དྲི་བ་གང་སར་ཐིག་འདེབས། (ཞར་བཀོད་དགུ)
ཀླུ་ཚང•སྨྱུག་རྩེན།(རྩེ་ཁོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04
བྱིས་སྐྱོང་ཁང་གི་སྒོ་ཁར་མི་ཚོགས་རུབ།།
རྒན་བཀུར་ཁང་གི་སྒོ་ཁར་རླུང་བུ་ལྡང་།།
ཆང་ཁང་དག་ཏུ་བརྩེ་བའི་དགོད་སྒྲས་ཁེངས།།
ཀྱེ་ཧུད་དུས་དང་སྐལ་བ་འགྱུར་སོང་ངམ།།
སྐྱིད་པའི་ལྷན་འཛོམས་ཤིང་ལོ་རླུང་ཁུར་འདྲ།།
མེ་ཏོག་ནམ་ཟླ་དུས་སུ་ཡལ་ནས་འགྲོ།།
གསེར་དངུལ་རྡོ་རུ་འགྱུར་བའི་དུས་ཀྱང་མཆིས།།
མི་རྟག་བརྡ་རུ་ཤར་བ་ཨེ་ཡིན་ནམ།།
དབུལ་ཕྱུག་མི་སྙོམས་ལག་པའི་ཕྱི་ནང་འདྲ།།
སྐྱེ་འཆི་མི་རྟག་ནམ་མཁའི་འཇའ་ཚོན་འདྲ།།
མི་ཚེའི་སྐྱིད་སྡུག་རི་བོའི་ཉིན་སྲིབ་འདྲ།།
འཇིག་རྟེན་འཁོར་བའི་ལྟད་མོ་རྫོགས་སོང་ངམ།།
དབུལ་བོ་རྣམས་ཀྱིས་ཕྱུག་པོར་གཡང་འབོད་བྱེད།།
ཕྱུག་པོ་རྣམས་ཀྱིས་དབུལ་བོར་སློང་མོ་བྱེད།།
ཡོད་མེད་ཡིན་མིན་དབུ་མའི་མཐའ་ལས་འདས།།
ཆོས་ཉིད་ཟབ་མོའི་བདེན་པ་རྫུན་སོང་ངམ།།
མིག་གི་ཤེས་པས་སྒྱུ་མའི་རྟ་གླང་མཐོང་།།
ཡིད་ཀྱི་ཤེས་པར་སྒྱུ་མའི་རྟ་གླང་སྣང་།།
སྣང་བ་སེམས་སུ་འཁྲུལ་བའི་ཞེན་བློ་འདིས།།
ད་དུང་ག་ཚོད་ཅིག་ལ་བསླུས་འགྲོ་ཨང་།།
རྒྱ་བླ་གདུལ་བྱ་ཅན་ཚོས་རྒྱ་གྲོང་ན།།
གཟན་ཤམ་རྨ་བྱ་འདྲ་བ་གྱོན་ཏེ་འཁོར།།
དྲིན་ཅན་ཕ་མར་རི་ནས་གྲང་འདར་རྒྱག།
བསླུ་མེད་ལས་འབྲས་འདི་འདྲ་ཨེ་ཡིན་ནམ།།
རང་གི་གཡང་ཟོག་དེད་ནས་ཁྲོམ་ལ་བཙོང་།།
ཡོང་ཁར་གོང་ཆེན་བྱིན་ནས་ནང་ཁྲོལ་ཉོ།།
བྱམས་དང་སྙིང་རྗེ་ལྡན་པའི་ཚོང་ལས་འདིས།།
རང་གི་མ་རྩ་རྡིབས་པ་ཨེ་ཡིན་ནམ།།
ནམ་རྒྱུན་བཟའ་འཁོན་བྱེད་པའི་ཁྱིམ་པ་ཚོས།།
འཛམ་གླིང་ཞི་བདེ་བཤད་ནས་ཁ་ལྕེ་སྲད།།
འཁོར་བའི་འདམ་དུ་བྱིང་པའི་དགེ་སྦྱོར་བས།།
ཐར་བའི་ལམ་སྣ་འདྲེན་པ་ཨེ་བདེན་ནམ།།
ཡི་གེའི་སྦྱོར་ཀློག་ཙམ་ཞིག་ངེས་པ་ནས།།
ཐམས་ཅད་སྙན་ངག་འབྲི་བ་ཨེ་བདེན་ནམ།།
སྤྱི་ཞབས་པ་ཚོས་གྲུབ་མཐའ་རྩོད་པ་འདི།།
རང་གི་ཡོན་ཏན་ངོམས་པ་ཨེ་ཡིན་ནམ།།
སྙན་པའི་གཞས་ཤིག་གཏོང་བསམ་མགྲིན་པ་བརྣངས།།
མཛེས་པའི་བྲོ་ཞིག་འཁྲབ་བསམ་སྒྱིད་པ་འདར།།
དེ་རིང་བདག་ལ་གང་ནས་ཅི་བྱུང་ངམ།།
མདང་ནུབ་རྨི་ལམ་འཁྲུགས་པ་ཨེ་ཡིན་ནམ།།
མགོ་བོ་བཏེགས་ན་ནམ་མཁའ་རྡིབས་ནས་ཡོང་།།
ས་གཞིར་བལྟས་ན་རི་ལུང་འཁོར་ནས་ཡོང་།།
མིག་ཟུང་བཙུམ་ན་བར་དོའི་འཕྲང་རིང་མཐོང་།།
སེམས་འདི་གདོན་གྱིས་བཟུང་བ་ཨེ་ཡིན་ནམ།།
དྲིན་ཅན་ཕ་མས་བོས་ན་ཚིག་པ་ཟ།།
ཚེ་གཅིག་བཟའ་ཚང་མཐོང་ན་ཞེན་པ་ལོག།
ཤ་ལས་ཆད་པའི་བུ་དང་བུ་མོ་རྣམས།།
ནག་ཕྱོགས་བདུད་ཀྱི་ཆོ་འཕྲུལ་ཨེ་ཡིན་ནམ།།
དགོན་པའི་གསེར་ཏོག་མཐོང་ན་རྣམ་རྟོག་སྐྱེ།།
བཙུན་པའི་ཞལ་འདོན་ཐོས་ན་སྙིང་རླུང་ལྡང་།།
གཅིག་པུར་ཟབ་མོའི་དེ་ཉིད་སྒོམ་པ་ལ།།
དེང་སང་དབེན་པའི་གནས་ཤིག་གང་དུ་འཚོལ།།
སྔ་དྲོ་འགྲོགས་པའི་གྲོགས་ལ་ཕྱི་དྲོ་འགྱེས།།
ཚེ་སྟོད་བསགས་པའི་རྒྱུ་ནོར་ཚེ་སྨད་འཛད།།
ཡིན་མིན་ཡོད་མེད་བདེན་པའི་མཚམས་ལས་འདས།།
ད་ནི་དངོས་པོའི་གཤིས་ལ་རིང་སོང་ངམ།།
བདུད་ཀྱི་ཁ་རླངས་བུན་པ་ཙམ་ཞིག་ལ།།
ཕྱག་ན་རྡོ་རྗེར་ཤུ་བ་ཐུག་ཐུག་འབྱུང་།།
ཨུ་ཧུ་དུས་དང་སྐལ་བ་འགྱུར་སོང་ངམ།།
ནམ་མཁའ་ཐིག་གིས་འདེབས་པ་འདི་ཡང་སུ།།
ཐུབ་པ་མཆོག་ཁྱོད་བརྩེ་བའི་སྤྱན་རིས་ཀྱིས།།
ད་དུང་གཟིགས་པ་ནམ་ཡང་མི་ལྷོད་འཚལ།།
སྙིགས་མའི་རང་མཚང་ཆེ་ཆེར་བརྡོལ་བ་ན།།
དོན་དམ་གཤིས་ཀྱི་དངོས་པོ་འགག་ནས་ཡོང་།།
༢༠༢༠.༢.༡༦ཉིན།