གདུང་དབྱངས་དད་པའི་མཆོད་སྤྲིན།
ཁ་གྱའི་སངས་བཀྲ།( གཙོས ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04
བློ་གྲོས་རབ་བཟང་མཁའ་ལམ་ཡངས།།
དཔལ་ལྡན་མཁྱེན་བརྩེའི་ཉིན་མོའི་གཟིས།།
ཆོས་སྲིད་པདྨོ་འཛུམ་པའི་གཉེན།།
རྡོ་རྗེ་འཛིན་པས་འབྲལ་མེད་སྐྱོངས།།
ལྷ་གཅིག་ཕྱག་ན་པདྨོའི་ཞིང་།།
དོན་གཉིས་མཐར་ཕྱིན་སེམས་དཔའ་ཆེ།།
བསླབ་གསུམ་ཡོན་ཏན་བྱེ་བའི་གཏེར།།
བདུད་བཞི་ལས་རྒྱལ་གང་དེར་འདུད།།
མི་མཇེད་གངས་རིའི་ཞིང་ཁམས་ཀྱི།།
རྒྱལ་བའི་གདུང་འཚོབ་མཆོག་གྱུར་པ།།
ཆོས་རིག་རྒྱལ་མཚན་སྲིད་པའི་རྩེར།།
སྒྲེང་པའི་སྐྱབས་གཅིག་བླ་མར་འདུད།།
ཀུན་མཁྱེན་ཡབ་སྲས་ཐུགས་སྨོན་གྱིས།།
མདོ་སྨད་བསྟན་པའི་འབྱུང་གནས་ཆེ།།
བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་།།
གངས་ལྗོངས་བསོད་ནམས་ཞིང་དུ་འཕགས།།
ལུང་རྟོགས་དབྱིག་གི་བློ་གྲོས་མར།།
མཁས་བཙུན་བཟང་པོའི་དཔལ་དང་ལྡན།།
ཐུབ་བསྟན་ཆོས་སྲིད་སྙིང་པོའི་དཔྱིད།།
ཐོས་བསམ་སྒོམ་པའི་མཛོད་དུ་གཏམས།།
རྨད་བྱུང་མཁྱེན་རབ་དབང་ཕྱུག་གིས།།
ངག་རིག་ལེགས་ཚོགས་གཏེར་བརྒྱ་འཛིན།།
འགྲོ་བ་སྒྲོལ་བའི་ཁུར་ཆེན་དེ།།
བྱམས་བརྩེའི་འཕྲིན་ལས་འཁོར་ལོ་བསྒྱུར།།
དུས་ཀྱི་འགྱུར་བག་རྒོད་ན་ཡང་།།
ཁྱེད་སྐུ་ཙན་དན་ལྗོན་དབང་ལས།།
ཕྱིན་དྲུག་བསུང་ཞིམ་དཀྲིགས་པ་ཡིས།།
སེམས་ཅན་བདེ་དགའི་དཔལ་གྱིས་རོལ།།
ལས་སྨོན་རླུང་གིས་བསྐུལ་བ་ལས།།
ཁྱེད་གསུང་ཡན་ལག་དྲུག་ཅུ་ཡིས།།
བུ་སློབ་གུས་འབངས་བགྲང་ཡས་ལ།།
དབུགས་དབྱུང་དགའ་སྟོན་ཅི་ཡང་སྦྱིན།།
ལུས་ཅན་ཞི་མཐུན་བདེ་སྐྱིད་དུ།།
ཁྱེད་ཐུགས་དྲི་མེད་ཤེལ་དཀར་ལས།།
གཞན་ཕན་བདུད་རྩི་འཛད་མེད་དེ།།
བདེ་བ་སྐད་ཅིག་ཙམ་མ་ཡིན།།
འཆད་པ་སྙན་འགྱུར་དབྱར་སྐྱེས་རྔ།།
རྩོད་པ་མི་འཇིགས་གནམ་ལྕགས་ཏེ།།
རྩོམ་པ་གངས་ཀྱི་གཏོས་སུ་བརྗིད།།
མཁས་གྲུབ་རིག་པ་འགྲན་ཡོད་མིན།།
མཁྱེན་བརྩེ་འོད་བརྒྱ་འཛུམ་པའི་རླབས།།
གངས་རིའི་རྨོངས་མུན་གཤེད་དུ་འབར།།
མདོ་དབུས་ཁམས་གསུམ་ཞབས་ཟུང་བསྒྱུར།།
ཆོས་སྲིད་ཡར་ངོའི་ཟླ་རུ་བཀོད།།
གསུང་དབྱངས་ཚངས་པའི་སྲས་སུ་སྒྲོག།
བཞད་པའི་སྒྲ་བརྒྱས་རྨོངས་པའི་དཔུང་།།
འཇོམས་པའི་རིག་པའི་སྒྲོན་མེ་མཆོག།།
སྦར་བའི་སྐལ་བ་གདོང་དུ་བླངས།།
ལྔ་རིག་གསེར་ཞུན་སྐྱོམས་པའི་གྲྭར།།
གཙུག་ལག་དེད་དཔོན་ཁྱུ་མཆོག་ཉིད།།
ཤེས་བྱའི་བརྩེ་དགའི་དགོས་འདོད་ཆབ།།
བློ་གསལ་བྱེ་བའི་གསོས་སུ་བསྙིལ།།
མཁས་རྒུའི་གཙུག་གི་ནོར་བུའི་ཏོག།
རྒྱུ་སྐར་དབུས་ཀྱི་ཟླ་བ་སྟེ།།
ཆོས་སྲིད་བསྟན་འགྲོའི་ཕན་བདེའི་གཏེར།།
མཛད་རྗེས་རི་དབང་ལྷུན་པོའོ།།
མི་རིགས་བརྩེ་བ་དགའ་ཞེན་དེ།།
མི་དམན་མཛད་འཕྲིན་ཉིད་ལས་མངོན།།
མི་མཛེས་མི་ཆོག་བསླབ་སྟོན་གྱི།།
མི་ཡི་རྒྱན་དུ་ཡང་ཡང་གདམས།།
གློ་བུར་སྐུ་ཡི་ཉི་མ་མཆོག།
མ་བཞུགས་ནུབ་པའི་མི་སྙན་གཏམ།།
རྣ་བའི་བུ་ག་འགས་པ་ཐོས།།
ཀྱེ་མ་ངེད་དག་ལས་བསོད་ཆུང་།།
གངས་དཀར་ལྷུན་པོའི་གཙུག་གི་ཏོག།
གློ་བུར་ཉིལ་བའི་གཏམ་དེ་རྫུན།།
འགྲོ་ཀུན་མགོན་མེད་ཐང་འཁྱམས་སུ།།
གྱར་བའི་ལས་ལ་མི་གཟིགས་སམ།།
ཀྱེ་ཧུ་མི་རྟག་ཆོས་ཉིད་ཀྱིས།།
བདས་ཏེ་ཞིང་གཞན་གཤེགས་གྱུར་ན།།
མགོན་མེད་མྱ་ངན་གདུང་པ་འདི།།
སློབ་འབངས་དད་པའི་རྟེན་དུ་ལྕི།།
ཉི་ཟླའི་འོད་ལམ་མོག་པོར་གྱུར།།
ས་ཆེན་རིལ་བོ་འདར་བར་བྱེད།།
སྐྱེ་རྒུའི་གདུང་བ་ཀུན་སེལ་བའི།།
ལྷ་མིའི་གཉེན་ཁྱེད་གང་དུ་ཕེབས།།
སྙིགས་མ་ལྔ་བདོའི་ཀློང་རུམ་ནས།།
གཟིགས་སྐྱོང་འདྲེན་མཆོག་ཁྱེད་གཤེགས་པ།།
དཔྲལ་བའི་མིག་དང་ཁོང་གི་སྙིང་།།
ལྷུང་བ་ལས་ཀྱང་ཕངས་སེམས་ཆེ།།
འདི་ན་ངེད་དག་མུན་སྤྲུལ་གྱི།།
དོང་དུ་ལྷུང་སྟེ་རང་ལམ་ཞིག།
མ་རྙེད་འཁྱམས་པའི་སྡུག་བསྔལ་འདི།།
གང་ལ་ཞུ་འོ་བླ་མ་མཁྱེན།།
ཐུགས་རྗེའི་བརྩེ་བ་མི་ལྷོད་པར།།
བློ་གསལ་སྦུབས་རྒྱ་འགྲོལ་བ་དང་།།
རྒྱལ་བསྟན་གསེར་གྱི་དར་མོ་ཆེ།།
སྒྲེང་པའི་གཏད་སོ་སུ་ལ་བྱེད།།
ཟིང་ཟང་འདུ་འགོད་མ་གཡེང་བར།།
གཙུག་ལག་རིག་པའི་རྒྱལ་མཚན་ཆེ།།
ས་སྒང་རྒྱན་དུ་བསྒྲེངས་མཛད་དེ།།
གཟི་འོད་ཕྱོགས་སུ་སུ་ཡིས་སྤྲོ།།
བློ་ཆེན་བརྩེ་བའི་བདག་ཉིད་ཅན།།
མདོ་སྔགས་ཟབ་ཆོས་རྒྱུན་བཟང་གིས།།
ཕན་བདེའི་དགེ་ལེགས་འབུམ་སྩོལ་པའི།།
དཔལ་ལྡན་བླ་མས་རྟག་ཏུ་སྐྱོངས།།
ས་ལམ་ཡོན་ཏན་རབ་རྫོགས་ཏེ།།
རྡོ་རྗེ་འཆང་གི་གོ་འཕང་མཆོག།
འཐོབ་པར་ཚེ་རབས་ཕྲེང་བ་ཡིས།།
ཐུགས་རྗེའི་བྱིན་རླབས་བྲི་མེད་མཛོད།།
མགོན་ཁྱེད་གངས་རིའི་ཞིང་མཆོག་ཏུ།།
གཟི་འོད་གཏེར་བརྒྱ་སྦྲུམ་པ་ཡི།།
ཡང་སྤྲུལ་ཉི་མའིགསེར་ཞལ་མཆོག།
དད་པའིཞིང་དུ་འཆར་བར་ཤོག།
ཅེས་སྙིགས་དུས་འགྲོ་བའི་གཉེན་གཅིག་མ་ཧཱ་པཎྜི་ཏ། ཆོས་དང་རིག་གནས་ཀྱི་རྒྱལ་མཚན་སྒྲེང་བའི་སྐྱེས་ཆེན་དམ་པ་བསེ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་གཏམ་ཐོས་འཕྲལ་གུས་འབངས་ཡང་མཐའ་བ་ཁ་གྱའི་སངས་བཀྲས་གདུང་སེམས་དྲག་པོས་ཕུལ་བ་དགེའོ།།