ཟླ་བཅུ་གཉིས་པ་ཚེས་རྗེས་ནམ་ཟླ་སྔར་ལས་ཀྱང་ཇེ་འཁྱག་ཏུ་ཕྱིན་ཏེ། ཁང་བའི་ནང་རོལ་ནས་བསྡད་ནའང་གྲང་ངར་གྱིས་རུས་རྐང་དང་དབང་རྩ་ན་ཟུག་གཏོང་ཞིང་། ཆུ་རྫའི་ནང་གི་འཐུང་ཆུ་ལ་དར་ཁ་སོར་གཅིག་ལྷག་ཆགས་པར་མ་ཟད། མི་རྣམས་ཀྱི་མིག་མདངས་ཀྱང་ཞོགས་པའི་ཉི་ཟེར་ཇི་བཞིན་དལ་བུར་སྤྲིན་ནག་སྟུག་པོའི་གཏིང་རུམ་དུ་བྱིངས་ཏེ་འཁྱག་སིབ་སིབ་ཅིག་ཏུ་གྱུར།
སྲི་ཐར་ཚེ་རིང་བཀག་སྐྱིལ་ཁང་ནས་སྒོར་བུད་པའི་སྔ་དྲོ་དེར། སྤྲིན་པ་ཁ་སེར་ལྗང་ནག་དེས་ཞོགས་པའི་ཉི་མ་སེར་བོ་ཁྱུད་མིད་བཏང་ནས་གར་སོང་ཆ་མེད་དུ་གྱུར་མོད། སྒོར་ཐོན་པ་དང་ཁོ་ལ་དབུགས་དབྱུང་ཞིག་བྱུང་སྟེ་ལུས་ལ་དལ་བུར་དྲོད་ཁོལ་ཞིག་རྒྱས་ཡོང་། མཛའ་མོ་རིན་ཆེན་སྐྱིད་འཛོམས་དུས་ཆད་ནང་བཞིན་ཁོའི་སྔུན་ལ་མ་བུད་ཅིང་། ཁོའི་ཨ་ཕ་བཀྲ་ཤིས་རྡོ་རྗེ་ཡང་སྔ་ཉིན་བཀག་སྐྱིལ་ཁང་ནས་སྒོར་བུད་ཟིན་ནའང་། ནམ་རྒྱུན་ལྟར་ཁོ་བསུ་རུ་མ་སླེབས། ཡིན་ནའང་ཁོས་དེར་སྣང་དོགས་ཆེན་པོ་མ་བྱས།
སྤྱི་བདེ་ཁང་གི་སྒོ་ཁར་ཁོའི་ཤོ་གྲོགས་དེ་དག་གི་སྔུན་ལ་འབུད་མཁན་ངོ་ཤེས་འགར་འཕྲད་ནའང་། ཁོར་མཚམས་འདྲི་བྱེད་མཁན་གཅིག་ཀྱང་མ་བྱུང་། དེ་ལྟ་ནའང་ཁོའི་ཨ་མས་ཁོ་རང་ཞོགས་པ་དེར་བཀག་སྐྱིལ་ཁང་གི་སྒོར་འབུད་དགོས་པ་ཤེས་ཏེ་ཁ་པར་སླེབས་བྱུང་།
“སྲི་ཐར། ཁྱོད་ད་ལྟ་གང་དུ་ཡོད།”
“ང་རང་རྫོང་ཐོག་ན་ཡོད། ཅི་རེད།”
“ཁྱོད་རང་བཀག་སྐྱིལ་ཁང་གི་སྒོར་བུད་ཡོང་ངམ།”
“ང་བཀག་སྐྱིལ་ཁང་དུ་མ་སོང་། སུས་ཁྱོད་ལ་ང་བཀག་སྐྱིལ་ཁང་དུ་བཅུག་སོང་ཟེར།”
“ཁྱོད་ཀྱིས་རྫུན་མ་བཤད། ངས་མདང་དགོང་རྨི་ལམ་ངན་པ་ཞིག་རྨིས་བྱུང་། ཁྱོད་ཀྱིས་ཉིན་འདི་དག་ལ་མཉམ་ཞོག སེམས་ཆུང་བྱོས། དོན་དག་ངན་པ་འདྲ་གཏན་ནས་བཟོ་མི་རུང… …”
“ཨ་ཨ་སུན་གི་ཡ། ཨ་ཡེ་འདི་ཚོར་བཤད་རྒྱུ་མང་གི་ཨང་། ཁྱོད་མཁའ་འགྲོ་མ་ཡིན་ནམ། མོ་བ་ཡིན་ནམ། ཁྱོད་ཀྱི་རྨི་ལམ་ལ་ཡང་བརྟག་རྒྱུ་ཡོད་དམ། ངས་ཁྱོད་ལ་ངའི་ཁ་པར་ཨང་གྲངས་བྱིན་མེད་རྒྱུ་ན་རེད།”
“མ་རེད། ཁྱོད་ཀྱིས་སེམས་ཆུང་བྱེད་དགོས།”
སྲི་ཐར་ཚེ་རིང་གིས་ཁོའི་ཨ་མ་མཁའ་འགྲོ་འཚོ་ལ་སྐད་ཆ་བཤད་ནས་ཚར་དུའང་མ་བཅུག་པར་ཁ་པར་གྱི་གློག་སྒོ་བརྒྱབ།
ཁོའི་ཨ་མའི་རྨི་ལམ་ངན་པའི་སྐོར་གྱི་སྐད་ཆ་དེ་དག་གིས་ཁོར་སེམས་ཁྲལ་སྤུ་ཙམ་ཡང་སྐྱེ་རུ་འཇུག་མ་ཐུབ། དེ་ལས་ལྡོག་སྟེ། ཨ་མའི་སྐད་ཆ་དེས་ནམ་རྒྱུན་བཞིན་ཁོར་སུན་སྣང་བཟོད་བརླག་མེད་པ་ཞིག་བསྐྱེད་པས། ཁོས་ལམ་འགྲམ་གྱི་གད་སྙིགས་ལྕགས་སྒམ་དེར་རྡོག་ཐོས་གཞུ་རྩིས་ཤིག་བྱས་རྗེས་ཕར་བསྲིངས་པའི་རྐང་བ་ཕྱིར་འཐེན་སོང་།
བར་སྐབས་དེར། སྲི་ཐར་ཚེ་རིང་གིས་སེམས་ཁུར་བྱེད་ས་ནི་སློབ་གྲོགས་དཔལ་ལྡན་རྡོ་རྗེའི་ལག་གི་སྒོར་མོ་དེ་དག་མྱུར་དུ་ལེན་ཐུབ་མིན་དང་། དགོང་ཁར་སླར་ཡང་ཤོ་རྒྱག་ཏུ་འགྲོ་བར་གྲ་སྒྲིག་གང་ལེགས་བྱེད་ཁོམ་ཡོད་མིན་ཡིན་པས་གོམ་སྟབས་ཇེ་མགྱོགས་སུ་བཏང་།
དེ་ནི་ཁོ་དང་ཁོའི་ཐེངས་སྔོན་མའི་ཤོ་གྲོགས་རྣམས་བཀག་སྐྱིལ་ཁང་དུ་ཉིན་བཅུར་བསྡད་པའི་རིང་ལ་གྲོས་འཆམ་བྱུང་བའི་འཆར་གཞི་ཞིག་ཡིན་ཏེ། ཁོ་ཚོས་ཁང་མིག་ཆུང་ཆུང་དེའི་ནང་ནས་དྲོད་རླངས་ཕར་ཞོག་ལྕགས་ཐབ་ཅིག་ཀྱང་མེད་ནའང་གོམས་སྲོལ་ལྟར་བསྟུད་མར་ཉིན་གསུམ་ལ་བདེ་མོ་གཉིད་ལ་རོལ་རྗེས། གཞུག་མར་བདེ་འཇགས་ཀྱི་ཤོ་ཞིག་ཇི་ལྟར་རྒྱག་པའི་ཐད་ནས་གྲོས་བསྡུར་བྱས། སྲི་ཐར་ཚེ་རིང་དང་ཁོའི་ཤོ་གྲོགས་རྣམས་ཀྱིས་ཏག་ཏག་ཉིན་ཞག་བཅུ་ལྷག་གི་རིང་ལ་བློ་གྲོས་རྩལ་དུ་སྤྲུགས་ཏེ་ཉེན་རྟོག་པར་གཡོལ་ནས་ཤོ་རྒྱག་པའི་ཐབས་ཤིག་འཆར་འགོད་བྱས་པ་ན། ཡར་སྔོན་སོ་སོའི་ཡིད་ཀྱི་གཏིང་དུ་ཡང་ཤར་མ་མྱོང་བའི་ཐབས་མཆོག་སྣ་ཚོགས་ཡིད་ལ་འཁོར་ཡོང་སྟེ། ཁོ་ཚོས་དེ་རྣམས་བློ་ནས་ལེགས་སྒྲིག་བྱས་ཤིང་། ཉེན་ཁ་ཡོད་སྲིད་པ་རྣམས་རེ་རེ་བཞིན་དོར་རྗེས། ལྷག་མའི་འཆར་འགོད་མཆོག་གྱུར་གསུམ་བསྐྱུར་ཏེ་འཆར་གཞི་རིམ་པ་གསུམ་འཐེན།
དེ་ལས་འཆར་གཞི་དང་པོའམ་ཆེས་མཆོག་ཏུ་གྱུར་པའི་འཆར་གཞི་ནི། བཀག་སྐྱིལ་ཁང་ནས་སྒོར་བུད་རྗེས་སོ་སོས་རང་ས་ནས་ཆེས་མ་མཐར་ཡང་སྒོར་འབུམ་གཅིག་ལྷག་རེ་གྲ་སྒྲིག་བྱེད་དགོས་ཤིང་། སྒོར་བུད་ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་བའི་སྟེང་སྔར་བཞིན་བཞི་མདོ་ཆེན་མོ་ནས་མཉམ་དུ་འཛོམས་རྗེས། རླངས་འཁོར་ལ་བསྡད་ནས་རྫོང་མཁར་དང་ཁད་ཐག་ཅུང་རིང་བའི་རྒྱུས་ཡོད་སྡེ་བ་ཞིག་ཏུ་སོང་སྟེ། ལོ་ལོན་དང་བྱིས་པ་མེད་པའི་ཁྱིམ་སར་ཞིག་གི་སྒོ་བརྡུངས་ནས་གནས་ཚང་གཡར་ཞིང་གླ་ཆར་སྒོར་སྟོང་གཉིས་བྱིན་རྗེས། མཚན་མོར་ཁྱིམ་ཚང་དེ་ནས་བསྡད་ཅིང་། ཕྱི་ཉིན་ཉི་རྩེ་སར་ཕོག་མཚམས་སུ་ཁྱིམ་དེའི་སྒོ་ཕྱི་ནང་ཚང་མར་ཟྭ་བརྒྱབ་སྟེ། ཏག་ཏག་ཆུ་ཚོད་གཉིས་ཀྱི་རིང་ལ་གཅིན་གཏོང་དུའང་མ་སོང་བར་ཤོག་ཤོ་བརྩེས་ནས་སུ་རྒྱལ་འགྲན་རྗེས། དུས་ཚོད་ཐོན་པ་དང་སུ་ཞིག་རྒྱལ་རུང་ཕམ་རུང་རང་རང་ས་ནས་ཕྱིར་འཐེན་བྱེད་པ་དེ་རེད།
ལྷག་མའི་འཆར་གཞི་གཉིས་ཀྱང་དང་བོ་ནང་བཞིན་ཉེན་རྟོག་པ་རྣམས་ཀྱི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ཡིན་ནའང་། སྲི་ཐར་ཚེ་རིང་གིས་འཆར་གཞི་དང་བོ་དེ་ཁོ་ན་ཡིད་ལ་སྒོམ་བཞིན། ཐོག་མར་སློབ་གྲོགས་དཔལ་ལྡན་རྡོ་རྗེའི་ལག་ལ་སྒོར་མོ་ལེན་དུ་སོང་ནས་ཁོར་བཀའ་དྲིན་ཞུས་རྗེས། མྱུར་དུ་ཨ་ཕར་འཕྲད་དེ། ཡར་སྔོན་བཀག་སྐྱིལ་ཁང་ནས་དད་པ་རྩེ་གཅིག་གིས་སྐྱེས་ལྷ་ཨ་མྱེས་ལྷ་རིར་ཁས་བླངས་ཡོད་པའི་དམར་བསུར་མཆོད་དུ་འགྲོ་དགོས་སྙམ།
གཉིས།
དེ་ནི་གཟའ་སྤེན་པའི་ཞོགས་པ་ཞིག་ཡིན་ནའང་། ཁོའི་སློབ་ཆུང་གི་སློབ་གྲོགས་དཔལ་ལྡན་རྡོ་རྗེ་ལས་ཁུངས་སུ་མ་ཕྱིན་པར་ཁྱིམ་དུ་ཡོད་དེ། སྔ་ཉིན་དགོང་མོར་ཁོ་སླར་ཡང་ཤོ་རྒྱག་འཛིན་དུ་སོང་ནས་ནམ་ཕྱེད་ཙམ་ལ་ཕྱིར་ཐོན་པ་ཡིན་པས། ཞོགས་པར་ལས་རེས་བརྗེ་རྗེས་ཁྱིམ་ལ་ངལ་གསོ་རུ་ལོག་འདུག
ཡར་སྔོན། དཔལ་ལྡན་རྡོ་རྗེ་ལས་ཁུངས་ནས་ཁྱིམ་དུ་མ་ལོག་སྔོན་ལ་སྲི་ཐར་ཚེ་རིང་བཀག་སྐྱིལ་བྱེད་སར་ཡོང་ནས།“ཉེ་ལམ་ཤོ་རྒྱག་མཁན་མང་དྲགས་པས་མངགས་གཏོང་ལ་བཀག་སྐྱིལ་ཁང་གིས་འདང་གིན་མི་འདུག ཁྱོད་ཚོ་ཉིན་གཅིག་གི་སྔོན་ལ་གཏང་རྒྱུ་རེད། ཁྱོད་སྒོར་བུད་རྗེས་ཐད་ཀར་ངེད་ཚང་ལ་ཤོག”ཟེར་ཞིང་། ཁོ་ལ་ཁྱིམ་གྱི་སྡོད་གནས་གསལ་བོར་བཤད་རྗེས་ཁྱིམ་དུ་ངལ་གསོ་རུ་ཕྱིན།
དེ་བས་སྲི་ཐར་ཚེ་རིང་བཀག་སྐྱིལ་ཁང་གི་སྒོར་བུད་པ་དང་། ཐོག་མར་སློབ་གྲོགས་དཔལ་ལྡན་རྡོ་རྗེ་ཚང་ལ་འགྲོ་བའི་ལམ་དུ་ཞུགས།
དེའི་དུས་སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཡོལ་ཙམ་རེད། སྲི་ཐར་ཚེ་རིང་གིས་དཔལ་ལྡན་རྡོ་རྗེ་ཚང་གི་སྒོ་བརྡུངས་ནས་ནང་དུ་ཕྱིན་དུས། ཁྱིམ་དུ་ཁོ་གཅིག་པུ་ལས་མེད་དེ། ཁོའི་ཆུང་མ་ལས་ཚོགས་ལ་ཕྱིན་ཞིང་། ཕ་མ་གཉིས་ཀས་ཁོར་བྱིས་པ་ལོ་གཉིས་ཅན་ཞིག་ཡོད་པ་ཁྱེར་ནས་ཕ་ཡུལ་དུ་ལོག་སོང་བར་འདུག
“དངོས་ནས་ཁྱོད་རང་བཀའ་དྲིན་ཆེ།”
སྲི་ཐར་ཚེ་རིང་གིས་གྲོགས་པོར་ལག་འཇུ་བྱེད་བཞིན་དེ་ལྟར་བཤད།
“བཀའ་དྲིན་ཞུ་མི་དགོས། ངས་ཀྱང་ཁྱོད་ལ་སྒོར་མོ་འདི་འདྲ་མང་བོ་ཞིག་ཡོད་ངེས་རེད་སྙམ་བྱུང་། ཁྱོད་ཀྱིས་རྩིས་དང་། ངས་སྐར་གཅིག་ཀྱང་བླངས་མེད།”
དཔལ་ལྡན་རྡོ་རྗེ་མལ་ཁང་དུ་ཕྱིན་ནས་སྲི་ཐར་ཚེ་རིང་གི་ཁུག་མ་ཁྱེར་ཡོང་སྟེ་སྤྲད།
“བརྩི་ག་ལ་དགོས། དངོས་ནས་ཁྱོད་ལ་བཀའ་དྲིན་ཆེ།”
སྲི་ཐར་ཚེ་རིང་གི་གདོང་དུ་འཛུམ་ཞིག་ལངས།
“སྐྱོན་མི་འདུག དགོང་མོ་དེར་ཁྱོད་ཚོ་བཀག་སྐྱིལ་ཁང་དུ་བཅུག་རྗེས། ང་ཕྱིར་ས་དེར་ཁུག་མ་འདི་ལེན་དུ་སོང་བ་ཡིན། ནམ་གུང་ཡིན་པས་ངོ་མ་འཚོལ་དཀའ་མོ་རེད། གནམ་ལངས་ནས་གཞན་གྱིས་རྙེད་ན་ཅི་བྱེད་བསམས་ནས་སྐྲག་ནི་ཞིག་རེད།”
དཔལ་ལྡན་རྡོ་རྗེས་ཀྱང་འཛུམ་ཞིག་སྟོན་བཞིན་སྲི་ཐར་ཚེ་རིང་གི་གདོང་ལ་བལྟས་ནས་དེ་ལྟར་བཤད།
“ཁྱོད་ཀྱི་བཀའ་དྲིན་མིན་རྒྱུ་ན། ངའི་སྒོར་མོ་འདི་དག་ཉེན་རྟོག་པ་ཁྱི་རྒན་དེ་དག་གི་ལག་ལ་ཤོར་སོང་བ་རེད། འོ། ངས་ཁྱོད་ལ་བཤད་པ་ངོ་མ་མིན།”
སྲི་ཐར་ཚེ་རིང་དོགས་མ་བདེ་བར་ངོ་གདོང་དེ་མ་ཐག་དམར་ཡུག་ཡུག་ཏུ་གྱུར།
“ཧ་ཧ་ཧ། སྐྱོན་མེད། ཡིན་ཡང་ཁྱོད་ཚོའི་ལག་ནས་གཞུང་བཞེས་བྱས་པའི་སྒོར་མོ་དེ་དག་ང་ཚོ་ལོ་ཆུང་རྣམས་ཀྱི་ལག་ཏུ་ཐོན་གྱི་མེད། རེད་ཡ། ཕར་བལྟས་ཚོད་ཀྱིས་ཁྱོད་ཀྱི་ཁུག་མའི་ནང་ན་སྒོར་ཁྲི་བཅུ་གྲངས་ཤིག་ཡོད་ངེས་རེད། ང་ལ་མཚོན་ན་དེ་ནི་ལོ་འགའི་ཡོང་སྒོ་རེད་ཡ། ཁྱོད་ལ་སྒོར་མོ་འདི་འདྲ་མང་བོ་ཞིག་ཡོད་ན་ཤོ་རྒྱག་པ་ལས་ལས་གཞི་ཞིག་བསླངས་ནས་ལས་ན་མི་བཟང་ངམ། ང་ལ་ཁྱོད་ཀྱི་སྒོར་མོ་འདི་འདྲ་ཞིག་ཡོད་ཚེ… …”
དཔལ་ལྡན་རྡོ་རྗེས་གཟབ་ནན་གྱིས་དེ་ལྟར་བཤད།
“འདི་ན་སྒོར་མོ་ཁྲི་གཅིག་ཡོད། འདི་ཁྱོད་ལ་བཀའ་དྲིན་མཚོན་བྱེད་དུ་བྱིན་པ་ཡིན།”
སྲི་ཐར་ཚེ་རིང་གིས་ཁུག་མ་ལས་སྒོར་མོ་བསྡམས་མ་གཅིག་བླངས་ཏེ་དཔལ་ལྡན་རྡོ་རྗེར་བྱིན།
“མི་དགོས། མི་དགོས།”
དཔལ་ལྡན་རྡོ་རྗེས་ཕྱིར་གཏད།
“ལོངས། འདི་བཀའ་དྲིན་མཚོན་བྱེད་ཡིན། རྗེས་ཕྱོགས་ཀྱང་དོན་དག་བྱུང་དུས་ཁྱོད་ལ་དཀའ་ལས་གཏོད་དགོས།”
སྲི་ཐར་ཚེ་རིང་གིས་ཨུ་ཚུགས་བྱས།
“དེས་ན་ཡང་འདི་འདྲ་མང་བོ་ཞིག་མི་དགོས།”
“དེས་ན་ཁྱོད་ཀྱིས་ང་ལ་སླར་ཡང་རོགས་ཤིག་བྱེད་རོགས།”
སྲི་ཐར་ཚེ་རིང་གིས་མྱུར་དུ་དེ་ལྟར་བཤད།
“ཅི་ཞིག”
སྲི་ཐར་ཚེ་རིང་གིས་དེ་མ་ཐག་གོ་སྐབས་དམ་འཛིན་བྱས་ཏེ་སློབ་གྲོགས་དཔའ་ལྡན་རྡོ་རྗེར་ཁོ་ཚོའི་ཕྱི་ཉིན་གྱི་འཆར་གཞི་མ་གསང་དྲང་མོར་བཤད་ཅིང་། མཚན་མོར་ཁོ་ཚོས་ཁྱིམ་ཚང་གཏན་འཁེལ་བྱས་རྗེས་ཁོར་སྡོད་གནས་བསྐུར་ན། ཁོས་ཕྱི་ཉིན་སྔ་དྲོར་ཉེན་རྟོག་པ་རྣམས་ཁོ་ཚོའི་ཤོ་རྒྱག་སར་མི་ཡོང་བ་ཁག་ཐེག་བྱེད་དགོས་ཚུལ་བཤད་རྗེས། ཐེངས་འདིར་རང་ཉིད་ལ་རྒྱལ་ཁ་ཆེན་པོ་ལོན་པའི་གདེང་ཚོད་ཆེན་པོ་ཡོད་ཚུལ་དང་། ཁོས་དོན་དེར་གྲ་སྒྲིག་ལེགས་པོ་བྱས་ཡོད་ཚུལ། དོན་དག་འགྲུབ་རྗེས་བཀའ་དྲིན་ཞུ་ངེས་ཤིང་མཉམ་དུ་ལས་གཞི་ཞིག་བསླངས་ནས་ལས་ན་ཆོག་ཚུལ་བཤད་པ་ན། དཔལ་ལྡན་རྡོ་རྗེས་ཀྱང་སློབ་གྲོགས་ཀྱིས་སྔོན་ཏག་ཏག་ལ་བྱིན་པའི་སྒོར་ཁྲི་གཅིག་པོ་སྤར་བའི་ནང་དུ་དམ་པོར་བསྡམས་ཤིང་མགོ་ལྕོག་ལྡེམ་ལྡེམ་བྱས།
དཔལ་ལྡན་རྡོ་རྗེ་ཚང་ནས་སྒོར་བུད་རྗེས། སྲི་ཐར་ཚེ་རིང་ཐད་ཀར་ཁོའི་ཨ་ཕ་རྒྱུན་སྡོད་བྱེད་སའི་མགྲོན་ཁང་དེར་ཆས།
ཁོས་སྒོ་བརྡུངས་ནས་ནང་དུ་ཕྱིན་དུས། རང་ཉིད་ཀྱི་མཛའ་མོ་རིན་ཆེན་སྐྱིད་ཨ་ཕའི་མལ་ཁྲིའི་སྟེང་དུ་ཙོག་པུར་བསྡད་ནས་ཁ་པར་ལས་བརྙན་འཕྲིན་ཟློས་གར་ཅིག་ལ་ལྟ་བཞིན་པ་མཐོང་།
“ཁྱོད་འདིར་ཅི་བྱེད་དུ་ཡོང་བ་ཡིན།”མོས་ཁོ་མཐོང་བ་དང་མྱུར་དུ་དེ་ལྟར་དྲིས།
“དེས་ན་ཁྱོད་ཀྱིས་འདི་ན་ཅི་བྱེད་ཀྱིན་ཡོད། མ་གཞི་ཉིན་དེར་ཁྱོད་ཀྱིས་རྒད་པོ་ཞིག་གིས་ཁྱོད་བློར་འབབ་ཀྱིན་འདུག་ཟེར་བ་ངའི་ཨ་ཕ་ཡིན་ནམ།”
“ངས་ཀྱང་ཉིན་དེར་ཁྱོད་གཉིས་ཕ་བུ་རེད་བསམ་བྱུང་།”
སྲི་ཐར་ཚེ་རིང་དེ་མ་ཐག་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ། རིན་ཆེན་སྐྱིད་ལ་རྡོག་ཐོས་འགའ་བརྒྱབ་རྗེས་སྐྲ་ནས་བཟུང་སྟེ་མགྲོན་ཁང་གི་སྒོར་ཕུད་སོང་།
སྒོ་གཏན་ནས་ཁ་ཕྱིར་འཁོར་དུས། ཁོའི་ཨ་ཕའི་གདོང་ན་དོགས་མི་བདེ་བའི་ཉམས་ཤིག་མངོན་ཏེ་ཁོར་བལྟས་འདུག ཁོས་དེ་མ་ཐག་ཨ་ཕར་འཛུམ་ཞིག་བསྟན་རྗེས་གམ་དུ་སོང་ནས་སྐད་དམའ་མོས་ཕྱི་ཉིན་གྱི་འཆར་གཞི་གསལ་བོར་བཤད་ཅིང་། ཁོ་གཉིས་མྱུར་དུ་ཡུལ་ལ་ལོག་ནས་སྐྱེས་ལྷ་ཨ་མྱེས་ལྷ་རི་ལ་ཁས་བླངས་པའི་དམར་བསང་དེ་འབུལ་དགོས་ཚུལ་བཤད། རིན་ཆེན་སྐྱིད་ཀྱི་མགྲོན་ཁང་གི་སྒོ་ཐག་ཐག་བརྡུངས་ནའང་ཁོ་ཕ་བུ་གཉིས་ཀྱིས་ཁ་ཡ་མ་བྱས།
“ཁྱོད་འགྲོ་མི་དགོས། ང་གཅིག་པུ་འགྲོ་དང་ཆོག ཁྱོད་ངལ་ཞིག་གསོས་རྗེས་དགོང་མོར་ཁོ་ཚོར་འགྲོགས་ནས་སོང་དང་། བསང་འབུལ་རྒྱུ་ང་གཅིག་པུས་སྒྲུབ་ཐུབ། ཁྱོད་ཀྱི་ཨ་མས་ཀྱང་རོགས་བྱས་ཆོག”
“ཁྱོད་ཀྱིས་ད་དུང་ཨ་མར་དཀར་བསང་དབུལ་དུ་འཇུག་རྒྱུ་བརྗེད་མི་རུང་།”
“ཆོག་གི ངས་དམར་བསང་ཕུལ་ནས། ཁྱོད་ཀྱི་ཨ་མར་དཀར་བསང་འབུལ་དུ་འཇུག”
“རབ་ཡིན་ན། དཀར་བསང་དོ་ནུབ་ནས་འགོ་བརྩམས་ཏེ་སང་ཉིན་ཤོ་རྒྱག་མཚམས་འཇོག་རག་བར་དུ་མ་ཆད་ན་བཟང་།
“ཆོག་གི དོ་ནུབ་ངེད་གཉིས་ཀྱིས་ཁྱིམ་གྱི་ཁང་ཀླད་ནས་ཕུལ་རྗེས། སང་ཉིན་གནམ་ལངས་པ་དང་ང་སྐྱེས་རིའི་སྒང་ལ་འགྲོ།”
ཨ་ཕར་གྲོས་བྱས་རྗེས། སྲི་ཐར་ཚེ་རིང་གི་ཡིད་སེམས་གཞི་ནས་བདེ་ལ་བབས་བྱུང་། ཁོས་མྱུར་དུ་ལྭ་བ་ཕུད་ནས་མལ་ཁྲིའི་སྟེང་ལ་བུད་དེ། མལ་ཐུལ་མགོར་བསྐྱིལ་ནས་གཉིད་རྩིས་བྱས་པ་ན། སེམས་སུ་རང་ཉིད་ཀྱིས་ཨ་ཕ་དང་མཉམ་དུ་དོན་ཅི་ཞིག་ལ་གྲོས་བྱས་ཀྱང་། བསམ་ཚུལ་གཞི་གཅིག་ཏུ་བབས་ཏེ་གཅིག་སེམས་གཅིག་གིས་ཤེས་པ་དེ་ནི། ཇི་འདྲའི་ངོ་མཚར་ཞིང་ཉམས་དགའ་བའི་དོན་ཞིག་རེད་ཨང་སྙམ་ཞིང་། ཡུད་ཙམ་ནས་སྔུར་བ་ཤང་ཤང་འཐེན་བྱུང་།
གསུམ།
ས་ཡོངས་སུ་རུབ་པ་དང་ཁ་བ་ལྷབ་ལྷུབ་ཏུ་བབས་བྱུང་། ཡིན་ནའང་དེ་ནི་ལམ་འགྲམ་གྱི་གློག་སྒྲོན་དག་གི་འོད་སྣང་ཟ་ཟིའི་ཁྲོད་དུ་གར་ལ་རྩེན་པ་མ་གཏོགས། མུན་པ་ནག་པོའི་ཁྲོད་ནས་ཅི་ཡང་མི་མཐོང་བར་འདུག སྲི་ཐར་ཚེ་རིང་གིས་སྒོར་མོ་བཅུག་པའི་ཁུག་མ་རྒྱབ་ཏུ་འཁུར་ཞིང་མགྲོན་ཁང་གི་སྒོར་བུད་དེ། གློག་འོད་ཟ་ཟི་དང་མུན་པ་ནག་པོ་བསྣོལ་མར་ཡོད་པའི་ལམ་འགྲམ་བརྒྱུད་ནས། ཁོའི་ཨ་ཕ་ནམ་རྒྱུན་ཟ་མ་ཟ་རུ་འགྲོ་རྒྱུར་དགའ་བའི་སྒྲོལ་མ་བོད་ཟས་ཁང་ལ་ནུབ་ཚལ་འཐུང་དུ་ཆས། ཁོའི་ཨ་ཕ་ནི་སྒྲོལ་མ་བོད་ཟས་ཁང་གི་ཞོག་ཁོག་གི་རླངས་ཚོད་ཟ་རྒྱུར་ཧ་ཅང་དགའ་སྟེ། ཁོ་རང་ཡུལ་ལ་ལོག་མི་ཐུབ་པའི་དུས་སུ་ཉིན་རྒྱུན་བོད་ཟས་ཁང་དེར་ཞོག་ཁོག་གི་རླངས་ཚོད་ཟ་རུ་འགྲོ་བ་ཡིན།
ཡིན་ནའང་སྲི་ཐར་ཚེ་རིང་སྒྲོལ་མ་བོད་ཟས་ཁང་དུ་འགྲོ་དོན་ནི་ཞོག་ཁོག་གི་རླངས་ཚོད་ཟ་བའི་ཆེད་དུ་མིན་ལ། ནུབ་ཚལ་འཐུང་དུ་འགྲོ་བ་ཙམ་ཡང་མིན་པར། དེ་རུ་མིང་ལ་བདེ་སྐྱིད་མེ་ཏོག་ཟེར་བའི་ཞབས་ཞུ་མ་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡོད་པ་དེས་སྔོན་ནས་ཁོ་བློར་བབས་ཡོད་པས་ཡིན། ད་ལྟ་མཛའ་མོ་རིན་ཆེན་སྐྱིད་ལ་འབྲེལ་ཐག་གཅོད་རྒྱུའི་སེམས་ཐག་བཅད་ཟིན་པས། སྲི་ཐར་ཚེ་རིང་གི་སེམས་སུ་མྱུར་དུ་བདེ་སྐྱིད་མེ་ཏོག་ལ་མཛའ་གྲོགས་བསྒྲིག་དགོས་སྙམ།
ལམ་དུ་སྐྱོད་དུས། སྲི་ཐར་ཚེ་རིང་ས་ཨ་ཕར་ཁ་པར་བཏང་ནས་གནས་ཚུལ་དྲིས། དེའི་དུས་ད་དུང་ཆུ་ཚོད་བརྒྱད་པ་ཡོལ་ཙམ་ཡིན་པས་ཁོ་དང་ཤོ་གྲོགས་ཚོས་འཛོམས་ཆད་བྱས་པའི་དུས་ལ་ཐོན་མི་འདུག ཨ་ཕས་ཁོའི་ཨ་པར་སྣེ་ལེན་བྱས་པ་དང་། དབུགས་ཧལ་ཧལ་གཏོང་བཞིན་ཁོར་གནས་ཚུལ་གསལ་བོར་བཤད།
“ངས་ལུག་ཉོས་ཟིན་པར་མ་ཟད། དམར་མཆོད་འབུལ་བྱེད་ཀྱི་འབུད་ཤིང་ཡང་གསུས་ནས་ཤིང་སྟེགས་ཆེན་པོ་ཞིག་ཀྱང་ལས་ཡོད། ས་ཡོངས་སུ་རུབ་པ་དང་མགོ་རྩོམ་རྒྱུ་ཡིན། ཁྱོད་ཀྱི་ཨ་མས་ཀྱང་ཁང་ཀླད་ན་བསང་འབུལ་བཞིན་འདུག མོས་བསང་འབུལ་མགོ་བརྩམས་ནས་ཕལ་ཆེར་ཆུ་ཚོད་གཅིག་ལྷག་འདས་སོང་། ཅུང་ཙམ་གྱིས… …”
ཨ་ཕའི་སྐད་ཆར་ཉན་གྱིན་སྲི་ཐར་ཚེ་རིང་སེམས་འགུལ་ཚད་མེད་ཐེབས་ཏེ་ཅི་ཞིག་བཤད་དགོས་པ་ཡང་མ་ཤེས། ཁོའི་སེམས་སུ་ཨ་ཕས་རང་ཁྱིམ་གྱི་ལྷས་ར་གོང་མའི་ནང་དུ་འབུད་ཤིང་གི་སྟེགས་བུ་ཞིག་ལས་ནས་སྟེང་དུ་དམར་མཆོད་འབུལ་དུས། མེ་ནང་གི་ལུག་དེ་འཕག་འཚག་ཡང་ཡང་རྒྱག་ཅིང་། ཨ་མས་ཁང་ཀླད་དུ་སྐྱེས་ལྷ་ཨ་མྱེས་ལྷ་རིའི་བསང་ཡིག་འདོན་བཞིན། ཁེམ་བུ་ཆེན་པོ་ཞིག་གི་ནང་དུ་བསང་རྫས་སྣ་ཚོགས་བཅུས་ཏེ་མཆོད་འབུལ་བྱེད་བཞིན་པའི་རྣམ་པ་ཞིག་ཤར་ཡོང་ནས། ཡིད་སེམས་སྔར་ལས་ཀྱང་བདེ་རུ་བབས་ཤིང་གར་ཡོང་མི་ཤེས་པའི་བློ་སྤོབས་ཤིག་གིས་རྐང་བ་མུན་པའི་ཁྲོད་དུ་སྤོ་བཞིན་པ་ཡང་མི་ཚོར་བ་ལྟ་བུ་ཞིག་ཏུ་གྱུར།
ཁ་པར་གྱི་གློག་སྒོ་བརྒྱབ་རྗེས། སྲི་ཐར་ཚེ་རིང་གིས་སྐད་དམའ་མོས་རང་ཉིད་ཀྱི་ཁ་པར་གྱི་དྲིལ་བརྡར་བཞག་ཡོད་པའི 《 འཇིག་རྟེན་འདི་རུ་ཕ་ཞིག་དགོས》ཞེས་པའི་གླུ་དབྱངས་དེ་ལེན་བཞིན། སྒྲོལ་མ་བོད་ཟས་ཁང་དུ་བསྐྱོད་པའི་སྲང་ཤུར་དོག་མོ་དེའི་ནང་དུ་ཞུགས།
འཇིག་རྟེན་འདི་རུ་ཕ་ཞིག་དགོས།།
ཕ་མེད་ན་མདོ་རིགས་རྟ་ཞིག་དགོས།།
རྟ་རྒོད་པོས་ཕ་གོ་མི་ཆོད་རུང་།།
འདི་བྱང་ལམ་གཅོད་དུས་ཕ་དང་འདྲ།།
འཇིག་རྟེན་འདི་རུ་ཕ་ཞིག་དགོས།།
ཕ་མེད་ན་ཁྲ་རིང་བོའུ་ཞིག་དགོས།།
བོའུ་ནག་པོས་ཕ་གོ་མི་ཆོད་རུང་།།
དགྲ་ཇག་པ་ཐོན་ན་ཕ་དང་འདྲ།།
ཏག་ཏག་སྐབས་དེར། ཁོར་ཨ་མའི་ཁ་པར་སླེབས་བྱུང་།
“སྲི་ཐར། ཨ་མའི་ཁར་ལོངས། ཨ་མས་ཁྱོད་ལ་ཞུ་བ་བྱེད། དོན་དག་ངན་པ་འདྲ་ལས་མི་རུང་། རབ་ཡིན་ན་ཁྱོད་རང་ད་ཐེངས་ཤོ་རྒྱག་ཏུ་མ་སོང་ན་བཟང་། མདང་དགོང་ཨ་མས་དངོས་ནས་རྨི་ལམ་ངན་པ་ཞིག་རྨིས་བྱུང་། རྨི་ལམ་དུ་ཁྱོད་ཀྱི་ལུས་ཡོངས་ཁྲག་གིས་སྦགས་ནས། ཁྱོད་ངའི་མདུན་དུ་ཡོང་སྟེ་ང་ལ་ཨ་མ་ཞེས་འབོད་པ་རྨིས་བྱུང… …”
“ད་ཁྱོད་ཀྱིས་རྣམ་རྟོག་ཟ་བྱེད་དེ་འདྲ་མ་བཤད། ཁྱོད་དངོས་ནས་ང་ལ་ཤ་ཚ་ན། སང་ཉིན་ཉིན་གུང་བར་བསང་ཆད་དུ་མ་འཇུག ཨ་མྱེས་ཚང་ལ་ང་ཐེངས་འདིར་རྒྱལ་དུ་འཇུག་དགོས་པའི་སྐྱབས་འཇུག་ཞུས།”
“ད་དུང་ཁྱོད་ཀྱི་རྨོ་མོས་ཀྱང་ལྕོགས་རྒྱུ་མིན་པ་འདྲ། ངས་རང་ཉིད་ཀྱི་ཨ་མ་མལ་སའི་ནང་ནས་བསྐྱུར་ནས་འདིར་ཡོང་ཡོད།”
“ད་ཆོག་གི སང་ཉིན་ང་ལ་རྒྱལ་ཁ་ཐོབ་རྗེས་ཁྱོད་ཀྱི་ཨ་མ་ཟི་ལིང་ལ་སྨན་ཁང་དུ་སྐྱེལ། ”
“ཡ་ཡ། མ་རེད། ཁྱོད་ཀྱིས་སེམས་ཆུང་བྱེད་དགོས། ད་ལྟ་ཨ་མར་བུ་ཁྱོད་གཅིག་པུ་ལས་ཡོད་ནི་མ་རེད། ཁྱོད་ཀྱང་ཐར་མ་ཐུབ་ན… …”
“ཨ་ཨ་སུན་གི་ཡ།”
ཨ་མས་ཕ་རོལ་ན་སྔར་བཞིན་ངུ་ངག་གིས་ཅི་ཞིག་བཤད་ཀྱིན་འདུག་མོད། ཡིན་ནའང་སྲི་ཐར་ཚེ་རིང་གིས་དེ་ལྟར་བཤད་ཚར་བ་དང་ཁ་པར་གྱི་སྒོ་བརྒྱབ།
རྒྱ་ལམ་གྱི་ཕར་ལོགས་ཤིག་ན་ཨ་ཡེ་རྒན་མོ་ཞིག་གིས་ལྕགས་གཞོང་ཞིག་གི་ནང་དུ་ཤོག་སེར་མེར་སྒྲོན་བཞིན་འདུག དེ་ནི་རྒྱ་མོ་ཞིག་ཡིན་ངེས།
ཁོས་སླར་ཡང《འཇིག་རྟེན་འདི་རུ་ཕ་ཞིག་དགོས》ཞེས་པའི་གླུ་དབྱངས་དེ་ལེན་བཞིན་སྒྲོལ་མ་བོད་ཟས་ཁང་དུ་སྐྱོད་པའི་སྲང་ཤུར་དོགས་མོ་དེའི་ཕྱོགས་སུ་བསྐྱོད།
སྲང་ཤུར་དོག་མོའི་དེ་ནི་སྒྲོལ་མ་བོད་ཟས་ཁང་དུ་སྐྱོད་པའི་ཉེ་ལམ་ཞིག་ཡིན་ལ། རྐང་ཐང་བ་དང་འཕྲུལ་རྟ་ལས་རླངས་འཁོར་གྱི་རིགས་འགྲོ་མི་ཐུབ་པས་ལམ་གློག་གཅིག་ཀྱང་མེད། སྲི་ཐར་ཚེ་རིང་གིས་སྐད་དམའ་མོས་གླུ་དབྱངས་ལེན་བཞིན་སྒོར་མོ་བཅུག་པའི་ཁུག་མ་ཕྲག་མགོ་ནས་གཡུག་ཙམ་གཡུག་ཙམ་བྱེད་ཀྱིན་འགྲོ་དུས། སེམས་སུ་ཕྱི་ཉིན་གྱི་དོན་ཆེན་དེ་ཉིད་དྲན་པ་ལས་རྡོག་འོག་གི་ལམ་དང་མཐའ་སྐོར་གྱི་མུན་པར་ཁ་ཡ་ཅི་ཡང་མ་བྱས།
ཏག་ཏག་ཁོ་རང་སྲང་ཤུར་དོག་མོ་དེའི་ནང་དུ་ཞུགས་ནས་གོམ་པ་བཅུ་ཙམ་སྤོས་མ་ཐག གློ་བུར། མི་ཞིག་གིས་ཁོའི་རྒྱབ་ཕྱོགས་ནས་མགོ་ལ་དངོས་པོ་སྲ་མཁྲེགས་ཅན་ཞིག་གིས་ཤུགས་ཀྱིས་བརྒྱབ་སོང་། དེ་མ་ཐག་ཁོ་མྱུར་སྟབས་ཀྱིས་ཁ་ཕྱིར་འཁོར་ནས་མི་དེར་ཡ་ལན་ཞིག་བསློག་བསམས་ཀྱང་། མགོའི་ཕྱི་ལྟག་ནས་ཙག་ཤེད་ཅིག་ཕྱོགས་བཞིར་མཆེད་པ་དང་མཉམ་དུ་ལུས་ཀྱི་ཤེད་ཤུགས་སྐད་ཅིག་ཉིད་དུ་ཉམས་ཏེ་བསམ་དབང་དྲན་དབང་མེད་པར་ས་རུ་འགྱེལ་སོང་། ཁོས་རྣམ་རིག་ཅི་ལྟར་བསྒྲིམས་ཤིང་ལུས་ཤུགས་ཅི་ལྟར་བསྡུས་ན་ཡང་དབང་རྩ་མཐའ་དག་ཀྱང་འཐོམས་ཤིང་སྦྲིད་པར་གྱུར་ཏེ་ཡར་ལངས་ཐབས་མ་བྱུང་།
མི་དེས་སླར་ཡང་ཁོའི་ཕོ་བའི་ནང་དང་སྒལ་བའི་སྟེང་ལ་རྡོག་ཐོས་ཐེངས་འགར་གཞུས་ཤིང་། མགོར་རྐང་བཅག་ཅིག་བྱས་རྗེས་ཕྱིན་སོང་། ཡིན་ནའང་སྲི་ཐར་ཚེ་རིང་གིས་འཕག་འཚག་ཇི་ལྟར་བྱས་ཀྱང་སྔར་བཞིན་ཡར་ལངས་རྒྱུ་མ་བྱུང་།
ཡུན་རིང་འགོར་སོང་། སྲི་ཐར་ཚེ་རིང་སྔར་བཞིན་འཕག་འཚག་ཅི་ཙམ་བྱས་ནའང་ཡར་ལངས་མ་ཐུབ། ཁོ་དེ་ལྟར་སྲང་ཤུར་ཤོག་དོག་མོ་དེའི་ནང་ནས་འགྱེལ་ནས་སྡོད་སྐབས། དགུན་ཟླ་བཅུ་གཉིས་པའི་གྲང་རླུང་གིས་ས་རྡུལ་དང་བྱེ་ཟགས། གད་སྙིགས་མང་པོ་འཁུར་ཡོང་སྟེ་ཁོའི་གདོང་ལ་ཡང་ཡང་གཅོལ། བར་སྐབས་ཤིག་ལ། ཁོའི་སེམས་སུ་གློ་བུར་ཨ་ཕས་རང་ཁྱིམ་གྱི་ལྷས་ར་གོང་མའི་ནང་དུ་དམར་བསང་འབུལ་ཞིང་། ཨ་མས་ཁང་ཀླད་དུ་དཀར་བསང་འབུལ་ཞོར། རང་ཉིད་ཀྱི་བུ་ཆུང་ལ་སང་ཉིན་ཤོ་རྒྱག་དུས་རྒྱལ་ཁ་ཐོབ་པའི་གསོལ་བ་རྩེ་གཅིག་གིས་འདེབས་པའི་སྣང་བརྙན་ཞིག་འཁོར་ཞིང་། རིམ་བཞིན། ལུས་སེམས་གཉིས་ཀ་ཇེ་ཡང་ནས་ཇེ་ཡང་དུ་གྱུར་ཏེ་རྣམ་རིག་སྒྲིམ་ཐབས་བྲལ་བར་གྱུར།
རིམ་བཞིན། མཚན་མོའི་མུན་པ་སྟུག་པོས་དལ་བུར་ཁོའི་ལུས་པོ་དང་ནམ་མཁའ་ཡོངས་སུ་བསྒྲིབས་སོང་།
བར་སྐབས་ཤིག་ལ། མུན་པའི་ཁྲོད་དུ་སྲི་ཐར་ཚེ་རིང་གི་ཁུག་མའི་ནང་དུ་བཅུག་པའི་ཁ་པར་ལས “འཇིག་རྟེན་འདི་རུ་ཕ་ཞིག་དགོས། ཕ་ཞིག་མེད་ན་མདོ་རིགས་རྟ་ཞིག་དགོས།”ཞེས་གྲགས་ཤིང་། གློག་འོད་ཆེམ་ཆེམ་གྱིས་ཁོའི་རས་སྔོན་གྱི་དོར་མ་བརྟོལ་ནས་འོད་སྣང་ཟ་ཟི་ཞིག་ཕྱི་རུ་མཆེད་ཡོང་།།