཁོང་དུ་བོད་སྨན་དང་སྡོད་རྩར་ཕྱི་ལུགས་གཉེན་འཇོམས་དང་ཟུག་གཅོག་སྨན་ཁབ་སོགས་གང་འཚམས་སྤྲད་པས་ཟུག་གཟེར་ཇེ་ཆུང་དང་འཁྲུ་ཐེངས་ཉུང་དུ་ཕྱིན་ཡོད།

ཕྱིར་འབུད་ནད་པ་གཅིག་ཡོད་དེ་མགོན་པོ་ཚེ་རིང་། ཕོ། ལོ༧༨། བོད་རིགས། འབྲོག་པ། ཁོང་གཅིན་སྙི་ཟ་ཁུའི་ནད་ཀྱིས་མནར་ཏེ་ལོ་ངོ་ཉི་ཤུ་ལྷག་སོང་བ་དང་ཁ་སང་ཞོགས་པར་སློང་རྐྱེན་གསལ་བོ་མེད་པར་སྐད་ཆ་མི་ཤོད་པ་དང་སྙིང་སྟོབས་མི་བཟང་བ། གོམ་པ་རང་འགྲོས་མི་ཐུབ་པས་ཁྱིམ་མིས་སྒལ་བར་ཁྱེར་ནས་འདི་གར་འབྱོར། བརྟག་པར་གཅིན་པ་འབྱིན་སྡོམ་མི་ནུས་པ་དང་རྐང་ལག་ལ་ཤེད་མེད་པ། དྲི་བར་ལན་ལྡོན་མི་ཐུབ་པ་ཁྲག་ཤེད༡༢༠/༧༨mmHgདང་རྩ་གྲངས་༨༩ཐེངས་/སྐར་མ། དབུག་གྲངས་༢༤ཐེངས/སྐར་མ་བཅས་ཡིན་པར་ཐོག་མའི་ནད་ངོས་སྙིང་རྩ་འགག་པར་ངོས་བཟུང་སྟེ་འདི་གར་ཉར་ཞིང་ཁྱིམ་བདག་ལ་ནད་པའི་གནས་ཚུལ་ཚབས་ཆེན་ཡིན་ཚུལ་གསལ་བཤད་བྱས་ཏེ་སྨན་ཁང་ཆ་རྐྱེན་ལེགས་གྲས་ཤིག་ཏུ་འགྲོ་བར་བསྐུལ་ཀྱང་། ཁོ་ཚོས་མོ་རྩིས་བྱས་པར་འདི་གར་མོ་ཡག་ཅེས་སྨན་པའི་མངགས་བཀོད་དང་ལེན་མ་བྱས་པར་འདི་ག་ནས་ཉིན་གཉིས་སོང་། མདང་ཆུ་ཚོད་ཉི་ཤུའི་སྟེང་ཁྱིམ་བདག་གི་རེ་འདོད་ལྟར་སྨན་ཁང་ནས་བུད། དེ་མ་གཏོགས་ནད་པ་གཞན་པ་རྣམས་ཀྱི་ནད་གཞིར་དམིགས་བསལ་གྱི་འགྱུར་ལྡོག་མེད།

གློ་བུར་ཀྲུའུ་རིན་གྱིས་ཨེ་ཨེ། སྡོད་སྡོད། ནད་པ་ཁྱིམ་བདག་གི་རེ་འདོད་ལྟར་སྨན་ཁང་ནས་སྒོར་དོན་པ་དང་ང་ཚོའི་སྨན་ཁང་ནས་བཅོས་མ་ཐུབ་པར་གོང་རིམ་སྨན་ཁང་དུ་བསྐྱལ་བ་གཉིས་ཀྱི་གནས་ཚུལ་ཁ་ཁ་རེད། ང་ཚོ་སྨན་པ་ཞིག་ཡིན་ཕྱིན་བྱ་བ་ཐམས་ཅད་ལ་དངོས་ཐོག་བདེན་འཚོལ་བྱེད་དགོས། མདང་གི་ནད་པ་དེ་ང་ཚོས་བཅོས་མ་ཐུབ་པར་ཁུལ་སྨན་ཁང་དུ་བསྐྱལ་བ་ཚང་མའི་སེམས་ན་གསལ་མོད། ཁྱོད་ཀྱིས་དེ་རིང་དེ་ལྟར་ཁྱིམ་བདག་གི་རེ་འདོད་ལྟར་ཕྱིར་འབུད་བྱས་ཟེར་བ་རྫུན་རྐྱང་རྐྱང་རེད། བྱེད་སྟངས་འདི་ངོ་མ་མི་ལེགས། དེ་དང་དེ་བཞིན་ཁྱོད་ཚོས་ནད་པ་ཕྱིར་སྒོར་འཕུད་དུས་སྨན་པ་ལ་ལའི་ནད་པའི་བརྒྱ་ཆ་གོ་དགུ་སངས་དྲག་ཏུ་སོང་ཡོད་པ་དང་ལ་ལའི་ནད་པ་འི་བརྒྱ་ཆ་བརྒྱ་བཅོས་སྐྱེད་བྱུང་ཡོད་པ་བཞག་འདུག འདི་གཉིས་གང་ཡིན་ཀྱང་དོན་དངོས་མ་རེད། མི་རེ་རེའི་ནད་པའི་ཁྲོད་དུ་སངས་དྲག་ཏུ་ཕྱིན་ཡོད་པ་ལོས་ཡོད་ཀྱང་བཅོས་སྐྱེད་ལས་མ་བྱུང་བར་སྒོར་དོན་པའང་གང་མང་མང་རེད། དེ་བས་རང་ཉིད་ཀྱི་གོམས་ལོབས་སུ་སོང་བའི་གནས་ཚུལ་ལ་ཉམས་འཇོག་བྱེད་པ་གལ་ཆེན་ནང་གི་དོན་ཆེན་རེད། སྨན་པ་དང་ནད་གཡོག་ཚང་མ་འཇམ་ཇག་གེར་གྱུར་པ་དང་འབྱར་ལིའི་མ་འགལ་གཡས་གཡོན་ནས་རྣ་ཅོག་དང་བཅས་གདོང་ཡོངས་དམར་པོ་དམར་རྐྱང་དུ་ཆགས་ཤིང་། རེ་ཞིག་ཁོ་ཚོར་སྐད་ཆ་ཅི་ཡང་མེད་པར་གྱུར། སྐབས་དེར་ཁོ་ཚོ་ཚང་མ་མདུན་ཅོག་ཆེན་པོ་ཞིག་གི་མཐའ་སྐོར་དུ་ཡོད་པས་ཚང་མར་དོགས་མི་བདེ་བའི་མཁའ་རླུང་ཞིག་གིས་བཀླུབས་པས་དབུགས་གཏོང་ལེན་བྱེད་པ་དེའང་ལན་ཆགས་ཤིག་གི་ཚུལ་དུ་སྣང་སྟེ་སོ་སོའི་སར་གྱེས་པར་བརྩམས།

སྐབས་དེར་གདོང་ནག་པོར་གྱུར་པ་དང་མགོའི་སྐྲ་སེང་སེང་དུ་འཛིངས་པའི་སྐྱེས་པ་ཞིག་གིས་བུད་མེད་གདོང་སྐྱ་ཐེར་དུ་གྱུར་པ་མིག་སྐྱིབས་སོགས་གཡོ་ཡོད་པ་ཞིག་ཁྲིད་དེ་ང་ཚོ་མོ་བ་བསམ་འགྲུབ་ཀྱིས་མངགས་པ་ཡིན་ཞེས་འབྱར་ལིའི་གམ་དུ་བཅར། འབྱར་ལིས་ཁོ་གཉིས་ནད་བརྟག་ཁང་དུ་ཁྲིད་པ་དང་ཡུན་རིང་ཞིག་ལ་ལག་མགོར་འཇུས་ཏེ་རྩར་བརྟག དེ་ནས་མི་བདེ་ཚུལ་དྲིས། ཡུད་ཙམ་ནས། ཡ་ཡ། ད་ངས་ཤེས་སོང་། སྐྲག་དགོས་ས་མ་རེད། ཐོག་མར་ངས་ཁྱོད་ལ་ཁོང་སྨན་རིན་པོ་ཆེའི་རིགས་ཤིག་སྟེར། དེ་འཐུང་ཚར་རྗེས་ད་དུང་མུ་མཐུད་དུ་སྨན་བསྟེན་དགོས་པས་ངེས་པར་ཕྱིར་ཤོག་དང་སྨན་བརྗེ་ངེས་ཞེས་གདམས་པ་དང་གློག་ཀླད་ངོས་སུ་ཡི་གེ་འགའ་གཏགས་ཏེ་བྱང་བུ་སྔོན་པོ་ཞིག་ལག་ཏུ་སྤྲད། རྗེས་ནས་ནད་པ་དེ་གཟའ་འཁོར་གཉིས་རའི་མཚམས་སུ་འབྱར་ལིའི་སར་སྨན་ལེན་དུ་ཡོང་གི་ཡོད་པ་དང་དེ་དང་དེ་བཞིན་ནད་པ་གཞན་པ་ཡང་མི་ཉུང་བ་ཞིག་ཡོང་གི་ཡོད། འོན་ཀྱང་བུད་མེད་འདིར་གདོང་སྐྱ་བོར་གྱུར་པ་དང་ཐང་ཆད་པ་སོགས་ཇེ་སྡུག་འགྲོ་བཞིན་པ་མོ་རང་ཉིད་ཀྱིས་གསལ་བོར་རྟོགས་ཀྱང་མོའི་ཁྱོ་ག་མོ་བ་བསམ་འགྲུབ་ཀྱི་སར་འགྲོ་ཐེངས་རེར་རྒྱུན་པར་འབྱར་ལིར་བསྟན་ན་མོ་ཡག་ཚུལ་བཤད་ཀྱི་ཡོད་པས་ཐེངས་མང་པོར་འབྱར་ལིའི་ལག་ནས་སྨན་མང་པོ་ཟོས་མོད་ཡར་སྐྱེད་ཅི་ཡང་མ་ཡོང་། དེ་དང་འདྲ་བའི་རང་ཉིད་ཀྱི་ཀླད་པ་བཀོལ་བར་མི་དགའ་བར་སྐྱིད་སྡུག་ལེགས་ཉེས་ཨ་ལགས་དང་མོ་བར་བཅོལ་བའི་ཕམ་ཁ་འཁུར་མཁན་མང་པོ་ཞིག་འབྱར་ལིའི་མཐར་འཁོར་གྱི་ཡོད་པ་མ་ཟད། གསོ་རིག་སློབ་མ་དངོས་སྦྱོང་དུ་ཡོང་བ་རྣམས་ལ་ཁོས་མ་སྐུལ་དང་བླངས་དང་མ་དྲིས་རང་འཐད་ཀྱིས་སློབ་ཁྲིད་བྱེད་ངེས། ཕྱི་ཚུལ་ནས་བལྟས་ན་དེ་ནི་བླ་ན་མེད་པའི་དོན་བཟང་ཞིག་ཡིན་མོད། དོན་དངོས་སུ་ཁོ་ལ་གཞན་པའི་རྒྱུད་ལ་འཇོག་ཆོག་ཆོག་གི་ཡོན་ཏན་ཞིག་ཨེ་ཡོད་སུས་ཀྱང་བཤད་དཀའ། ཐེངས་ཤིག་ཁོས་སློབ་མ་རྣམས་ལ་ཡར་བཤད་མར་བཤད་བྱེད་པའི་སྐབས་སུ་ལས་གྲོགས་སྨན་པ་ཞིག་གིས་དེའི་རྣམ་པ་དེ་ཡིད་ལ་མ་བབས་པར། ཨེ་བསྟན་པ་ཡར་འཕེལ། དོན་ངོ་མར་ཁོ་ཚོར་ཕན་ཞིག་ཐོགས་འདོད་ན་བདེན་པ་དང་ཡང་དག་པ་ཤོད་མོད་ཅེས་པར་ཁོའི་གདོང་ཡང་དམར་རྐྱང་དུ་གྱུར་པ་དང་། སློབ་གྲོགས་ཚོ་རང་རང་གི་ལས་ཀ་བྱེད་སར་སོང་། ངའི་ལབ་དང་རྫུན་ལ་ཉན་རྒྱུ་ཡོད་པ་མ་རེད་ཅེས་པར་སྨན་པ་གཞན་པ་དེ་ལྷག་པར་ཁྲོ་བའི་ཚུལ་གྱིས་ཁྱོད་ཚོ་འདིར་ཉི་མ་སྟོང་ཟད་དུ་གཏོང་བར་ཡོང་བ་ཡིན་ན་གང་བསམ་བྱོས་མ་གཏོགས། དཔྱད་བཅོས་ཁང་སོགས་སུ་སོང་སྟེ་གཏར་ག མེ་བཙའ། རྭ་འཇིབ། ཧོར་མེ། འཕུར་མཉེ། དུགས་བཅོས་སོགས་ལ་བལྟོས་དང་རིགས་གཅིག་ལག་ལེན་བྱེད་ཐུབ་ན་བཟང་གི་མོད། ད་སྐབས་ཀྱི་བྱིས་པ་འདི་ཚོས་ངོ་མ་ཅི་ཞིག་དྲན་གྱིན་འདུག་པ་མི་ཤེས་དུས་ཚོད་འདི་ལྟར་འཕྲོ་བརླག་གཏོང་ཕོད་དམ། བྱ་རྒོད་རོ་སྟེང་རུབ་རུབ་བྱས་ཀྱང་དེ་རུ་ཟ་ཆོག་ཆོག་གི་ཟས་ཅི་ཞིག་ཡོད་ཅེས་འབྱར་ལིའི་རྣ་བར་གཟན་པའི་སྐད་ཆ་རྡོ་འཕེན་འཕེན་བྱས་ཀྱང་འབྱར་ལིས་ལན་ཅི་ཡང་མ་སློག

གམ་དུ་ཡོད་པའི་སློབ་མ་རྣམས་ག་བྱེད་འདི་བྱེད་མེད་པར་གྱུར། སྐབས་དེར་འབྱར་ལི་ཁོ་རང་གིས་ལན་འོས་འཚམས་ཤིག་མ་རྙེད་པ་མ་གཏོགས་ཁོས་བསམ་བཞིན་དུ་བཟོད་སྒོམ་བྱས་པ་ཞིག་ཡིན་མི་སྲིད་དེ་ཁོ་ནི་ཤེས་མ་ཤེས་དང་རྟོགས་མ་རྟོག་ཅི་ལ་སྐད་ཆ་ཤོད་དགའ་བོ་ཡོད་མཁན་ཞིག་ཡིན་པས། མཚམས་རེར་རང་ཉིན་དཀྱི་ཁ་ནས་སྐད་ཆ་ཅི་ཞིག་ཤོར་སོང་བའང་རང་ཉིད་ལ་མི་གསལ་བའི་དུས་ཀྱང་ཡོད་མྱོང་། དེ་བས་ཁོ་དང་ཆེས་ཆ་རྒྱུས་ཡོད་པའི་མི་རྣམས་ཀྱིས་ཁོས་བཤད་པའི་སྐད་ཆར་དེ་འདྲའི་དོ་སྣང་བྱེད་ཀྱིན་མེད།

ཏག་ཏག་ལོ་གཉིས་རིང་ཆུ་སྣ་སྡེ་བའི་མི་ཆེ་མ་ཆུང་གསུམ་ལ་ན་ཚ་གང་བྱུང་བརྒྱ་ཆ་གོ་ལྔ་མོ་བ་བསམ་འགྲུབ་སར་སོང་སྟེ་མོ་འདེབས་ཀྱི་ཡོད་པ་དང་། མོ་བ་བསམ་འགྲུབ་ལ་འབྱར་ལི་མ་གཏོགས་སྨན་པ་ངོ་ཤེས་གཅིག་ཀྱང་མེད་པས་ཚང་མ་ཁོས་འབྱར་ལིའི་སར་མངག་གི་ཡོད། ལྷག་པར་མོ་བ་བསམ་འགྲུབ་ཚང་རྫོང་མཐར་སྤོས་པ་ནས་འབྱར་ལིའི་ནད་པའི་ཁ་གྲངས་ཀྱང་ཇེ་མང་དུ་གྱུར། དེ་ལྟ་ནའང་མོ་བ་བསམ་འགྲུབ་རང་ཉིད་ཀྱི་ནང་མི་གཅིག་ཀྱང་འབྱར་ལིའི་སར་སྨན་པ་སྟོན་པར་མི་གཏོང་བར་ཁུལ་ཐོག་སོགས་སྨན་ཁང་ཆེ་སར་མངག་ངེས། ཆེར་མ་འགོར་བར་མོ་བ་བསམ་འགྲུབ་ཤི་བའི་གནས་ཚུལ་དེས་ཁོ་བསྡད་ན་འདུག་མི་བཟོད་པ་དང་ཉལ་ན་གཉིད་མི་ཁུག་པ་ཞིག་ཏུ་བཏང་ཁར་མི་ཆ་མེད་ཅིག་གིས་ཁ་པར་ཐོན་ཏེ་ངེད་ཚང་གི་ནད་པ་ཚེ་ལས་འདས་སོང་། གོང་རིམ་སྨན་ཁང་གིས་བཤད་པ་ལྟར་ན་ས་གནས་སྨན་ཁང་ནས་འགོར་འགྱངས་བཟོས་པས་གསོ་བཅོས་དུས་སྐབས་ཡག་ཤོས་ཤོར་བ་རེད་ཟེར། ང་ལ་དམིགས་ཡུལ་གཞན་པ་མེད་ཀྱང་གནས་ཚུལ་འདིའི་རིགས་ཁྱོད་ཀྱིས་ཧ་གོ་ན་བསམ་པ་ཡིན་ཞེས་པར་ལན་སློག་རྒྱུའི་ཚིག་གཅིག་ཀྱང་ངག་ལས་མ་ཐོན་པར་གདོང་མདོག་སྐྱ་ཐང་ཐིང་དུ་གྱུར་ཏོ།།


རྩོམ་ཡིག་སྔོན་མ།
2021ལོའི་དེབ་4པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1