རྡོ་འབུམ་སྔོ་རིས།
ཨ་དོན།(རྨ་ཆུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04
རེབ་གོང་ལྕང་སྐྱ་སྡེ་བའི་བྱང་ཕྱོགས་སུ་ཡོད་པའི་ཨ་མདོ་རྡོ་འབུམ་སྔོ་རིས་ནི། ཉམས་རྟོགས་ཀྱི་ཀློང་བརྡོལ་ཞིང་འབྱུང་བཞི་ལ་ཁ་ལོ་བསྒྱུར་བའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྲུལ་བའི་སྔགས་འཆང་སྨྱོན་པའི་ཆ་བྱད་ཅན་ཞིག་གིས་རྒྱལ་བསྟན་སྤེལ་ཞིང་ཀླ་ཀློའི་དམག་ཚོགས་བཟློགས་ཕྱིར་ཕྱོགས་དེར་བདུད་སྲིན་འབྱུང་བའི་རིགས་རྣམས་རྫུ་འཕྲུལ་གྱིས་བཏུལ་ཏེ་ལྷ་ཀླུ་བཙན་གསུམ་བྲན་དུ་འཁོལ་ནས་མི་ལོ་དགུ་སྟོང་གི་བར་དུ་དམ་ལས་མི་འདའ་བའི་ཕྱག་རྒྱས་བཏབ་པའི་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་རྡོ་འབུམ་ཞིག་གོ་ཞེས་པ་བྱ་བ་འདི་སྒྲུང་གི་ས་བོན་འདྲེན་པའི་སྔོན་གྱི་གཏམ་མོ།།
རྡེའུ་ཁ་གསོ་རུ་འགྲོ
རྡེའུ་ཁ་གསོ་རུ་ཤོག
རྡེའུ་ཁ་གསོ་བ་ནི་རོང་བཞི་སྡེ་བའི་ལོ་སར་སྔོན་གྱི་སྡེ་གཞུང་གི་རྡེའུ་འབུམ་སྔོ་རིས་ལ་ལོ་རེར་རྡོ་ཁ་ཐེངས་གཅིག་སོ་བའི་སྲོལ་རྒྱུན་བྱེད་སྒོ་གལ་ཆེན་དེ་ཡིན། རོང་གཞིས་སྡེ་བའི་དགུན་གཞུང་གི་ས་སྲོད་དེ་ནམ་རྒྱུན་དང་མི་འདྲ་བར། ཐེམ་པ་གོང་འགབ་གཉིས་ཀྱི་སྒོ་ཁ་དང་ལམ་ཁ་ཀུན་ཏུ་སྐྱེས་མ་དང་བྱིས་པ་དག་གིས་སྤེན་མའི་ཕྱགས་མ་དང་སྨྱུག་མའི་ཕྱགས་རིང་བཟུང་ནས་གཙང་ཕྱགས་བྱེད་པའི་ས་རྡུལ་གྱིས་ནམ་མཁའ་ཁེངས་ནས་ཡོད་པ་དང་། སྐྱེས་མ་དག་གི་བྲེལ་མྱུར་གྱི་བཟོ་ལྟ་དང་བྱིས་པ་དག་གི་དགའ་སྣང་གི་ངོ་གདོང་ལ་བལྟས་ན་ལོ་སར་ཐོན་ལ་ཉེ་བ་ཤེས་ཐུབ། སྒོ་ཕྱི་ཁྱིམ་གཙང་ཕྱགས་བྱས་ཚར་རྗེས་བྱིས་པ་ཚོ་འུར་དིར་རེ་རྡེའུ་འབུམ་སྔོ་རིས་ཕྱོགས་སུ་ལུ་གུ་ཁྱུ་ཞིག་གད་ཁར་གཤེགས་པ་བཞིན་རྒྱུགས་ནས་བུད་སོང་། ལ་ལས་ཤིང་ཙེ་གྲུ་བཞི་ལག་ཏུ་བཟུང་ཡོད་ལ། ལ་ལས་ཆས་ཁུག་ཆེ་མ་ཆུང་གསུམ་རྒྱབ་ཏུ་འཁུར་འདུག་པ་དང་། འགྲོ་ཞོར་རྒྱུགས་ཞོར་དུ་རྡེའུ་གཞོང་དང་རྡེའུ་ཁུག་ནང་དུ་རྡེའུ་འཐུ་བ་ནི་བྱེའུ་ཕྲུག་ཁྱུ་གཅིག་གིས་ཁངས་ཤུལ་ན་རྒུམ་འབུ་འཐུ་བ་དང་ཨ་ན་མ་ན་རེད།
ཨ་རོགས། རོང་ཕྲུག་ཚང་གི་གདོན་ཕྲུག ཕྱིར་ལ་སོང་།
རྡུགས་ནི་ཡིན། སྡུག་གྱོང་རེད། ཧོན་ལོག
སེང་གེ་རྒྱལ་གྱིས་རྡེའུ་དཀར་ནག་རྡེའུ་ཁུག་གང་ལག་ཏུ་ཐོགས་ནས་རྡོ་འབུམ་སྔོ་རིས་སར་ཐོན་ནས་ལྡུག་གྲབས་བྱེད་དུས། བུ་བཞི་སྟག་ལྷ་རྒྱལ་སྔ་མོ་ནས་རྡེའུ་འབུམ་གཡས་ལོགས་ཀྱི་རྡོ་རྒན་ཞིག་གི་སྟེང་དུ་ཙོག་འདུག་བྱས་ནས་སྒུག་བསྡད་ཡོད་པ་དང་། ཁོས་བུ་བཞི་ཚང་གི་མི་ཞིག་ཡིན་ན་རྡེའུ་ལྡུག་དུ་འཇུག་པ་དང་རོང་ཕྲུག་ཚང་གི་མི་ཡིན་ན་འགོག་གི་ཡོད་པས། སྟག་ལྷ་རྒྱལ་སྟག་སྨྱོན་དང་སེང་གེ་རྒྱལ་སེང་ཕྲུག་བར་ལ་རང་ཤུགས་ཀྱིས་ན་ནིང་བྱུང་བའི་ཁ་འཛིང་དེ་ཡར་བསྐྱར་བྱུང་།
ཤུལ་ནག་ཁྱོད་ཚོ། རྒད་པོ་ང་མ་ཤི་བར་དུ། ཨ་ཤི་རེ་ཁོ།
འདི། འདི། ཕེ། ཨ།
རྒད་པོ་སྟག་ལྷ་རྒྱལ་གྱིས་ལག་གཡས་པས་དབྱུག་རྟེན་ས་ལ་ཤེད་ཀྱིས་འཛུགས་ཐེངས་གཅིག་གིས་ཡར་ལ་ལངས་པ་དང་མཉམ་དུ། ལག་གཡོན་པས་གམ་གྱི་རྡེའུ་འབུམ་སྟེང་གི་རྡོ་ལོག་ཅིག་བླངས་ནས་ནུས་ཤུགས་ཡོད་ཚད་ཀྱིས་སེང་གེ་རྒྱལ་གྱི་མགོ་ལ་གཟས་ནས་འཕངས་པ་ལ། མིག་མེད་ཀྱི་རྡོ་ལོག་དེ་བསམ་སར་མ་སོང་གསེག་སར་སོང་ནས་སེང་གེ་རྒྱལ་གྱི་མིག་གཡས་པའི་མིག་ཀོང་ཁར་ཏན་སེ་འཁེལ་བ་དང་། ཁོ་འགྲོ་ཞོར་དམོད་ཞོར་དུ་ཁ་ཕྱིར་འཁོར་ནས་སྤར་ཚད་ཀྱིས་མཆུ་མ་འཕེན་པའི་མོད་ལ། མིག་ལ་མེ་སྟག་སེར་རེར་རྩི་ཐོ་ཞིག་རླུང་གིས་འཁུར་བ་དང་འདྲ་བར་ཐལ་ལ་སྒྱེལ།
མི་བསད་ཐལ། ཨ་ཁུ་སྟག་ལྷས་སེང་གེ་བསད་ཐལ།
སེང་གེ་རྒྱལ་གྱི་མིག་བཅར་ཐལ།
སེང་གེ་རྒྱལ་ལོ་བཅུ་གསུམ་དུ་སོན་མ་ཐག་ཡིན་ལ། ཕལ་ཆེར་ལུས་ལ་རྨ་ཁ་ཐེབས་པའང་ཐོག་དང་བོ་ལོས་ཡིན། ཡང་གཅིག་བཤད་ན་རྒད་པོ་ཞིག་གིས་བྱིས་པ་ཞིག་རྨས་པའང་རོང་བཞི་སྡེ་བར་མཚོན་ན་གནམ་ས་སྒུལ་བའི་དོན་གསར་ཧ་ལས་པ་ཞིག་ཏུ་འགྱུར་བར་བཤད་ག་ལ་དགོས། རྡེའུ་འཐུ་བའི་བྱིས་པ་དག་བྱ་ཚང་ལ་རྡོ་འཕངས་པ་ལྟར་ཐེམ་པ་གོང་འོག་གཉིས་ཀྱི་གཞུང་ལམ་དུ་ཤིག་དིར་རེ་སྐད་བརྒྱབ་ནས་གཤེགས།
ང་རྒད་པོར་གནམ་གྱིས་མགོ་ལ་བཞག་ནི་ཡིན། ཨ་ཤི་རེ་ཁོ།
ཨ་ཁུ་སྟག་ལྷས་དོན་དག་གི་ཚབས་ཆེན་རང་བཞིན་དང་མཇུག་འབྲས་དེ་རྟ་ཆུ་ཁར་ཐོན་ན་འཐེན་ཐབས་མེད་ཅེས་པའི་དཔེབཞིན་དུ་གྱུར་ཡོད་པ་ཕལ་ཆེར་དཔག་ཐུབ་པས། ལག་གཡས་པའི་ཕུ་ཐུང་ཡར་ལ་བརྫེས་ཙམ་བྱས་ནས་ཕར་འགྲོ་ཚུར་འགྲོ་བྱས་པ་དང་། སེམས་སུ་གློ་བུར་དུ་ཆག་སྒོ་ཞིག་བསླངས་པ་ལ་འགྱོད་པ་རྟ་འདྲ་བ་ཞིག་སྐྱེས་ཀྱང་སྤམ་མདོག་མི་སྟོན་ག་མེད་དུ་གྱུར།
ཨ་སྟག་སྨྱོན་ཁ་ལྡང་། དེ་རིང་ངས་ཁྱོད་ཀྱི་ལག་ལ་རོ་འཇོག
ཧ་ཧ་ཡ་ཤོག ཨ། ཨ།
རོང་ཕྲུག་ཚང་གི་ར་གྱོང་ཁྱི་སྨྱོན་ཅིག་དང་འདྲ་བར་སེང་གེ་རྒྱལ་གྱི་རྨ་ཁར་མིག་ཟུར་ཙམ་ཡང་མི་བལྟ་བར་ཐད་ཀར་རྒད་པོ་སྟག་ལྷའི་ཐོག་ལ་རྩེ་བཞོག་ཅིག་གཤར་ནས་རྒྱུགས་ཤིང་། མཆོངས་ཐེངས་གཅིག་གིས་སྟག་ལྷའི་གོང་བར་འཇུས་ནས་གཡུག་ཐེངས་གཅིག་གིས་རྡེའུ་འབུམ་གམ་དུ་སྒྱེ་སྟོང་ཅིག་གཡུག་པ་བཞིན་པ་རྡུལ་ལོག་གེར་ས་ལ་སྒྱེལ། ཨ་ཁུ་སྟག་ལྷ་འདའ་མ་འདར་དང་ནུར་མ་གོག་གིས་ཡར་ལ་ལངས་གྲབས་ཡོད་པ་ན། ར་གྱོང་གིས་སོག་གཡས་པར་གཟས་ནས་གྲི་གཙགས་ཤིག་བྱས་པ་ན་ཡང་བསྐྱར་བྱ་རོ་ཞིག་གནམ་ནས་ལྷུང་བ་ལྟར་ཐང་ལ་གཞི་ནས་འགྱེལ། རྡོ་འབུམ་སྔོ་རིས་སྟེང་ན་ཨ་ཆེན་སེར་བོ་རླུང་གིས་ཟད་ཅིང་ཉི་མས་འཚིག་པ་ཞིག་ཡོད་པ་དེའང་དམར་ཉོག་གེར་བཏང་།
ཨ། བྱ་འདི། ཨ་རོགས་ཚོ་བར་འབྱེད་དུ་ཤོག་ཡ།
རོང་ཕྲུག་ར་གྱོང་གི་སྤོ་ཡོངས་སུ་དངས་ན་ཡང་ད་རུང་ངར་ངར་གྱིས་སེང་གེ་རྒྱལ་ཡར་ལ་བསྐྱོར་པ་དང་། བུ་བཞི་སྟག་ལྷས་བར་བར་དུ་ཨ་ཤི་རེ་ཁོ་ཞེས་སྐད་ཆ་ལྡབ་ལྡིབ་ཅིག་བཤད་ཀྱི་ཡོད་ན་ཡང་སྐད་ཇེ་ཆུང་ནས་ཇེ་ཆུང་གྱུར་མཐར་ཚིག་གི་འབྲུ་ཡང་མི་གོ་བ་ཞིག་ཏུ་གྱུར། བར་བྱེད་མཁན་དག་ཡུལ་དངོས་སུ་ཐོན་དུས་གློ་བུར་ཏུ་བྱུང་བའི་རྡུང་རེས་དེ་ཕལ་ཆེར་རང་ཤུགས་སུ་འཇགས་པར་གྱུར་ཡོད་པ་དང་། མེ་གཡབ་ཞིག་བརྒྱབ་པ་ལྟ་བུའི་ཆག་སྒོ་དེ་གློ་བུར་དུ་བྱུང་ཞིང་གློ་བུར་དུ་འཇགས་པ་ལྟར་སྣང་ཡང་། བཤད་མི་ཚར་བའི་ཁ་མཆུ་གྱོད་སྣ་གསར་བ་ཞིག་གི་འགོ་བརྩམས་པ་ཡང་ཧ་ཅང་གསལ་བོ་རེད།
སང་ཉིན་ཉི་མ་ཤར་ན་བལྟ་རྒྱུ་ཞིག་ཡིན། ཨ་སྡེ་འདྲེ་ཚང་།
སྐད་ཅིག་ཙམ་གྱི་དུས་ཡུན་དུ་རོང་ཕྲུག་དང་བུ་བཞི་ཤོག་ཁ་གཉིས་དམག་དཔོན་གཅིག་གིས་བཀོད་སྒྲིག་ཐོག་ལྟ་བུ་ཞིག་བྱས་པ་དང་མཚུངས་པར། སྐྱེས་ཕོ་མོ་གཉི་ག་འུར་ལངས་སེ་བྱ་རྒོད་རོ་ལ་བབས་པ་ལྟར་རྡོ་འབུམ་སྔོ་རིས་གམ་དུ་དམག་ཚོགས་བརྒྱབ།
དེ་རིང་རོང་ཕྲུག་ཚང་གིས་ཆོས་རྒྱུན་དཀར་དཀར་འདི་ཁྲག་ཏུ་བསྒྱུར་ཐལ།
བུ་བཞི་ཚང་གི་འཁོར་བ་སླེ་བོ་གང་བོའི་ཀ་དང་གདུང་མ་ཇེ་བཀན་རེད། ཤོང་དཀའ་ཡི།
གཉོམ་ཆུང་འདུག་ཤེས་ན་བཙན་པོས་སྒུལ་མི་ཐུབ།
སྔོན་ཚེ་བུ་བཞི་ཁ་བཞིའི་མ་ཁྱིམ་དེ་ག་ཚང་གིས་སྤྱི་པ་བཙན་པོ་ཚང་གི་རྟ་སེར་ངང་བ་འདྲ་ཞིག་ཡོད་པ་བརྐུས་པས། སྡེ་དགོན་གཉིས་ནས་གནོན་ཤུགས་ཚད་མེད་ཅིག་སྤྲད་དེ་སྡེ་གྲབས་ནས་ཕུད་པ་དང་། ལོ་ལོན་ཚོས་བཤད་ན་རུ་ཡོང་ཁར་བ་ཆས་ཐབ་ཆས་རྙིང་བ་འགའ་དང་ཕྱིང་གདན་རལ་པོ་ཞིག་སླེ་བོར་འཁུར་ནས་ཡོང་བ་དང་སྡེ་བའི་གཞུང་ཁང་གི་འཁྱམས་རར་གནས་བཅས་པར་བཤད་པས། བུ་བཞི་ཚང་གི་འཁོར་བ་སླེ་བོ་གང་ཟེར་དོན་ཀྱང་རྒྱུ་མཚན་དེ་ལ་ཐུག་པ་ཡིན་འདུག
སྡེ་འདྲེ་ར་གྱོང་གདོང་ལ་བུད་ཤོག སྐྱག་གཟན་དེ་གང་ལ་བྲོས་སོང་།
དེ་རིང་ཁྲག་ཚབ་ཁྲག་གིས་མ་མཇལ་ན་ཕ་ཤུལ་གྱི་བུ་མིན། གཡག་ཤུལ་གྱི་ཀོ་མིན།
ར་གྱོང་གིས་སེང་གེ་རྒྱལ་ཁྲིད་ནས་སྔ་མོ་ནས་གསང་སྟབས་ཀྱིས་ལོག་སོང་ན་ཡང་སྟག་སྨྱོན་གྱི་བུ་ཁྱི་ཐར་གྱིས་མི་ཚོགས་ནང་ལ་དཔའ་སྐད་འཐེན་བཞིན་མིག་གིས་ཡར་བལྟ་མར་བལྟ་བྱས་ནས་བཙལ་ཁུལ་བྱེད་པའི་མོད་ལ། སྔོན་པོ་རྒྱལ་སྡེ་བའི་སྐྱ་མི་གསར་བུ་གླག་འདྲ་བ་སྐོར་ཞིག་ཤ་འོད་སླེབས་པ་བཞིན་དུ་བར་བཤིག་ཏུ་ཐོན།
གཡང་སྡེ་བོ། མི་ངོ་ལྷ་ངོ་ཞིག་སྟེར་རོགས།
གཡང་སྡེ་བོ། ཨ་ལགས་ཚང་གི་སྐུ་དོན་གསུང་དོན་དེའི་དོན་དུ།
མ་གཞི་རྡེའུ་ཁ་གསོས་རྗེས་སྡེ་མི་ཀུན་གྱིས་དགུ་ཐུག་ཞིམ་པོ་འཐུང་ནས་ལོ་གཅིག་གི་བགེགས་དང་བར་ཆད་མ་ལུས་རྩ་ནས་སེལ་ཞིང་། སྐྱིད་སྡུག་རེས་མོས་ཀྱི་འཚོ་བའི་ར་རིས་ཀྱི་ཁ་དོག་སྣ་ཚོགས་རྒྱབ་ཏུ་སྐྱུར་ནས་ལོ་གཅིག་ལ་སྡོམ་ཚིག་འགོད་རན་ལ་ཉེ་ཡང་། ལོ་དང་ལོ་ལ་ནམ་འབྱུང་ངེས་མེད་ཀྱི་རྡེའུ་རྩོད་འདི་ནི་གདེངས་ཚོད་ཅི་ཡང་མེད་པའི་གནམ་ངོ་ཞིག་དང་འདྲ་བར་སྡེ་ཆེན་མར་ཁུ་འའདྲ་བོ་གཏོར་ལ་ཁད་དང་འཐོར་ལ་ཁད་བྱེད། ཡ་མཚར་བ་ཞིག་ལ་སྔོན་པོ་རྒྱལ་སྡེ་བ་དང་ས་རྩོད་བྱ་དགོས་པར་ཐུག་ཚེ་ཤོག་ཁ་གཉིས་ག་ནི་རྡེའུ་རྩོད་ཅིག་ཕར་ཞོགས་ཁ་རྩོད་ཅིག་ཀྱང་མེད་པར་མ་གྲོས་རང་མཐུན་ལྟ་བུ་ཞིག་ཡིན་པ་དེ་རེད།
གནའ་ནས་བཟུང་། སྡེ་བ་ཚོ་བ་གང་ལ་འང་སྲོལ་རྒྱུན་ཡག་པོ་ཞིག་ཡོད་པ་ནི་སྡེ་ཐུན་ཚོ་ཐུན་སུ་ཞིག་བར་བཤིག་ཏུ་སླེབས་པ་ཡིན་ན། དེའི་ཡན་གྱི་བརྩི་དགོས་པ་ཞིག་མེད་ལ་དེའི་ཡན་གྱི་གོ་ཆོད་ཞིག་མེད་པ་དེ་རེད། སྔོན་པོ་རྒྱལ་སྡེ་བའི་གསར་བུ་ཚོ་སླེབས་པ་དང་མཉམ་དུ་འདྲ་མཉམ་མིན་པའི་རྒྱག་རེས་དེ་རང་ཤུགས་སུ་རང་དགར་མི་འཇོག་ག་མེད་དུ་གྱུར་ཅིང་། ཁྱིམ་ཚང་གཉི་གས་ཀྱང་སྙིང་ནད་དང་འཁོན་སེམས་ཤིག་འཆང་བཞིན་ལོ་རེར་ཐེངས་རེ་ལས་མེད་པའི་དགུ་ཐུག་དེ་རོ་མེད་བྲོ་མེད་ཅིག་ཏུ་གྱུར་ན་ཡང་དུས་ལྟར་མི་རོལ་ག་མེད་དུ་གྱུར།
དུ་གླུད་འཕངས་འེ་ཚར། ཤོག་བོའུ་འེ་གྲགས་ཀི དུ་གླུད་ཨ་ཁུ་སྟག་ལྷ་ཚང་གི་སྒོ་ནང་ལ་འཕངས་ཡོད།
ང་མིན། ཕུ་བོས་འཕངས་པ་རེད།
ལོ་སར་སྔ་ཉིན་གྱི་དགུང་མོར་དགུ་ཐུག་ལ་རོལ་བའི་སྲོལ་འདི་ཕལ་ཆེར་བོད་ཀྱི་ས་ཆ་སོ་སོ་ན་མེད་ས་ཞིག་མེད་མོད། དུ་གླུད་འཕེན་པའི་སྲོལ་འདི་ཕལ་ཆེར་རོང་བཞི་སྡེ་བ་དང་སྔོན་པོ་རྒྱལ་སྡེ་བ་སོགས་སྡེ་བ་འགའ་ན་མ་གཏོགས་དར་སྲོལ་མི་འདུག་ལོ་ལོན་ཚོས་བཤད་པ་ལྟར་ན་འདི་ནི་སྟོད་མངའ་རིས་ཀྱི་སྲོལ་ཅིག་ཡུལ་འདིར་དར་བར་བཤད་པ་དང་། འདི་ལ་ཡང་སྡེ་ཁུངས་ཚོ་ཁུངས་ཀྱི་ལོ་རྒྱུས་ལོ་རབས་མང་པོ་ཞིག་དང་འབྲེལ་བ་ནི་གེ་སར་གྱི་སྒྲུང་ལས་ཀྱང་རིང་བ་ཞིག་རེད། གང་ལྟར། དུ་གླུད་ནི་ལོ་དགྲ་གང་ན་ཡོད་ན་དེ་ལ་འཕེན་དགོས་པ་དང་། གླུད་ཀྱི་གླུད་གདན་ཨོང་ལེབ་དེའི་སྟེང་ན་བཟའ་མི་གང་བོའི་ལྷམ་ནང་གི་ལྷམ་རྩྭ་དང་། ཁྲུས་ཁུ། ལུས་ཀྱི་མནོལ་རྩམ་སོགས་མི་གཙང་མ་མ་དག་པ་ཐམས་ཅད་དེར་འདུ་བ་ཞིག་རེད། གླུད་དེ་རྩམ་པས་ལས་ཞིང་རྟ་ཞོན་ཞིག་ཡིན་པས་ལོ་གཅིག་གི་མི་གཙང་བ་དང་མི་དགེ་བ་ཐམས་ཅད་གླུད་དེས་འཁྱེར་འགྲོ་རབས་བཤད། གླུད་འཕངས་པའི་གཞུག་ལ་མི་རྒན་ཚོས་གནམ་ལ་བོའུ་འཕེན་པ་དང་། བྱིས་པ་ཚོས་གླུད་ལ་གཟས་ནས་ཤོག་བུའུ་འཕེན་པར་བྱེད།
གང་ལྟར། བུ་དགའ་བོ། ངར་གི ལོ་སོ་མ་ནས་བཟུང་དེ་ལྟར་བྱ་མི་རུང་ཨ། ཡ་འཐུང་།
སེང་གེ་རྒྱལ་གྱི་མགོ་རྨས་ཡོད་པས་དུ་གླུད་འཕེན་སར་མི་འགྲོ་ཐུབ་པས་སྲིང་མོ་དང་ནུ་བོ་གཉིས་ཀྱིས་དུ་གླུད་མ་སྟག་སྨྱོན་ཚང་གི་སྒོ་ནང་དུ་འཕངས། ར་གྱོང་གིས་བྱིས་པ་གཉིས་ཀས་དུ་གླུད་མ་འཕངས་ཚར་ནས་ཚ་ཐབ་ཏུ་ཙོག་པ་ན། ད་གཟོད་དུད་གླུད་མ་ནུབ་བྱང་ཕྱོགས་སུ་མ་འཕངས་པར་བྱིས་པའི་སེམས་ནང་གི་དགྲ་བོའི་སྒོ་ནང་དུ་འཕངས་པ་ཧ་གོ་བ་དང་། སེམས་སུ་དོན་ངོ་མ་ད་ལོའི་ལོ་དགྲ་དེ་ཕྱོགས་གང་ན་ཡོད་པ་རང་གིས་ཀྱང་གསལ་བོ་ཞིག་བཤད་དཀའ་བ་གཞི་ནས་རྟོགས།
དཀར་ཡོལ་དགུ་འཐུང་།
ཟས་སྣ་དགུ་མེད་པ་འདྲ།
ཁྱོད་ན་རྒྱ་མ་དགུ་ཡོད་པས་ཆོག་ནི་རེད།
ར་གྱོང་ཚང་གིས་དུ་གླུད་འཕངས་རྗེས་དགུ་ཐུག་སྟབས་བདེ་ཞིག་འཐུང་བ་དང་གཞི་ནས་ལོ་གཅིག་གི་བྱ་བ་ཡོད་ཚད་མཇུག་སྒྲིལ། ལྕགས་ཐབ་གྲུ་བཞི་མའི་ཁ་ལེབ་གསེང་གི་མེ་འོད་ཕྲ་མོ་ཞིག་ཁང་ངོའི་གདུང་མར་འཕྲོས་ཡོད་པ་དང་། འོང་མེ་ཇེ་ཆུང་དུ་གྱུར་པ་དང་མཉམ་དུ་སེར་ལམ་ལམ་གྱི་འོད་སྣང་ཕྲ་མོ་དེ་སྟོན་གཞུང་གནམ་ངོ་ན་འཚེར་བའི་སྐར་འོད་བཞིན་དུ། སེང་གེ་རྒྱལ་གྱི་བྱིས་པའི་བློ་ངོར་རེ་སྒུག་དང་མཚར་སྣང་རྫོགས་མེད་ཅིག་སྦྱིན།
གནམ་གང་གི་རོང་གཞིས་སྡེ་བའི་ཞོགས་པ་དེ་ཕར་བལྟས་ཚོད་ཀྱིས་མི་རྒན་ཅིག་གློ་ཉལ་བྱས་ནས་ཡོད་པ་དང་ཤིན་ཏུ་འདྲ་ཞིང་། སྡེ་བའི་མདུན་ཐད་ཀྱི་ཛམ་ལྷའི་དབྱིབས་སུ་ཆགས་པའི་ནོར་ལུང་གི་རྩེ་ནས་མར་བལྟས་ན། དུད་ཚང་རེ་རེ་ནས་འཕྱུར་བའི་སྔོ་ཐང་ཐང་གི་དུ་འཁྲི་ལང་ལོང་དུ་འཐེན་ཞིང་འཇམ་ཐང་ཐིང་གི་ཐེམ་པ་གོང་འགབ་གཉིས་ཀ་ནི་གཉིད་དུ་ཡུར་བའི་མི་རྒན་དེའི་པང་ཁུགས་ན་རྨི་ལམ་གྱི་ཞིང་ཁམས་འགྲིམས་བཞིན་པའི་བྱིས་པ་གཉིས་དང་གཉིས་སུ་མ་མཆིས།
མི་རེ་གཞུང་ཁང་དུ་ད་ད་ཤོག
སྐད་ཆའི་སྐལ་ཆད་ན་སྡུག་གྱོང་ཡིན།
ཁྱི་རྒན་འགའི་སུག་སྐད་དང་མཉམ་དུ་སྡེ་དཔོན་གྱི་བརྡ་སྐད་དེ་གློ་བུར་དུ་གྲགས་པའི་སྒྱོགས་སྐད་ཅིག་དང་འདྲ་བར་ཀི་སིང་ངེར་བཏང་བས། གནམ་གང་གི་ཞོགས་པའི་ཉི་ཤར་དང་མཉམ་དུ་འཚོགས་པའི་དམིགས་བསལ་གྱི་སྡེ་ཚོགས་དེ། རོང་ཕྲུག་ཚང་དང་བུ་བཞི་ཚང་གི་ཕ་རིང་བུ་རྒྱུད་ནས་ལུས་པའི་དོན་དག་གལ་ཆེན་འདིའི་ཆེད་དུ་གཟས་ནས་འཚོགས་པའི་སྡེ་ཚོགས་ཐོག་མ་དང་ལོ་དེའི་ཆེས་མཐའ་མཇུག་གི་སྡེ་ཚོགས་ཐ་མར་གྱུར།
རྡོ་འབུམ་འདི་ལ་རོང་ཕྲུག་ཚང་གི་ཨ་བ་ཨ་ཁུའི་རིང་ནས་བརྩིས་ན་ལོ་ལྔ་བརྒྱའི་ལོ་རྒྱུས་ཡོད་རབས་གོ
དགའ་ཡེ་ཤེས་དར་རྒྱས་ཟེར་བ་ཞིག་གིས་བཏབ་རབས་གོ
འོད་ཟེར་ཅན་མའི་རྡོ་འབུམ་ཡིན་པར་བཤད།
ཨ་ལགས་བདེ་གཤེགས་ཚང་སྐུ་རབས་ཤིག་གིས་བཏབ་རབས་བཤད།
ཨོ་རྒྱན་རིན་པོ་ཆེའི་སྤྲུལ་བ་ཞིག་གིས་བཏབ་པ་རེད།
ཁྲག་གིས་མནོལ་བའི་རྡོ་འབུམ་ཞིག་ཅི་ལྟར་བཀུར།
ཤོག་ཁའི་དོན་དག་གི་ཚོགས་འགོ་འཛིན་རྒྱུ་དེ་ཤིན་ཏུ་དཀའ་མོ་ཞིག་ཡིན་པ་བཤད་མ་དགོས་ལ། ལྷག་པར་ཏུ་ཁྲག་དོན་དུ་གྱུར་པའི་སྡེ་བ་གཅིག་གི་སྡེ་དོན་དེ་དེ་བས་ཀྱང་ཁྲོལ་དཀའ་བའི་གནད་དོན་ཚབས་ཆེན་ཞིག་ཡིན་པ་བཤད་མ་དགོས་པ་རེད། དགའ་འོས་པ་ཞིག་ལ་སྡེ་དཔོན་རྒྱ་ལོ་ནི་ཆུང་དུས་གཤིས་ཡག་གཞུང་དྲང་ཅིག་ཡིན་ཁར་སྡེ་དཔོན་དུ་བསྡད་པ་ནས་སྡེ་མི་རྒན་དར་གཞོན་གསུམ་ཀུན་ནས་བརྩི་འཚོ་གོང་བཀུར་བྱེད་སའི་ཁ་འཛིན་དྲིན་ཆེན་ཅིག་ཡིན་པས་དོན་དག་ལེགས་པོ་ཞིག་འོང་མིན་ལ་སུས་ཀྱང་སེམས་ཁྲལ་བྱ་མི་དགོས་པ་དེ་རེད། ཕལ་ཆེ་མི་རེ་ལ་རྡོ་འབུམ་གྱི་གཏམ་རྒྱུད་དང་ཁུངས་ལུང་རྣ་ཐོས་ཐོར་རེ་བའི་འོལ་ཚོད་ཀྱི་གཏམ་རེ་ཡོད་པར་བལྟས་ན། རྡོ་འབུམ་སྔོ་རིས་དེ་སུས་བཏབ་མིན་དང་ལོ་རྒྱུས་ག་ཚོད་ཡོད་མེད་ལ་སུས་ཀྱང་ཁ་ཚོན་གཅོད་ཐབས་མེད་པ་འདྲ།
རྡོ་འབུམ་ཆུང་བོའི་ལོ་རྒྱུས་ང་ལ་གསལ་བོ་ཡོད།
ད་རྩ་ལམ་ནང་དུ་ཕུག་ལམ་མ་བསྲེས།
ཨ་ཁུ་རྣམ་རྒྱལ་གྱིས་ངོ་གནག་ཅིང་སྐད་ཆ་རིང་འཐེན་ཅིག་བྱས་ནས་ཤིན་ཏུ་གསལ་ཆ་ཡོད་པའི་སྒོ་ནས་བཤད་པའི་རྡོ་འབུམ་ཆུང་བོ་ནི། སྡེ་བའི་མ་ནི་ཁང་གི་སྒོ་ཁའི་སྡེ་གཞུང་གི་རྡོ་འབུམ་དེ་རེད། ཕལ་ཆེར་འདི་ནི་རྩོད་དོན་ཅན་གྱི་རྡོ་འབུམ་སྔོ་རིས་ལ་གཟས་ནས་བཏབ་པའི་རྡོ་འབུམ་གསར་བ་ཞིག་ཡིན་ཀྱང་སྲིད་དེ། ཨ་ཁུ་རྣམ་རྒྱལ་གྱིས་རྡོ་འབུམ་དེ་རིག་གསར་སྐབས་ཀྱི་བཅོ་ལྔའི་དགོང་མོ་ཞིག་ལ་ཨ་ལགས་བདེ་གཤེགས་ཚང་གསང་སྟབས་ཀྱིས་ཕེབས་ནས་བཏབ་པ་དང་། ཉིན་གཉིས་པའི་དགོང་མོ་ཁོ་རང་དངོས་སུ་ཨ་མཆོད་བསུ་རུ་སོང་ནས་རྡེའུ་སྒྲུབ་ཀྱི་ཆོ་ག་སྤེལ་བ་དང་ཞོར་དུ་ཚ་གསུར་དང་ལྷ་བསང་་ཕུད་པ་དང་ཡུལ་ཁྲུས་སོགས་གནང་སྟེ་ལོ་སྲུང་དང་ས་བཅུད་གསོ་བའི་རྡོ་འབུམ་འདི་བཏབ་པ་ཡིན་ཚུལ་སོགས་ཚོགས་མི་ཀུན་ལ་ཡུལ་དངོས་ན་ཡོད་པ་ལྟ་བུ་ཞིག་གསལ་བཤད་བྱས།
ཁྲག་སེང་གེ་རྒྱལ་གྱི་ཁྲག་རེད། རྡོ་སྟག་སྨྱོན་གྱི་རྡོ་རེད། ད་སུ་ལན་འདུག
ད་ནི་རྡོ་འབུམ་ཆུང་བ་སྤྱི་བའི་བྱ་རྒྱུ་ལས་མི་འདུག
སྔོན་ལ་གྱོད་སྡུམ་དགོས་པ་མིན་ནམ།
རོང་གཞིས་སྡེ་བའི་སྡེ་དོན་ཚོགས་ཆེན་དེ་ཕལ་ཆེར་སྔ་དྲོ་ཞིག་གི་རིང་ལ་ཚོགས་ན་ཡང་དོན་དག་གཅིག་ཀྱང་ཐག་གིས་མ་ཆོད་པར་གྲོལ་བ་དང་། རྡོ་འབུམ་སྔོ་རིས་དང་འབྲེལ་བ་ཡོད་མེད་ཀྱི་གནད་དོན་མང་པོ་ཞིག་གི་ཁ་ཕྱེས་ནས་རང་རང་སར་ལོག་པ་དང་ཚེས་གཅིག་གི་སྔོན་ལ་ཅིས་ཀྱང་སྡུམ་པའི་གྲོས་ཐག་བཅད། ར་གྱོང་དང་སྟག་སྨྱོན་སུ་ལ་མཚོན་ནས་བཤད་ན་འང་གྲོས་ཐག་འདི་རང་གཞན་གཉིས་ཕན་གྱི་བྱ་བ་ཞིག་ཡིན་པ་སྨོས་མ་དགོས་ཏེ། གལ་ཏེ་མ་འདུམ་ན་ནི་མ་མཐར་ཡང་སྡེ་བའི་ལོ་གཅིག་གི་ཚེ་གཅིག་རྟ་རྒྱུགས་ཀྱི་སྲོལ་བཟང་དེ་འང་རྒྱུན་མི་ཆད་པའི་ངེས་པ་མེད་པ་གདོན་མི་ཟ།
སྡེ་ཆེན་མཚོ་འདྲ་བོ་གཉིས་སུ་གྱེས་རྒྱུ་མ་རེད་ན་གནམ་སྔོན་པོ་གན་སྔོན་པོ་རྒྱལ་སྡེ་བ་གན་ལ་ཁ་ཞེ་སྡང་ཅིག་ལོས་ཡོད།
ཚེས་གཅིག་རྟ་རྒྱུགས་ཅི་ལྟར་བྱ།
ཉིན་གུང་གི་ཉི་མ་དེས་སྤྱི་གཙིགས་ངར་ནས་བསྲེགས་ལ་ཁད་བྱེད་ན་ཡང་སྡེ་མི་དག་གཅིག་རེ་གཉིས་རེ་བྱས་ནས་རང་འགུལ་གྱིས་གཞུང་ཁང་དུ་སླེབས་པ་དང་། སྡེ་དཔོན་གྱིས་ཚོགས་གཏམ་གྱི་སྣེ་དྲངས་མ་ཐག་ཏུ་སྡེ་མི་དག་སྡོང་མགོར་བྱེའུ་དམག་བབས་པ་བཞིན་དུ་གྲགས་པས་སུ་དང་གང་ལ་ཉན་དགོས་པའང་མི་ཤེས་པ་ལྟ་བུ་ཞིག་ཏུ་གྱུར། གང་ལྟར། མདོ་དོན་ནི། ལ་ལས་ར་གྱོང་དང་སྟག་སྨྱོན་ཕྱོགས་གཉིས་ཀར་སྐྱོན་དང་ལན་པ་ཡོད་པས་གྱོད་སྡུམ་རྒྱུ་དེ་འདྲའི་དཀའ་མོ་ཞིག་མིན་ཚུལ་དང་། ཡང་ལ་ལས་སྟག་སྨྱོན་ཤོག་ཁའི་དོན་དུ་ཡིན་པས་སྒེར་དོན་མིན་ཚུལ། ལ་ལས་སེང་གེ་རྒྱལ་བྱིས་པ་བསམ་མེད་ཡིན་ཁར་བུ་ཆེ་བ་ཡིན་པས་ར་གྱོང་ལ་ཁག་མེད་ཚུལ་སོགས་ཀྱི་མཐུན་ལམ་གྱི་སྐད་ཆ་མང་པོ་བཤད། བཤད་གྱིན་བཤད་གྱིན་སྒེར་དོན་དེ་གཞུང་དོན་ལྟ་བུ་ཏུ་གྱུར་བས་གྱོད་ཡ་གཉིས་ལ་འང་རང་ཤུགས་སུ་ཁ་གྲགས་རྒྱུུ་མེད་པར་གྱུར།
ཡ་གཡང་སྡེ་བོ། ཨ་ལགས་ཚང་གིས་ཁ་པར་ནས་གསུང་བུད་བྱུང་།
གྱོད་ཡ་ཕྱོགསགཉིས་ཀྱི་ཁོག་དཔུང་དང་ལ་རྒྱ་དང་ཡོངས་སུ་གཞོམ་ཅིང་ཁ་སྤོ་ཁ་ནས་ཞི་ཞིང་ཞེ་སྤོ་གཏིང་ན་མེད་པར་འགྱུར་བཞིན་པའི་སྒང་དེར། ཨ་ལགས་ཚང་གི་དུས་དང་གོ་སྐབས་སྐར་ཆ་གཅིག་ཀྱང་མ་ནོར་མ་འཆུག་པར་ཇི་ལྟ་བ་བཞིན་མཁྱེན་སོང་བ་ལྟར་སྡེ་དཔོན་ལ་ཁ་པར་ཐོན་ཞིང་། སྡེ་དོན་ལ་ནད་ཐོག་སྨན་པ་དང་དུས་ཐོག་ཆར་བ་ལྟ་བུའི་གསུངས་བཀོད་གནམ་ལྕགས་ཐོག་འདྲ་བ་ཞིག་བཞག
ཡ། རྒྱ་ལོ། ཅི་གསུངས། ཨ་བླ་མ་ཉི་མ་འདྲ་བོ་ཤར་བཏང་ནི་རེད།
གྱོད་ཡ་གཉིས་ནས་བཀའ་འགྱུར་ཚར་རེས་བཤགས་བྱ་དགོས་ཐལ།
སྡེ་བའི་ཁ་མཆུ་འདིའི་སྐུ་རིམ་ལ་ཚེས་གཅིག་རྟ་རྒྱུགས་ལ་རྒྱ་རྟ་གཅིག་ཀྱང་མི་ཞུགས་རྒྱུ་དེ་ཡིན་ཐལ།
ཨོ། ལགས་སོ། ལྷ་རྒྱལ་ལོ།
ར་གྱོང་དང་སྟག་སྨྱོན་ཕྱོགས་གཉིས་ཀར་གཅིག་ཐང་ན་ད་དུང་རང་བློར་མི་འབབ་པའི་དོན་དག་རེ་བཤད་རྒྱུ་ཡོད་ཀྱང་སྲིད་མོད། སྡེ་བའི་མི་མང་གི་ཁ་མང་དང་ཨ་ལགས་ཚང་གི་གསུང་རི་རབ་འདྲ་བའི་ལྗིད་དེས་གྱོད་ཡ་ཕྱོགས་གཉིས་ཁ་སྤྲིན་གྱིས་བཏུམ་པའི་འོད་ཐིགས་བཞིན་གྲགས་མེད་འགུལ་མེད་དུ་བཏང་བ་དང་མཉམ་དུ། སྡེ་མི་ཡོངས་ཀྱིས་རྟེན་འབྲེལ་གྱི་ལྷ་རྒྱལ་འཐེན་ཅིང་ཨ་ལགས་ཚང་གི་ཞལ་ངོ་དགུང་ལ་བསྟད་ནས་རྩེ་གཅིག་དད་པའི་ཐལ་མོ་ཡང་ཡང་སྦྱར།
ཨང་དང་པོ། ཁྱུང་ནག་དང་བྱ་དམར།
ཨང་གཉིས་པ། འཕུར་ཤེས་་་་་
མཛོད་བདག་ལ་མཛོད་རྒྱུས་དང་རྟ་བདག་ལ་རྟ་རྒྱུས་ཟེར་བ་ཡིན་མོད། སྡེ་དཔོན་རྒྱ་ལོས་ཨང་དང་པོའི་རྟའི་མིང་ནས་བསྒྲགས་པ་དང་མཉམ་དུ་སྡེ་མི་ཕོ་མོ་རྒན་གཞོན་ཀུན་གྱི་མགོ་ཐོག་ལ་གནམ་ཆུ་ལུང་བ་གང་བྱོ་བ་ལྟར་འུར་དིར་རེ་ཀི་བཏབ་ཅིང་ལྷ་རྒྱལ་འཐེན། ར་གྱོང་ཚང་གི་རྟ་དང་སྟག་སྨྱོན་ཚང་གི་རྟ་གཉིས་ཀའི་ཨང་རིམ་གཅིག་ཏུ་འགྱུར་སྲིད་པ་ཞིག་སྡེ་མི་ཀུན་ལ་ལྟ་ཞོགས། ཐ་ན་ཨ་ལགས་ཚང་གིས་ཀྱང་མཁྱེན་ཡོད་པའི་ངེས་པ་ག་ལ་ཡོད། འོན་ཀྱང་། རྟགས་དང་རྟེན་འབྲེལ་ལ་རློམ་པའི་བོད་མི་ཞིག་ཡིན་ན་རྒྱ་ལོའི་ཚེ་གཅིག་གི་རྟགས་འགོ་མ་འདི་འདྲ་ཞིག་མ་སྒྲིག་རང་འགྲིག་ཏུ་གྱུར་བ་ནི། སྡེ་མི་སུ་ཡིས་ཀྱང་དགའ་བའི་མཆི་མ་བཞུར་ཅིང་དད་པའི་སྤུ་ལོང་གཡོ་བའི་དོན་བཟང་ཅིག་ཡིན་པ་སྨྲས་མ་དགོས་པ་རེད། དེ་དང་མཐུད་ནས་ཁ་བཏགས་ལེན་པ་དང་ས་སྒྱེ་འགྱོགས་པ། གླང་ཆེན་ས་བཤགས། ཐགས་འཐེན། སྐེ་འཐེན་དང་རྐེད་འཐེན། རྐང་རྒྱུགས། རྟ་ཐོག་དར་རྩེད་དང་མདུང་རྩེད། མདའ་གཞུ་འཕེན་པ། བོའུ་རྩེད་སོགས་རྩེད་རིགས་སྣ་ཚོགས་ཀྱི་ཉིན་གཅིག་གི་དགའ་སྟོན་གྱི་ཡོ་ལང་དངོས་སུ་ཕྱེས་ཞིང་། མི་རབས་དུ་མའི་སེམས་ཀྱི་མུན་པ་ཀུན་ནས་སངས་ཞིང་ཡུལ་སྡེ་གཅིག་གི་བརྩེ་བའི་འོ་ཆུ་ཡོངས་སུ་འདྲེས་པ་ལྟ་བུའི་ལོ་འགོ་སར་བར་གྱུར་ཏོ།