སྙན་ངག་ཚན་པ་ལྔ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04
རེས་གཟའ་གཅིག
ཤོག་ངོས་གཅིག་ཕར་ལ་སློག་ཟིན།
དྲན་འཛིན་གྱི་ཡིག་འབྲུ་ཐ་ཐོར་དག
ཕ་གའི་རི་སུལ་ན་ནག་ཡོར་ཡོར་རྒྱུ།
རྨི་ལམ་ཞིག་སྔས་འོག་ཏུ་ཚུད།
ང་རང་རྟབ་རྟབ་པོར་གཉིད་ཅིང་དྲན་མེད་དུ་བརྒྱལ།
ཕར་རིལ་ཚུར་རིལ་གྱི་སྤོ་ལོ།
ངའི་ལག་ལ་ཐོབ་པ་དང་།
ཁོའི་ལག་ནས་ཤོར་བ་དང་།
སེམས་ཟེར་བ་དེས་སྒ་ལོག་སྟན་འགྱུར་བྱས།
ཇི་ལྟར་བྱེ་མ་སྤར་མོས་བཟུང་བ་བཞིན།
དེ་ལྟར་མཛུབ་མོའི་སྲུབས་ལས་ཟགས།
རེས་གཟའ་གཅིག་འདི་ལྟར་འདས།
ཉིན་དཀར་ལངས་ནས་འགྲོ་བ་དང་།
མཚན་མོ་སྐུམ་ནས་གཉིད་དུ་ཡུར་དང་།
སྨན་ཁང་དུ།
སྨན་ཁང་དུ།
ནད་པ་ཆེ་འབྲིང་ཆུང་གསུམ་ཡོད།
ནད་གཡོག་མས་ར་མ་ལུག་གི་སྐད་ཆ་ཉོག
ཚིག་སྦྱོར་ཚུལ་ལ་མཁས་ཚུལ་བཞེས།
སྨན་ཁང་དུ།
ནད་པ་ལྕི་ཡང་གཉི་ག་ཡོད།
ནད་གཡོག་མས་ཁ་རྩུབ་ལག་རྩུབ་ཀྱིས་གནམ་
ཁབ་བརྒྱབ།
ཨེམ་ཆི་དོན་ཡོད་ཤིག་གི་སྣང་བས་སྤུར།
སྨན་ཁང་དུ།
ནད་པ་དག་དུད་འགྲོ་ཞིག་ཏུ་སྣང་བའི་སྐབས་མང་།
ནད་གཡོག་མས་རྐེ་གཅུ་ཞོར་དཔྱི་ཁབ་བསྣུན།
སྨན་ཁང་དུ།
ནད་གཡོག་མར་གཟའ་ཉི་མ་མ་ཐོབ་པའི་སྐད་ཆ་མང་།
སྨན་ཁང་དུ།
ནད་པ་ཚོ་ཤིག་རྙིད་ཅིག་གི་ཚུལ་དུ་གནས།
འབྲོང་གི་རྫ་རྒན་ཕྱུག་མོ།
འབྲོང་གི་རྫ་རྒན་ཕྱུག་མོ།
རི་ཁ་བ་ཅན་གྱི་རྫ་རྒྱུད་ཅིག
ཐང་བདེ་མོའི་ཕང་བར་འཕྲེད་དུ་ཉལ།
འབྲོང་གི་རྫ་རྒན་ཕྱུག་མོས་རྨ་ཆུ་མིག་གིས་འཚོ།
ཕྱག་ཏུ་བཞེས་པའི་དུས་ཚོད་ཀྱང་ཧ་ཅང་རིང་།
དེ་བཞིན་ཆུ་རྨ་ཆུ་ལ་ཡན་ལག་འབྱོར།
དེ་ལས་ཡུལ་རྨ་ཆུ་ལ་རྐྱལ་རྩལ་རྒྱས།
འབྲོང་གི་རྫ་རྒན་ཕྱུག་མོ།
གསེར་སེར་པོ་དེ་ཡི་གཏེར་བདག་ཏུ་བཀུར་ནས།
རྨ་བསྣོལ་ཁུག་འདི་ཡི་དབུ་འཕང་དུ་བསྟོད།
མི་དང་ཁྱི།
རྨི་ལམ་ཞིག་དང་འབྲེལ་ཏེ་གཉིད་ལས་སད།
སྐབས་དེར་རྒྱུ་གཤམ་གཟེར་བཞིན་པས།
གཅིན་པ་གཏོང་ཚད་དུ་སླེབས།
གཅིན་པ་བཏང་ཚར་རྗེས།
ལུས་ཕུང་ཧ་ཅང་བདེ་སྣང་ཞིག་ཤར།
ཉབ་ཉོབ་ངང་མིག་ཟུང་ཕུར་ཕུར་བྱས་ཏེ།
ཕྱི་རོལ་ལ་ལྐོག་ལྟ་བྱས།
ཟླ་འོད་ཟ་ཟི་ཞིག་གི་འོག་ཏུ།
ནམ་གུང་འདིར་མི་རྣམས་ལྷིང་འཇགས་སུ་གནས།
མི་རྣམས་ལྷིང་འཇགས་སུ་གནས་པའི་སྐབས་སུ།
ཁྱི་རྣམས་གསལ་ལྷང་ལྷང་།
མཚན་མོ་འདིར་ཁྱི་སྐད་གནམ་ལ་ཟུག
ནམ་གུང་འདིར་མི་རྣམས་རོ་དང་མཚུངས།
མཚེ་རུ་མ།
མཚེ་རུ་མ་ནི་རུ་སྡེ་ཆུང་ཆུང་ཞིག་གི་མིང་ཡིན།
དགོན་པ་ཆུང་ཆུང་ཞིག་གི་འདབ་ན་ཆགས་ཡོད།
དུས་རྒྱུན་གསར་འགྱུར་དམ་དུམ་ལ་ཆད་རྒྱུ་མེད།
ནངས་སྔ་མོ་ཆུ་མེད་པའི་འབོད་སྒྲ་གསལ་ཞིང་།
དགོང་ཕྱི་དྲོ་གློག་ཆད་པའི་ལེ་ལན་གླེང་།
སྡེ་དཔོན་ཡར་དགྱེ་ནས་གནམ་ལ་བལྟ་བའི་སྐབས་སུ།
སྡེ་མི་ཚོས་ལན་རེར་ཟོག་གི་ལྕི་བ་ཉར་རྒྱུའང་བརྗེད་ཡོད།
དུས་གཏན་དུ་ཡུལ་ཕྱོགས་གཞན་དང་མི་འདྲ་བར།
ཁ་བ་མཐུག་པོ་འབབ་པ་དང་ཆར་ཆུ་དྲག་པོ་མོད།
དབུལ་ཕོངས་ནད་པ་མང་ཞིང་ཕ་མེད་བྱིས་རིགས་མང་།
ཁ་ཅིག་གིས་བྱིས་པ་ཁྱིམ་ཐོར་མ་ཞོག་པར་མགོ་ན་བཞིན་ཡོད།
རྨ་ཆུ་ཁུག་མགོ་འདི་ན།
མཚེ་རུ་མ་རུ་སྡེ་ཁེར་རྐྱང་ཞིག་ཡིན།
རྨ་ཆུའི་ཕར་ཚུར་འདི་ན།
མཚེ་རུ་མའི་བདག་མེད་མར་བདག་པོ་མང་།