རྗེས་དྲན་མཆོད་པ་སུམ་ཅུ་བ།
བཀྲ་ཤིས་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04
རྒྱལ་བསྟན་དབྱར་གྱི་མཛེས་ལྗོངས་སུ།།
གསེར་གྱི་མེ་ཏོག་འདེབས་མཁས་པ།།
ཟུར་ཕུད་ལྔ་བ་མཁྱེན་པའི་གཏེར།།
ཆོས་ཀྱི་རྡོ་རྗེ་གཏན་གྱི་སྐྱབས།།
ལྷག་བསམ་འོ་མའི་མཚོ་མོ་ལ།།
སྙིང་སྟོབས་འཇའ་ཚོན་རྟག་འཁྱུད་པའི།།
རྒྱལ་སྲས་སྨན་གྱི་ལྗོན་པ་ཆེ།།
ཆོས་ཀྱི་རྡོ་རྗེ་འགྲོ་བའི་མགོན།།
མཁྱེན་རབ་གློག་གི་ཟེར་མ་ཡིས།།
སྐལ་ལྡན་སྙིང་གི་མུན་སེལ་བ།།
ས་གསུམ་འགྲོ་བའི་བླ་མ་མཆོག།
གློ་བུར་གཤེགས་པ་སྙིང་ལ་ལྕི།།
དུས་ལོག་མུན་པའི་བསྐལ་བ་ལ།།
དུས་ལ་གཟིགས་པའི་བྱམས་པ་ཡིས།།
དུས་ཀྱི་འགྲོ་བའི་དོན་མཛད་པ།།
དུས་ཀྱི་དེད་དཔོན་གང་དུ་བཞུད།།
དྲི་བྲལ་རྣམ་དག་ཚུལ་ཁྲིམས་ལྡན།།
མང་ཐོས་ནོར་གྱིས་ཐུགས་རྒྱུད་ཕྱུག།
བསྟན་དང་འགྲོ་བའི་མིག་གཅིག་པུ།།
ཕ་རྒོད་བླ་མ་གང་དུ་བཞུད།།
མ་རུང་གདུལ་དཀའི་ལུས་ཅན་ཀུན།།
རྨད་བྱུང་ཐབས་མཁས་སྤྱོད་བཟང་གིས།།
ཡང་དག་ལམ་ལ་འཁྲིད་མཁས་པའི།།
འགྲོ་བའི་དཔུང་གཉེན་གང་དུ་བཞུགས།།
ཕན་བདེ་པད་ཚལ་འཇོམས་པ་ཡི།།
མི་སྲུན་གླང་བོ་བྱེ་བའི་དཔུང་།།
དུས་གཅིག་བྱེར་མཛད་གྲུབ་པའི་དབང་།།
མཐུ་སྟོབས་དབང་ཕྱུག་གང་དུ་བཞུད།།
རིང་ལུགས་མཐའ་བྲལ་དབུ་མའི་ལམ།།
ཟབ་མོ་རིམ་གཉིས་རྣམ་འབྱོར་གྱིས།།
ཉམས་སུ་བཞེས་པས་རྟོགས་པ་མཐོ།།
གྲུབ་རིགས་ཁྱུ་མཆོག་གང་དུ་བཞུད།།
སློབ་གསོའི་མྱུ་གུ་འབུས་པའི་དུས།།
ཚངས་པའི་བུ་མོས་བཞད་སྒྲ་ཡིས།།
སྦུག་འཐོམ་གཉིད་ལས་དཀྲོག་པའི་གཏམ།།
ཉི་མ་བཞིན་དུ་ཀུན་ནས་འབར།།
དགེ་ལྡན་གྲུབ་མཐའི་གཟི་བྱིན་གྱིས།།
མུན་པར་འོད་ཀྱི་མིག་བྱིན་པའི།།
གསེར་མདོག་གསེར་གྱི་རིང་ལུགས་མཆོག།།
དུས་མཐར་སྤེལ་ལ་མེ་ཏོག་བརྩེགས།།
འཕགས་ཡུལ་གཉིས་པ་ལྷ་ལྡན་ནས།།
གཞུང་ལྔའི་ལུང་རིགས་འོད་རྣོན་གྱིས།།
ཕས་རྒོད་དམ་བཅའ་གཏོར་བའི་སྒྲ།།
གོ་ལའི་ཁྱོན་ན་ད་དུང་གྲགས།།
མཛེས་ལྡན་གསེར་མོ་ལྗོངས་ཀྱི་ལྟོར།།
ཞབས་ཀྱི་མེ་ཏོག་བཀོད་པ་ནས།།
ཨ་རོལ་ལ་སོགས་པཎ་ཆེན་ཀུན།།
ཚུལ་བཞིན་བསྟེན་ལ་རབ་ཏུ་འདུད།།
མགོན་ཁྱོད་མན་ངག་གསེར་གྱི་ཁུའི།།
བྱང་སེམས་རིན་ཆེན་ས་བོན་ལ།།
དགེ་ལེགས་འདབ་བརྒྱ་གྲོལ་བའི་གཏམ།།
གོ་ལའི་མ་ཐེག་འཁུན་སྒྲ་འབྱིན།།
མུན་པས་ཟ་བའི་འཇིག་རྟེན་འདི།།
ཤེས་རབ་སྒྲོན་མེའི་འོད་སྣང་གིས།།
མཐོན་པོའི་ས་ལ་བཏེགས་པ་ཡང་།།
ནོར་གཡང་སྟོང་གིས་ཁུག་པ་མིན།།
ཕྱག་རྩོམ་ས་ལེ་སྦྲམ་གྱི་རིར།།
བཀྲ་ཤིས་གཟི་འོད་རྟག་བཀྲ་ཞིང་།།
གྲགས་དཀར་གཏམ་གྱིས་འཁྱུད་པའི་ཚེ།།
གོ་ལའི་མ་བཟོད་སྡང་མིག་འཛུགས།།
ནོར་གྱི་མཐུན་སྦྱོར་ཞན་པའི་བུ།།
ནོར་གྱིས་བསྐྱངས་པའི་སྦྱིན་པ་ལ།།
གཡུར་ཟའི་འབྲས་བུ་སྨིན་པའི་ཚེ།།
ནོར་ལྷའི་ཚོགས་ཀྱང་ཀུན་ཏུ་ཞུམ།།
དམིགས་མེད་བརྩེ་བ་སྙིང་རྗེ་ཡིས།།
ཕྱི་ནང་འགལ་འདུ་གྱོད་ཀྱི་སྣ།།
ཞི་བར་བཏང་བའི་ཕྱག་རྗེས་ལ།།
ཆེན་པོ་དག་ཀྱང་མེ་ཏོག་གཏོར།།
བསྟན་པ་འཛིན་པའི་རྨང་གཞི་ལ།།
གདན་ས་ཡིད་དགའ་ཆོས་འཛིན་དང་།།
སྲས་མཁར་ལ་སོགས་གྲྭ་ས་ཀུན།།
འོད་དུ་བལྟེམས་པ་ཁྱོད་ཀྱི་དྲིན།།
གཡང་གི་ར་བ་སྟུག་པོ་ན།།
སློབ་གསོ་དཔག་བསམ་ལྗོན་པ་ཆེར།།
ཞིམ་མངར་འབྲས་བུས་དུད་པ་ཡང་།།
འཇམ་དབྱངས་བླ་མ་ཁྱོད་ཀྱི་དྲིན།།
འདི་ན་འཆམ་མཐུན་ཞི་བདེའི་མཚོར།།
སྤྲོ་དགའ་རླབས་ཀྱི་དབྱངས་རྟ་ཡིས།།
མཛེས་པར་དཀྲིས་པའི་བདེ་སྐྱིད་ཀྱང་།།
དམ་པའི་བྱིན་རླབས་ཁོ་ནར་ངེས།།
གདུལ་དཀའི་འགྲོ་བ་འདུལ་བ་ལ།།
བཞད་པའི་རྡོ་རྗེ་ཡབ་སྲས་དང་།།
ཐུགས་བསྐྱེད་སྨོན་ལམ་མཐུ་ཟབ་པའི།།
བླ་མ་ཡིད་བཞིན་ནོར་བུར་འདུད།།
འཇམ་དབྱངས་བླ་མ་མཁྱེན་པའི་གཏེར།།
ངག་དབང་བཀྲ་ཤིས་ལ་སོགས་ཀྱི།།
སྐུ་ཡི་རོལ་བ་མཐའ་ཡས་པའི།།
ངོ་མཚར་གཏིང་མཐའ་སུ་ཞིག་དཔོག།
འགྲོ་ལ་གང་འཚམས་སྐྱེས་ཕྲེང་གི།
བྱིན་རླབས་གཟི་འབར་ཡོན་ཏན་ལ།།
རྟག་ཏུ་བརྩོན་པའི་མཆན་གྱི་བུར།།
བཀྲ་ཤིས་སྩོལ་ཅིག་ཕ་རྒོད་ཀྱེ།།
ཞི་འཇམ་བག་ཡོད་བརྗིད་པའི་སྐུ།།
སྙན་འཇེབས་ཚངས་པའི་དབྱངས་ཀྱི་གསུངས།།
བློ་བཟང་རྒྱལ་བསྟན་འཛིན་པའི་ཐུགས།།
ཕན་བདེ་རྒྱ་མཚོའི་མགོན་ལ་འདུད།།
ལྷུན་གྲུབ་མཁྱེན་བརྩེའི་འོད་སྟོང་གིས།
པད་མོའི་སྦུབས་རྒྱ་གྲོལ་མཛད་པའི།།
ཕན་བདེ་བྱེ་བའི་ཉི་མ་ཆེ།།
དྲིན་ལྡན་བླ་མ་གཙུག་གིས་མཆོད།།
མྱུ་ཁྱུད་གངས་ཀྱི་ར་བ་ན།།
ཁྱེད་ལ་གློ་སྙིང་བྲང་གཏོད་པའི།།
གུས་ལྡན་ལྷ་འབངས་ཅོག་སོ་ལ།།
བརྩེ་བའི་ཕྱི་མིག་གཟིགས་པར་ཞུ།།
འུར་འུར་འཕྲུལ་གྱི་འཚུབ་མ་ཡིས།།
གནམ་ས་བརྡེབས་པའི་དུས་ལོག་ཏུ།།
གཡོ་མེད་ཏིང་འཛིན་བརྟན་པའི་མགོན།།
རྒྱལ་སྲས་དཔའ་བོའི་ཞབས་ལ་འདུད།།
གངས་ལ་ཉི་མ་འཁྱུད་པ་བཞིན།།
ལྟ་བའི་མི་ངོམས་གསེར་གྱི་ཞལ།།
དྲན་ཞིང་དྲན་བཞིན་བོས་པ་ན།།
བརྩེ་བའི་བྱིན་རླབས་གནང་བར་ཤོག།
བདག་པས་གཞན་གཅེས་བྱམས་པ་ཡིས།།
འགྲོ་བའི་དོན་ཆེན་བསྒྲུབ་པ་ལ།།
ཐེག་ཆེན་སྙིང་སྟོབས་བཞེས་པའི་གཏམ།།
སྲིད་པ་གསུམ་གྱི་ཁྱོན་ལས་བརྒལ།།
ཁྱེད་ནི་དག་པ་རྡོ་རྗེའི་སྐུའི།།
དོན་དམ་ཆོས་ལ་དབང་འབྱོར་ཡང་།།
ཐ་མལ་སྣང་ངོར་ཞི་སྟོན་པ།།
སྐལ་བས་ཐོས་པས་རབ་ཏུ་སྐྱོ།།
མཆོག་གསུམ་ཐུགས་རྗེའི་བདེན་པ་དང་།།
བསླུ་མེད་རྟེན་འབྱུང་བྱིན་མཐུ་ཡིས།།
འདོད་པའི་དོན་རྣམས་མ་ལུས་པ།།
མྱུར་དུ་འགྲུབ་པའི་དགེ་ལེགས་སྩོལ།།