འགྲུལ་བཞུད་ཀྱི་ལོ་ཟླ།

རྣམ་གླིང་རིན་ཆེན།( ལྷ་ས ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


ལེའུ་གསུམ་པ།

འདུ་འཛི་ཟང་ཟིང་ཅན་གྱི།། སྤྱི་ཚོགས་འཚོ་བར་ཞུགས་དུས།།

གསང་བ་ལྐོག་གྱུར་ཅན་གྱི།། མི་ཚེའི་ཁ་དོག་ཤེས་སོང་།།


དགུ

དགའ་སྐྱོ་འདྲེས་མའི་སློབ་ཆེན་གྱི་སློབ་གཉེར་འཚོ་བ་དེ་ལྟར་མཇུག་རྫོགས་སོང་། ང་དང་ངའི་སློབ་གྲོགས་ཚོས་སློབ་ཆེན་སྐབས་ཀྱི་འཇའ་ལྟར་འཛུམ་པའི་མཛེས་སྡུག་གི་རྨི་ལམ་དང་རེ་བ་མཐའ་དག་རུམ་དུ་བཅུག་ནས། འགའ་རེས་རང་ལྗོངས་དང་ཞིང་ཆེན་སོ་སོའི་གཞུང་ཞབས་པའི་ཡིག་རྒྱུགས་ནང་ཞུགས་ཏེ་རང་རང་དང་འཚམས་པའི་སྤྱི་ཚོགས་ཀྱི་ལས་གནས་ཤིག་རེག་རྒྱུར་བརྩོན་པ་བྱེད་ཅིང་། ལ་ལས་རབ་འབྱམས་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ལ་ཞུགས་ཏེ་མུ་མཐུད་དེ་སློབ་གཉེར་གྱི་ལམ་བུའི་ཐོག་ངལ་བ་ཁྱད་སད་ཀྱིས་བརྩོན་བརྒྱ་འབད་སྟོང་བྱེད་བཞིན་འདུག ང་རང་ལ་ཆ་མཚོན་ན། མ་གཞི་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ནང་ཞུགས་ཏེ་མུ་མཐུད་དེ་སློབ་གཉེར་གྱི་ལམ་བུ་དེའི་ཐོག་བསྐྱོད་འདོད་ཀྱི་འདུན་པ་རྦ་རླབས་བཞིན་མཁའ་ལ་འཕྱུར་ཡང་། ང་རང་གི་ཁྱིམ་ཚང་དཔལ་འབྱོར་ཆ་རྐྱེན་དེ་ཙམ་མི་ལེགས་པས། མཐར་རང་ལྗོངས་ཀྱི་གཞུང་ཞབས་པའི་ལས་མི་བསྡུ་བའི་ཡིག་རྒྱུགས་ནང་ཞུགས་པ་ཡིན། ཡིག་རྒྱུགས་ཚར་རྗེས། ང་རང་དེ་ལྟར་ཕ་ཡུལ་དུ་ལོག་པའི་ལམ་ལ་ཞུགས།

མེ་འཁོར་གྱི་དུང་བརྡ་དང་འགྲོགས་ནས་ང་རང་ལྷ་སའི་མེ་འཁོར་འབབ་ཚིགས་སུ་གཞི་ནས་འབྱོར། ཉིན་མཚན་གཅིག་ལྷག་གི་འགྲུལ་བཞུད་འོག ང་རང་གི་ལུས་པོ་ཡོངས་ལྗིད་ཏིག་ཏིག་དང་ཉབ་བེ་ཉོབ་བེར་གྱུར་ནས་གྲོད་པ་ལྟོགས་ཏེ་སྡུག་སྐད་འཆོར་ལ་ཉེ་ཡང་ཟ་མ་ཟ་བའི་དང་ཁ་ཡེ་ནས་མི་འདུག མེ་འཁོར་ལས་བབས་རྗེས། ལྷ་སའི་ཚ་སྲེག་གི་ཉི་འོད་ངར་མོས་ང་རང་གི་མིག་ཟུང་གཟན་པར་གྱུར་ཏེ་ཡུད་ཙམ་ཞིག་རིང་མིག་ཟུང་གདང་དཀར་བར་བཏང་། ལྷ་སའི་ཉི་འོད་སྔར་རྒྱུན་བཞིན་དྲོ་ཞིང་འཇམ་པས་ངའི་ལུས་པོའི་ཁྱོན་ཡོངས་ཚ་བེར་བེར་དུ་བཏང་། ཡུན་རིང་ཉི་མ་མཐོང་དཀའ་བའི་ལན་ཇུ་གྲོང་ཁྱེར་དུ་བསྡད་ཡུན་རིང་བའི་དབང་གིས་ད་ཆ་ལྷ་སའི་ཉི་འོད་དྲོན་མོ་དེ་ལའང་ང་རང་ཅུང་ཟད་མི་གོམས་པའི་སྣང་བ་ཞིག་ངམ་གྱིས་སྐྱེས།

སྨུག་སྤྲིན་གྱི་མཁའ་དབུགས་སྟུག་པའི་ལན་ཇུ་གྲོང་ཁྱེར་དུ་ངས་དུས་ཡུན་རིང་བོར་ཉི་མ་མིག་གིས་རིག་རྒྱུ་མ་བྱུང་བས། ད་ཆ་གློ་བུར་དུ་འོད་ཟེར་གྱི་གཟི་མདངས་ཕྱོགས་བཅུར་འཕྲོ་བའི་དབུས་ཕྱོགས་ལྷ་ལྡན་གྲོང་དུ་འབྱོར་དུས། ཉི་མ་དེའང་མིག་ཟུང་གཟན་བྱེད་ཀྱི་རྒྱུར་གྱུར་འདུག“ཨ་ཧོ། ད་ནི་ཕ་ཡུལ་དུ་ཐོན་ཐལ”ཁོ་བོས་སྔོ་ཞིང་དྭངས་པའི་ལྷ་སའི་ནམ་མཁའ་དང་། དཀར་ཞིང་རང་གར་རྒྱུ་བའི་སྤྲིན་དཀར། ད་དུང་མུ་མཐའ་མེད་པའི་རྩྭ་ཐང་དང་། སྐར་ཚོགས་ས་ལ་འཕོས་འདྲའི་ནོར་ལུག་གི་ཁྱུ་ཚོགས། མུ་ལ་མུ་ཁྱུད་ཀྱི་གངས་རིའི་ཕྲེང་བ་སོགས་རེ་རེ་བཞིན་ངའི་འདྲེན་བྱེད་དབང་བོའི་ལམ་དུ་རྒྱུ་དུས། ངས་ད་གཟོད་རང་ཉིད་ཕ་ཡུལ་ལ་སླེབས་པ་གཞི་ནས་རྟོགས་ཏེ། སེམས་ལ་སྨྲ་མི་ཤེས་པའི་དགའ་ཚོར་གྱི་བསམ་པ་ཞིག་གིས་ངག་ལས་དེ་སྐད་དབང་མེད་དུ་སྨྲ་བར་ཐལ།

ང་རང་ཕ་ཡུལ་དུ་འབྱོར་བའི་དུས་ཚོད་ནི་ཚ་ཞིང་སྲེག་པའི་དབྱར་ཁའི་ཉི་མ་ཞིག་རེད། ཕ་ཡུལ་གྱི་སོ་ནམ་པ་ཚོས་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་ཞིང་ཁའི་ཕྱོགས་སུ་འགྲོ་བཞིན་འདུག ཚ་སྲེག་གི་རང་བཞིན་ལྡན་པའི་ཉི་མའི་འོད་ཟེར་ངར་མོ་དེར་ཁོ་ཚོ་ཕལ་ཆེར་གོམས་ལོབས་སུ་སོང་ཡོད་པ་འདྲ། ཁོ་ཚོས་གཏན་ནས་བརྗེ་མྱོང་མེད་པའི་སློག་པ་དེ་གཡང་ཤམ་བྱས་ནས་ལུས་ལ་གྱོན་ཏེ་ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་སྐྱེས་པ་ཚོས་སྦྱག་མ་དཔུང་ལ་ཁེན་ནས་ཞིང་ཁའི་དབུས་ཀྱི་ཆུ་ཡུར་གྱི་ནང་དུ་ཆུ་དྲངས་ཏེ་ཞིང་ལ་ཞིང་ཆུ་གཏོང་བར་བྲེལ་ཞིང་། བུད་མེད་ཚོས་ཚིག་གསལ་ལ་མི་གསལ་གྱི་གཞས་ཆུང་རེ་ངག་ལ་ལེན་ཞོར་ཞིང་ཁའི་རྣང་མའི་བར་དུ་སྐྱེས་པའི་རྩྭ་ངན་གྱི་ཚོགས་རྣམས་འཐུ་བའི་ལས་ལ་བྲེལ་འདུག ཁོ་ཚོས་མཚམས་རེ་ལག་གཡས་པའི་ཕུ་ཐུང་གི་སྣེ་མོས་དཔྲལ་བའི་ངོས་སུ་བཞུར་གྱིན་པའི་རྔུལ་ཆུའི་རྡོག་པོ་དག་འཕྱི་བཞིན་འདུག་ཅིང་། མཚམས་རེ་རྩྭ་ངན་འཐུ་འཚམས་བཞག་སྟེ་ཕན་ཚུན་གཅིག་གིས་གཅིག་ལ་སྐད་ཆ་དབ་དིབ་འགའ་ཤོད་བཞིན་འདུག ཁོ་ཚོས་སྨྲ་བཞིན་པའི་སྐད་ཆ་དབ་དིབ་དེ་དག་གི་ནང་དོན་ཕལ་ཆེ་བ་ནི་གྲོང་ཚོ་དེའི་ནང་བྱུང་བའི་ཁྱིམ་ཚང་ཆེ་གེ་མོའི་གསར་འགྱུར་དང་། དེ་མིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་སྐོང་ཚོགས་བྱས་པའི་ཚོགས་འདུའི་ནང་དོན། ཡུལ་དེའི་ཁྱིམ་ཚང་ཆེ་གེ་མོའི་བུ་ཕྲུག་ག་གེ་མོ་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་འཕྲོད་ཚུལ་དང་། ཡང་མིན་ན་ཁྱིམ་ཚང་ཆེ་གེ་མོའི་བུ་ཕྲུག་ག་གེ་མོ་ཡིག་རྒྱུགས་སྐར་གྲངས་མཐོན་པོ་མ་ལོན་པའི་དབང་གིས་སློབ་གྲྭ་ཆེན་མོར་འགྲོ་སྐལ་མེད་ཚུལ། ཡང་ནAཚང་གི་ཁང་བ་གསར་རྒྱག་ཐད་མ་དངུལ་ལམ་འགྲོ་སོང་མང་བོ་བཏང་ཚུལ། Bཚང་ད་ལོ་རྩམ་པ་རྫོགས་ཏེ་གཞན་གྱི་གམ་ནས་འབྲུ་རིགས་གཡར་ཚུལ། Cཚང་གི་བུ་མོར་གྲོང་ཁྱེར་ནང་ནས་ལས་བྱེད་པ་ཞིག་ཁྱོ་གར་བྱུང་ཚུལ། Dཚང་གི་མི་ག་གེ་མོ་ནད་གདུང་གིས་མནར་ཏེ་སྨན་ཁང་དུ་ལུས་ཚུལ་སོགས་ཀྱི་ནང་དོན་འབའ་ཞིག་རེད།

ཡུལ་དེའི་བུད་མེད་ཚོས་ནམ་རྒྱུན་ལས་ཀ་ལས་ཞོར་དུ་གནས་གཅིག་ཏུ་རུབ་ནས་གཞན་གྱི་ཁྱིམ་ཚང་གནས་ཚུལ་སྐོར་ལ་ཁ་བརྡ་བྱ་རྒྱུ་ནི་ད་ལྟ་གོམས་སྲོལ་ཅིག་ཏུ་གྱུར་ཡོད་པ་འདྲ། ཁོ་ཚོའི་སྐད་ཆའི་ནང་དོན་ཁྲོད་དུ་བདེན་པའི་ཆ་ཤས་འགའ་ཡོད་ལ། ད་དུང་དེའི་ཐོག་ཏུ་རྟོག་བཟོའམ་རྫུན་བཟོའི་ཆ་ཡང་མང་བོ་ལྡན་ཡོད། ལྷག་པར་དུ་ང་རང་སྙིང་རླུང་ལངས་དགོས་པ་ཞིག་ལ། ཁོ་ཚོས་ངའི་གནས་ཚུལ་ལའང་མི་ཁ་མང་དག་ཅིག་བརྗོད་བཞིན་འདུག་སྟེ། ཁོ་ཚོས་ཟེར་ན་ང་སློབ་གྲྭ་ཆེན་མོ་ཐོན་རྗེས་རང་ལྗོངས་ཀྱི་གཞུང་ཞབས་པའི་ཡིག་རྒྱུགས་མ་འཕྲོད་པ་རེད་ཅེས་འཆལ་གཏམ་སྨྲ་བཞིན་ཡོད་པ་དེ་རེད། སྤྱིར་ང་རང་གཞུང་ཞབས་པའི་ཡིག་རྒྱུགས་ནང་ཞུགས་པ་བདེན་མོད། འོན་ཀྱང་། སྐབས་དེར་གཞུང་ཞབས་པའི་ཡིག་རྒྱུགས་ཀྱི་སྐར་གྲངས་ད་དུང་ཐོན་མེད་པས། ཁོ་ཚོའི་དེ་འདྲའི་གཏམ་འཆལ་སྨྲ་དགོས་དོན་མེད་མོད། ཁོ་ཚོས་དེ་ལྟར་བརྗོད་དོན་ཅི་ཡིན་མིན་ངས་ད་རེག་བར་དུ་རྟོགས་མ་སོང་། གཞན་སྐྱོན་ཁ་རུ་དྲངས་ནས་ཁོ་ཚོར་ཡོང་འབབ་སྒོར་ཟུར་སྐར་གང་ཡང་ལག་ཏུ་ཐོབ་རྒྱུ་ལྟ་ཅི། ཐ་ན་ཁོ་ཚོས་འཆལ་གཏམ་སྨྲ་ཡུལ་གྱི་མི་དེ་ཅུང་ཟད་གཤིས་ཀ་ངར་བ་ཞིག་ཡིན་ན། ཁོས་བུད་མེད་དེ་དག་བཙལ་ནས་རྙོག་དྲ་ཆེན་པོ་བཟོ་བའི་ཉེན་ཁ་ཡོད། དེ་ནི་རང་རེའི་གཏམ་དཔེར།“དམར་དམར་ལྕེ་ལ་བདག་པོ་མ་བརྒྱབ་ན། རིལ་རིལ་དབུ་ལ་འོ་རྒྱལ་བཟོས་ཡོང”ཞེས་བཤད་པ་ཇི་བཞིན་རེད། གཞན་ལ་མི་ཁ་བཟོ་མཁན་དག་ལ་དོན་དམ་དུ་ང་གཏན་ནས་མི་དགའ་བ་ཡིན། ཁོ་ཚོས་དུས་རྒྱུན་ཁ་ནས་མ་ཎི་ཡིག་དྲུག་རེ་འདོན་བཞིན་ཡོད་ནའང་། ལྐོག་ཏུ་གཞན་སྐྱོན་ཁོ་ན་བསྲུང་ནས་གཞན་གྱི་སེམས་ལ་རྨ་ཁ་ཁོ་ན་བཟོས་ན་དེར་དོན་དམ་པའི་སྙིང་བོ་ཅི་ཡོད། དེ་ནི་རྐང་རྗེས་ལག་སུབ་ཀྱི་བྱ་སྤྱོད་རང་མ་ཡིན་ནམ།

ངས་དེ་ལྟར་ཉི་འོད་དྲོན་མོའི་ཚ་དྲོད་ལ་མ་འཛེམས་པར་རླངས་འཁོར་ནས་མར་བབས་ཏེ་རང་གི་རྡོག་ཁྲེས་ཆེ་བ་རྣམས་སྒལ་བར་འཁུར་ཞིང་། རྡོག་ཁྲེས་ཆུང་བ་རྣམས་ལག་ཏུ་བཟུང་ནས་ཐད་ཀར་རང་ཁྱིམ་གྱི་ཕྱོགས་སུ་བསྐྱོད་པ་ཡིན། ཁྱིམ་དུ་སླེབས་རྗེས་རང་ཁྱིམ་གྱི་སྒོ་ལ་ལྕགས་ཟྭ་ཆེན་པོ་ཞིག་བརྒྱབ་འདུག་པས། ངའི་བསམ་པར་ངའི་ཁྱིམ་མི་ཚོ་ཞིང་ཁའི་ནང་དུ་ཡོད་རྒྱུ་རེད་བསམས། སྒོ་ཁྱི་ནག་པོ་དེས་ང་མཐོང་མ་ཐག་མཇུག་མ་ཀེར་ཀེར་དང་། མགོ་བོ་ཕར་གཡུག་ཚུར་གཡུག་བྱེད་བཞིན་འདུག སྤྱིར་ངེད་ཚང་གི་སྒོ་ཁྱི་དེ་སྒོ་ཁྱི་གཞན་ལས་ངར་བ་ཡོད་མོད། ཁོས་དུས་རྒྱུན་ང་མིག་གིས་མཐོང་ཐེངས་རེར་ཧ་ཅང་སྙིང་ཉེ་བའི་རྣམ་འགྱུར་བསྟན་པ་ལས་ངའི་ཕྱོགས་སུ་ཐེངས་གཅིག་ཀྱང་འབ་མ་མྱོང་། དེ་ནི་ཁོས་བདག་པོ་ངོ་ཤེས་པས་ཡིན་སྲིད། ངས་རང་ཁྱིམ་གྱི་སྒོ་ཁྱིའི་བྱེད་ལུགས་དེ་མཐོང་དུས་སེམས་ལ་སྨྲ་མི་ཤེས་པའི་དགའ་ཚོར་གྱི་བསམ་པ་ཞིག་དབང་མེད་དུ་སྐྱེས་ནས་སྒོ་ཁྱིའི་གམ་དུ་སོང་ནས་ཁོའི་མགོ་བོར་བྱམས་དུང་མཚོན་བྱེད་བྱིལ་བྱིལ་ལན་འགའ་བྱས་ཤིང་། རྡོག་ཁྲེས་རྣམས་སྒོ་ཁའི་གྱང་སྟེང་དུ་བཞག་ནས་ཕྱིར་ཞིང་ནང་དུ་ཨ་ཕ་དང་ཁྱིམ་མི་རྣམས་འཚོལ་དུ་སོང་བ་ཡིན།

བདག་གི་དབྱར་ཁའི་ཕ་ཡུལ་གྱི་ཡུལ་ལྗོངས་ནི་ཧ་ཅང་ཡིད་དུ་འོང་བ་ཞིག་རེད། ལྗང་ལྡེམ་ལྡེམ་དུ་གཡོ་བའི་མྱུ་གུའི་ཚོགས་དང་། སེར་གྱིལ་ལེར་བཞད་པའི་པད་ཁའི་མེ་ཏོག ཤང་ཤང་དུ་རྒྱུགས་པའི་ཆུ་མོའི་སྐད་སྒྲ་དང་། ལྗང་ཐིང་ངེར་གནས་པའི་རྩྭ་ཐང་། ད་དུང་རྩྭ་ཐང་དེའི་ཐོག་རོ་བཅུད་ཅན་གྱི་རྩྭ་ཆུ་ལོངས་སུ་སྤྱོད་བཞིན་པའི་སེམས་ཅན་གྱི་ཚོགས། ངོ་མ་ང་རང་ཕ་ཡུལ་ལ་དགའ་ཞིང་ཕ་ཡུལ་གྱི་དབྱར་ཁའི་རྣམ་པ་མཛེས་པོར་ཤིན་ཏུ་ནས་མོས།

ངས་དེ་ལྟར་ཕ་ཡུལ་གྱི་ཉམས་དགའ་བའི་ཡུལ་ལྗོངས་ལ་ལྟད་མོར་རོལ་ཞོར་མུ་མཐུད་དེ་ཨ་ཕའི་ཕྱོགས་སུ་སོང་མཐར། ཞིང་ནང་དུ་རྩྭ་ལྡུམ་འབལ་བཞིན་པའི་ཡུལ་གྱི་བུད་མེད་འགས་ང་རང་མཐོང་མ་ཐག་བཅོས་མའི་འཛུམ་ཞིག་ཕྱིར་ཕྱུངས་ཞོར།“ཨོ། རིན་ཆེན་ལགས། ཡུལ་ལ་ཡོང་བ་ཡིན་ནམ”ཟེར། བུད་མེད་དེ་དག་ནི་གོང་དུ་བརྗོད་པའི་ང་དང་ང་ལྟ་བུའི་མི་བུ་མང་བོའི་ལྐོག་ཏུ་གཞན་སྐྱོ་ཁོ་ན་ཁ་རུ་དྲངས་མཁན་དེ་དག་ཡིན་པས། ངས་ཀྱང་གདོང་ལ་བཙན་གྱིས་འཛུམ་ཞིག་སྡུད་དེ།“འོ་ལེ། ཡུལ་ལ་ཡོང་བ་ཡིན”ཅེས་བཤད། དོན་དངོས་ཐོག་ངས་ཁོ་ཚོར་ཁ་ཡ་བྱ་འདོད་གཏན་ནས་མེད་ལ། ཁོ་ཚོར་ཁ་བརྡ་བྱ་རྒྱུ་ལྟ་ཅི། ཐ་ན་ཁོ་ཚོས་དྲིས་པའི་སྐད་ཆ་ལའང་ལན་གདབ་འདོད་གཏན་ནས་མེད་མོད། ངས་རང་ཉིད་ལ་བཙན་གྱིས་དེ་ལྟར་བྱེད་དུ་བཅུག ངས་ཁོ་ཚོར་སྟབས་བདེའི་ལན་ཐུང་ངུ་ཞིག་བཏབ་རྗེས་ཐད་ཀར་རང་ཁྱིམ་གྱི་ཞིང་ཁའི་ངོས་སུ་ཨ་ཕ་འཚོལ་དུ་སོང་། ང་བུད་རྗེས་བུད་མེད་དེ་ཚོས་སྔར་རྒྱུན་བཞིན་ངའི་རྒྱབ་གཟུགས་ལ་ཅེར་ནས་སླར་ཡང་གཅིག་ཏུ་འདུས་ཏེ་སྐད་ཆ་དབ་དིབ་ཤོད་འགོ་ཚུགས་སོང་།

ཁོ་ཚོ་ནི་ཁྲོམ་གཞུང་གི་སྲང་ལམ་ཐོག་ཡར་བཞུད་མར་བཞུད་བྱེད་མཁན་གྱི་ཁྱི་འཁྱམ་འགའ་དང་འདྲ་བར་རྒྱུ་མཚན་མེད་པར་དོན་མེད་དུ་མི་ལ་ཟུག་རྒྱུར་ཧ་ཅང་དགའ། དེ་ནི་ཁོ་ཚོའི་རང་གཤིས་ཡིན། ངས་རྒྱང་རིང་ཞིག་ནས་ཨ་ཕ་མིག་གིས་རིག་བྱུང་། ཨ་ཕས་ངེད་ཚང་གི་འོང་སྟོད་ཅེས་པའི་ཞིང་ཁའི་རྣང་མའི་བར་དུ་འཚང་ནས་པུས་མོའི་ལྷ་ང་གཉིས་པོ་ཞིང་སའི་ཐོག་བཙུགས་ཏེ་རྩྭ་ལྡུམ་འབལ་བཞིན་འདུག སྤྱིར་ཞིང་ཁའི་རྣང་མའི་བར་དུ་འཚང་ནས་རྩྭ་ལྡུམ་འབལ་རྒྱུ་ནི་སྤྱིར་བུད་མེད་ཀྱི་ལས་ཀ་ཞིག་ཡིན་རུང་ད་ཆ་ངེད་ཁྱིམ་ཚང་དེ་དག་ལ་མཚོན་ན་ལས་ཀ་དེ་དག་ཨ་ཕས་མི་བྱེད་ཀ་མེད་དུ་གྱུར་ཡོད། ཨ་ཕས་ང་མཐོང་མ་ཐག་ཐོག་མར་གདོང་ལ་འཛུམ་ཞིག་ཕྱིར་རྒྱས་བྱུང་ཡང་དལ་གྱིས་འཛུམ་མདངས་དེ་མཁའ་ཡི་འཇའ་ཚོན་ཇི་བཞིན་དལ་གྱིས་ཡལ་ནས་མི་སྣང་བར་གྱུར། ཨ་ཕས་ང་ལ་མིག་ཟུང་ཅེར་ནས།“བུ་ཁྱོད་ལོག་ཡོང་བ་ཡིན་ནམ”ཞེས་དྲིས་བྱུང་བས། ངས་ཀྱང་དེ་ལ་ཡིན་པའི་ཚུལ་གྱིས་མགོ་བོ་ལྕོག་ལྕོག་ལན་འགའ་བྱས་པ་ཡིན། ཨ་ཕས་ཆང་དང་རྩམ་པ་སོགས་བླུགས་སའི་ལྟོ་ཕད་སྟོང་བ་དེ་ང་ལ་སྤྲད་ནས་ང་ལ་ལྟོ་ཕད་དེ་གདན་གྱི་ཚུལ་དུ་དེའི་ཐོག་སྡོད་དུ་བཅུག་ཅིང་། དཀར་ཡོལ་སྔོ་ཁྲ་དེའི་ནང་རྩམ་པ་ཕྲན་བུ་བརྒྱབ་རྗེས་ཝུ་ཆང་བླུགས་ནས་ང་ལ་སྤྲད། ངས་ཨ་ཕའི་ལག་ནས་ཕོར་བ་ཚུར་བླངས་ཏེ་ཡར་མཆོག་གསུམ་ལ་ཕུད་གཏོར་ལན་གསུམ་བྱས་རྗེས་ཆང་དེ་གཙང་མར་བཏུང་བ་ཡིན། ཨ་ཕས་ཀྱང་ཆང་དཀར་ལག་ཏུ་བཟུང་ནས་ཧ་ཅང་འུ་ཐུག་ཐབས་ཟད་ཀྱི་རྣམ་འགྱུར་གྲང་མོ་ཞིག་ང་ལ་སྟོན་ཞོར།“སྡེ་བའི་མི་ཚོས་བཤད་ན་བུ་ཁྱོད་གཞུང་ཞབས་པའི་ཡིག་རྒྱུགས་འཕྲོད་མེད་པ་འདྲ། ད་ནི་ཁྱོད་ཀྱང་ཕ་དང་འདྲ་བའི་ཞིང་བ་ཞིག་བྱ་དགོས་བྱུང་སོང”ཞེས་སྐྱོ་ཉམས་ཀྱི་ཐོག་ནས་ང་ལ་དེ་སྐད་སྨྲས།

ཨ་ཕའི་གཏམ་དེ་ཐོས་རྗེས། ངས་རང་དབང་མེད་པར་སྡེ་བའི་བུད་མེད་འཕྱོར་མོ་དེ་དག་ཡིད་ལ་དྲན་ནས། ཁོ་ཚོའི་ཕྱོགས་སུ་རང་ཤུགས་ཀྱིས་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་བྱུང་བས། ང་རང་མགོ་བོ་དུད་དེ་ཝུ་ཆང་རྔམ་འཐུང་བྱས་ནས་འདུག་དགོས་བྱུང་། འོན་ཀྱང་ཨ་ཕས་བུད་མེད་དེ་དག་གི་ངག་ནས་ཐོས་པ་ནི་ཁུངས་ལུངས་རྒྱུ་མཚན་ཅི་ཡང་མེད་ཅིང་། དོན་དངོས་དང་འགལ་བའི་དཀྲོག་གཏམ་ཉོག་གཏམ་འབའ་ཞིག་ཡིན་པས། ངས་སེམས་རྣལ་ལ་ཕབ་ནས་ཨ་ཕའི་ལག་ཟུང་ནས་འཇུ་ཞོར།“ཨ་ཕ་ཁྱེད་ཀྱིས་སེམས་ཁྲལ་མ་བྱེད། སྡེ་བའི་མི་ཚོས་བཤད་པའི་སྐད་ཆ་དེ་དག་དཀྲོག་གཏམ་ཉག་གཅིག་ཡིན་པ་ལས། དོན་དངོས་ཐོག་ད་ལྟ་གཞུང་ཞབས་པའི་ཡིག་རྒྱུགས་སྐར་གྲངས་ཐོན་མེད”ཅེས་བཤད་པས། ཨ་ཕའི་གདོང་ལ་གྲུང་ཤ་ཞིག་རྒྱས་ཏེ་མིག་ཟུང་ཡང་ཇེ་ཆེར་བགྲད་ནས།“བུ། ཁྱོད་ཀྱིས་བཤད་པ་དྲང་མོ་ཨེ་ཡིན། དྲང་མོ་ཨེ་ཡིན”ཅེས་ང་ལ་ནན་གྱིས་དྲིས། ངས་ཀྱང་དྲང་མོ་ཡིན་པའི་ཚུལ་གྱིས་མགོ་བོ་ལྕོག་ལྕོག་འགའ་བྱེད་ཞོར་གདོང་ནས་འཛུམ་མདངས་ཤིག་ཕྱིར་ཕྱུངས་ནས་ཨ་ཕ་ལ་དེ་ལྟར་བཤད། ངའི་སྐད་ཆ་དེ་གོ་རྗེས། ཨ་ཕའི་སེམས་པ་ད་གཟོད་ལྷོད་ལ་བབས་བྱུང་།“ད་བྱས་ན་འགྲིག་ཤག འཇིག་རྟེན་འདིར་མི་ཁ་འགོག་ཐབས་ཤིག་གཏན་ནས་མེད་ཨང་། ད་ནས་བཟུང་ངས་གཞན་གྱི་གང་ཟེར་ལ་གཏན་ནས་མི་ཉན། མི་ཉན་ཁོ་ཐག་ཡིན”ཨ་ཕས་ཀྱང་གདོང་ལ་འཛུམ་མདངས་ཤིག་རྒྱས་ཞོར་ང་ལ་དེ་ལྟར་གསུངས། སྐབས་དེ་དུས་བདག་གིས་ཐོག་དང་བོར་ཁྱིམ་ཚང་ཞིག་གི་དྲོད་ཁོལ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཞིང་། གནམ་འོག་གི་བུ་ཕྲུག་ཚོ་ལ་མཚོན་ན། ཁྱིམ་ཚང་ནི་ཅི་འདྲའི་གལ་འགངས་ཆེ་ཚུལ་གཞི་ནས་རྟོགས་བྱུང་།

ང་དང་ཨ་ཕ་དེ་ལྟར་ཁ་བརྡ་བྱས་ནས་ཡུན་རིང་ཞིག་འགོར་སོང་བས། ད་ནི་མཁའ་མཐའི་ཉི་མ་ལ་ཁར་བཞུད་ལ་ཉེ་ཞིང་། བསེར་བུ་འཇམ་པོ་ཞིག་དལ་བུར་ལྡང་ཡོང་སྟེ་ཨ་ཕའི་སྐྲ་ལོ་དཀར་བོ་ཡང་ཡང་སྒུལ་བྱུང་ལ། ང་རང་གི་ལུས་པོ་ཧྲིལ་བོའང་འཁྱག་ཤུར་ཤུར་དུ་བཏང་། ཆུ་ཡུར་ཉེ་འགྲམ་དུ་སྐྱེས་པའི་རྒྱ་ལྕང་གི་ཡལ་ག་དག་ལ་ལོ་འདབ་རབ་ཏུ་རྒྱས་ཤིང་། ཐུར་ལ་དཔྱངས་པའི་ལྕུག་ཕྲན་དང་ལྗོན་ཤིང་གི་གཞུང་རྟ་དག་གི་བར་ནས་ནུབ་ཁའི་ཉི་མའི་འོད་ཀྱི་ཟེགས་མ་རེ་དལ་གྱིས་འཚེར་བཞིན་པ་མཐོང་ཐུབ། གཅུང་བོ་དང་གཅེན་མོ་སྔར་བཞིན་ཞིང་ཁའི་རྣང་མའི་བར་དུ་འཚང་ནས་རྩྭ་ལྡུམ་འབལ་བཞིན་འདུག ངའི་གཅུང་པོ་གཟུགས་ཆུང་བས། གལ་ཏེ་མདུན་དུ་ཡོང་ནས་བལྟས་ན་མ་གཏོགས་གཅུང་བོ་སྐྱེ་འཚར་ཆེ་བའི་ཞིང་གི་མྱུ་གུ་དང་རབ་ཏུ་རྒྱས་པའི་པད་ཁའི་མེ་ཏོག་གི་འདབ་མའི་འོག་གཏིང་དུ་ཐིམ་ནས་མི་མཐོང་བའི་ཚད་ལ་གྱུར་འདུག ངའི་གཅུང་པོའི་མིང་ལ་བུ་ཆུང་ཟེར། ང་དང་གཅུང་པོའི་བར་ལ་ལོ་ཁྱད་ལྔ་ཙམ་ཡོད་ཅིང་། མ་གཞི་བྱས་ན་ཨ་ཕས་ཀྱང་གཅུང་བོ་ང་དང་འདྲ་བར་སློབ་གྲྭར་བཏང་མྱོང་། དེས་མ་ཟད་གཅུང་བོའི་སློབ་སྦྱོང་གི་སྦྱངས་འབྲས་ཀྱང་ཧ་ཅང་བཟང་། འོན་ཀྱང་། དམའ་འབྲིང་སློབ་མཐར་ཕྱིན་རྗེས། མ་གཞི་གཅུང་བོས་གཞན་ལ་སྨོན་མི་དགོས་པའི་སྐར་གྲངས་བླངས་ཏེ་ས་གནས་དེ་གའི་མཐོ་རིམ་སློབ་འབྲིང་གཉིས་པར་ཡིག་རྒྱུགས་འཕྲོད་པའི་སློབ་ཚུད་བརྡ་ཐོ་ལག་ཏུ་འབྱོར་བྱུང་ཡང་། ངེད་ཁྱིམ་ཚང་ནང་ངལ་རྩོལ་ནུས་ཤུགས་ཀྱི་མི་གྲངས་ཧ་ཅང་ཉུང་ལ། དཔལ་འབྱོར་གྱི་ཡོང་སྒོ་གཞན་ཅི་ཡང་མེད་པས། མཐར་ཁོ་ཨ་ཕའི་རྗེས་སྙེགས་ནས་ཞིང་བ་སོ་ནམ་པ་ཞིག་མི་བྱེད་ཀ་མེད་དུ་གྱུར། ངའི་ཨ་ཕའི་དགོངས་ཚུལ་ལྟར་ན། མ་གཞི་ཁྱིམ་ལ་དཀའ་ལས་གང་ཞིག་འཕྲད་པའམ་ཡང་ན་མི་གཞན་ལ་སྒོར་མོ་ག་ཚོད་བསྐྱི་དགོས་བྱུང་ཡང་ང་དང་གཅུང་བོ་སློབ་གྲྭ་ཆེན་མོར་གཏོང་བའི་སེམས་ཤུགས་ཆེ་མོད། གཅུང་པོས་ཨ་ཕ་དང་ངེད་ཁྱིམ་ཚང་དེའི་དཀའ་ཚེགས་མིག་གིས་མཐོང་དུས། ཨ་ཕས་ཨུ་ཚུགས་མཐའ་སྐྱེལ་གྱིས་ཁོ་བོ་མུ་མཐུད་སློབ་གྲྭར་འགྲོ་དགོས་ཚུལ་ལབ་ཀྱང་། ཁོས་སློབ་གྲྭར་གཏན་ནས་མ་ཕྱིན་སྟབས། མཐའ་མ་མཐའ་མ་ཨ་ཕའང་ཁོ་ལ་སྙིང་རྗེའི་བསམ་པ་དྲག་པོ་ཞིག་སྐྱེ་བཞིན་མི་འདོད་བཞིན་དུ་ཁོ་ཁྱིམ་དུ་ཉར་རྒྱུར་ཐག་བཅད། རེད་ཨང་། ང་རང་སློབ་ཆེན་འགྲིམས་དུས་ཀྱི་སློབ་ཡོན་དང་། འཚོ་བའི་འགྲོ་གྲོན་མང་དག་ཅིག་ངའི་སྙིང་ཉེ་བའི་གཅུང་བོས་རྒྱང་རིང་ནག་ཆུའི་འབྲོག་ཁུལ་དུ་ཨར་ལས་དང་། ལུག་རྫི། ས་རྡོ་སྐྱེལ་འདྲེན་སོགས་བྱས་ནས་བསྐུར་བ་ཞིག་རེད་ཨང་། གལ་ཏེ་གཅུང་བོས་ཁ་ཆར་བུ་ཡུག་འཚུབ་པའི་ནམ་ཟླའི་ཀློང་དུ་དཀའ་སྤྱད་སྡུག་རུས་ཀྱིས་ཞོར་ལས་ལ་འབད་ནས་དངུལ་སྒོར་བསགས་པ་མིན་ན། ངས་ད་ཆ་རང་ཉིད་སློབ་གྲྭ་ཆེན་མོའི་སློབ་གཉེར་གྱི་འཚོ་བ་དཔྱིས་ཕྱིན་པ་ཞིག་མཐར་ཕྱིན་ཡོད་མེད་སྨྲ་དཀའ། གལ་ཏེ་གཅུང་བོའི་དངུལ་སྒོར་དེ་དག་མེད་ན། སྒོར་མོ་ཁོ་ནར་སྐྱབས་སུ་འགྲོ་ཞིང་དཔལ་འབྱོར་ལྟེ་བར་འཛིན་པའི་དེང་གི་སྤྱི་ཚོགས་དེ་རུ་ང་ལ་གཉེན་ཉེ་དུ་ཅི་འདྲའི་མང་ཡང་ཕན་ག་ལ་ཐོགས། ནམ་རྒྱུན་གཅུང་བོའི་རྨ་ཁས་གང་བའི་ལག་མཐིལ་དང་། དྲེག་པས་བཏུམས་པའི་སྐྲ་ལོ། དམར་སྨུག་ཏུ་གྱུར་བའི་ངོ་གདོང་། རིད་ཅིང་ཕྲ་བའི་གཟུགས་པོ་སོགས་ངའི་འདྲེན་བྱེད་དབང་བོའི་ལམ་དུ་རྒྱུ་ཐེངས་རེར། ངས་སེམས་གཏིང་ནས་གཅུང་བོའི་ཕྱོགས་སུ་སྙིང་རྗེའི་བསམ་པ་དྲག་པོ་སྐྱེས་ནས་ང་རང་གི་སྙིང་ལ་གྲིས་བསྣུན་པ་ལྟ་བུའི་ན་ཟུག་ཅིག་ཐོལ་གྱིས་ལྡང་འོང་ལ། སེམས་གཏིང་ནས་ཁོ་ལ་བཀའ་དྲིན་ཆེ་ཞུ་འདོད།

རེད་ཨང་། གཅུང་བོ། ཁྱོད་ཀྱིས་རང་གི་མདུན་ལམ་དང་ཕུགས་འདུན་མཐའ་དག་རྒྱང་རིང་དུ་སྤྱུགས་ནས་ངའི་སླད་དུ་དཀའ་ཚེགས་ཀྱི་རྔུལ་ཆུ་མང་དག་ཅིག་བཞུར་ཡོད་པ་རེད་ཨང་། ཁྱོད་ཀྱིས་དབྱར་དགུན་སྟོན་དཔྱིད་དཔུང་ས་འོག་ཏུ་བཅུག་ནས་ང་དང་ངེད་ཚོའི་ཁྱིམ་ཚང་དེའི་སླད་དུ་ཚེ་གཅིག་ལུས་གཅིག་གི་ལང་ཚོ་སྐྱེས་སུ་ཕུལ་ཡོད་པ་རེད་ཨང་། འདྲུད་འཐེན་འཕྲུལ་འཁོར་བཏང་ནས་ས་རྡོ་དབོར་འདྲེན་བྱས་ཏེ་ཁང་བ་གསར་རྒྱག་གི་ལས་ལ་འཇུག་མཁན་ཁྱོད་ཡིན་ལ། ནོར་ལུག་ལ་བོར་བརླག་མེད་པར་ཁོ་ཚོའི་རྨིག་རྗེས་འབྲངས་མཁན་ཁྱོད་ཡིན། དྲིན་ཨ་ཕ་གསོ་སྐྱོང་གནང་མཁན་ཁྱོད་ཡིན་ལ། ནང་ཁྱིམ་ཚང་གི་འགན་ཁྲི་ཕྲག་ཏུ་ཁུར་མཁན་ཁྱོད་ཡིན། ཁྱོད་ཡོད་པས། ང་རང་ད་གཟོད་གཞན་ཡུལ་མི་ཡི་ལུང་བར་སེམས་པ་ལྷོད་པོས་སློབ་གཉེར་ལ་རོལ་བའི་སྐལ་བ་ལྡན་ཅིང་། ཁྱོད་ཡོད་པས། དྲིན་ཨ་ཕའི་སྙིང་གི་གཞིས་ཀར་ད་གཟོད་རེ་བའི་མྱུ་གུ་རེ་སྨིན་བཞིན་ཡོད་པ་མ་ཡིན་ནམ། མདོར་ན། ཁྱོད་ཀྱིས་རང་གི་ཡོད་ཚད་ང་དང་ངའི་ཁྱིམ་ཚང་དེར་སྐྱེས་སུ་ཕུལ་ནས། ལག་ཟུང་གཉིས་པོས་ཁྱིམ་ཚང་དེའི་དབུ་འཕང་དགུང་དུ་བཏེགས་བཞིན་ཡོད་པ་མ་ཡིན་ནམ།

བཅུ།

“ཏིར། ཏིར”“ཝེ”རིན་ཆེན་ཡིན་ནམ། རང་མགྱོགས་མྱུར་གཞིས་ཀ་རྩེར་ལན་ཅིག་ཤོག་དང་། གཞུང་ཞབས་པའི་ཡིག་རྒྱུགས་ཀྱི་སྐར་གྲངས་སྒོར་ཐོན་འདུག”“དངོས་གནས་ཨེ། ང་ལ་སྐྱག་རྫུན་མ་ལབ་ཨང་། ངའི་སྙིང་ཁམས་མི་བདེ་བས། བཟོད་དཀའ”“དཀོན་མཆོག་གསུམ”དེ་ནི་ངའི་སློབ་གྲོགས་གཡང་འབུམ་ཚེ་རིང་རེད། གཡང་འབུམ་ཚེ་རིང་གི་ཁ་པར་འབྱོར་རྗེས། ངའི་སྙིང་ཁ་ལན་བརྒྱར་མཁའ་ལ་ལྡིང་ནས་གཏན་ནས་ལྷོད་ལ་དབབ་དཀའ། ངས་མྱུར་དུ་མཆོད་ཁང་ནང་འཛུལ་ནས་སྤྱན་རས་གཟིགས་དང་། སྟོན་པ་ཤཱཀྱ་ཐུབ་པའི་སྐུ་མདུན་དུ་སྐུ་ཕྱག་ཡང་ཡང་འཚལ་ཞིང་།“ཁ་ནས་དཀོན་མཆོག་མཁྱེན། དཀོན་མཆོག་མཁྱེན”ཅེས་ཡང་ཡང་འདོན་ཞོར། ལག་ཟུང་གི་སྙིམ་པ་བྲང་ཁར་སྦྱར་ནས། རང་ཉིད་གཞུང་ཞབས་པའི་ཡིག་རྒྱུགས་འཕྲོད་ཡོད་རྒྱུའི་སྨོན་ལམ་མང་དག་ཅིག་བཏབ་ཅིང་། དེ་རྗེས་རང་ཉིད་ཀྱི་ཡིག་ཚགས་དང་། ཆ་འཕྲིན་བླུགས་ཡོད་པའི་དཔེ་ཁུག་ཆུང་ཆུང་དེ་ལག་ཏུ་བཟུང་ཞོར་ཐད་ཀར་འདུར་མ་རྒྱུགས་ཀྱིས་སྟག་གྲུ་རླངས་འཁོར་འབབ་ཚིགས་སུ་བསྐྱོད་པ་ཡིན།

སྤྱིར་ངེད་ཁྱིམ་ཚང་ནས་སྟག་གྲུ་ཁའི་ལམ་ཐག་ལེ་དབར་མི་ཉུང་བ་ཞིག་ཡོད་པས། དུས་རྒྱུན་ཡིན་ན་ང་རང་རྐང་ཐང་དུ་བསྐྱོད་པ་ཉུང་ཉུང་ཡིན་ལ། རྐང་ཐང་ལ་བརྟེན་ནས་འགྲོ་དུས་ཀྱང་མ་མཐར་སྐར་མ་ལྔ་བཅུ་ལྷག་འགོར་སྲིད་མོད། ཉིན་དེར་ང་རང་དུས་ཚོད་སྐར་མ་བཅུ་གསུམ་ཏག་ཏག་ལ་གནས་དེར་འབྱོར་བྱུང་བས། ད་ལྟ་སྐབས་དེའི་སྣང་ཚུལ་ལ་མནོ་བསམ་རེ་བཏང་ན། དེ་དུས་རང་ཉིད་ཀྱི་སེམས་ལ་དངངས་འཚབ་དང་འཇིགས་སྣང་ཇི་ཙམ་ཡོད་པ་གསལ་བོར་རྟོགས་ཐུབ།

སྟག་གྲུ་ཁའི་རླངས་འཁོར་འབབ་ཚིགས་སུ་མི་ཚོགས་ཧ་ཅང་མང་། ད་ནི་ད་ཆ་སྔོན་ཆད་དང་མི་འདྲ་སྟེ། སྔོན་ཆད་ཡིན་ན་སྟག་གྲུ་ཁ་ཞེས་པའི་གནའ་བོའི་གྲུ་ཁ་དེ་རུ་མི་མང་བོས་ཀོ་གྲུ་ལ་བརྟེན་ནས་ཡར་བཞུད་མར་བཞུད་བྱེད་དགོས་ཀྱི་ཡོད་ཀྱང་། ད་ལྟ་གནས་འདིར་མཐོ་ཞིང་བརྗིད་ལ་རྔམས་པའི་ཨར་འདམ་གྱི་ཟམ་པ་སྤུས་ལེགས་ཤིག་གསར་བཟོ་བྱས་འདུག་པས། དེའི་ཐོག་ལྗིད་ཚད་ཏུན་ལྔ་བཅུ་ལྷག་གི་རླངས་འཁོར་ཆེ་གྲས་ཤིག་ཡིན་ཡང་ཕར་འགྲོ་ཚུར་འོང་བྱེད་ཐུབ་ལ། སྔོན་ཆད་ཀོ་གྲུར་ཞུགས་པ་ཇི་བཞིན་ཐལ་རླུང་ངར་མོའི་གནམ་གཤིས་ངན་པར་འཇིགས་མི་དགོས་ལ། རྦ་རླབས་ངར་མོའི་རླབས་ཤུགས་དྲག་པོར་ཡང་འཛེམས་དགོས་མེད་པས། བདེ་འཇགས་ཀྱི་ཐད་ནས་བཤད་ཀྱང་ཉེན་ཁ་ཅིའང་མེད་པར་གྱུར། ལྷག་པར་དུ་ཕར་འགྲོ་ཚུར་འོང་འགྲུལ་བཞུད་བྱེད་མཁན་གྱི་འགྲུལ་བ་བྲེལ་འཚུབ་ཅན་ཅིག་ཡིན་ན། སྔོན་ཆད་ཇི་བཞིན་དུས་ཡུན་རིང་བོ་ཀོ་གྲུ་སྒུག་ནས་འདུག་དགོས་མེད་པས། ཨར་འདམ་གྱི་ཟམ་ཆེན་དེས་མི་མང་བོ་ཞིག་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་སྨོས་ཅི་དགོས། གནས་དེར་ཡང་སྔོན་ཆད་དང་མི་འདྲ་བར་འདུ་འཛིའི་མཁའ་དབུགས་སྟུག་པོ་ཞིག་ཆགས་འདུག་སྟེ། ཞྭ་མོ་དཀར་བོ་གྱོན་པའི་ཁ་ཆེའི་འཚོང་བ་དང་། པར་ལེན་འཕྲུལ་ཆས་མགུལ་ལ་བཏགས་ནས་པར་ལེན་བྱེད་ཀྱིན་པའི་ཡུལ་སྐོར་བ། ད་དུང་གནས་དེར་སྔོན་ཆད་མཐོང་དཀོན་པའི་རླངས་འཁོར་ཆེ་ཆུང་སྣ་ཚོགས་ནམ་མཁའི་སྐར་ཚོགས་ལ་འགྲན་བཞིན་འདུག་པས། གནས་དེའི་ཕྱོགས་གང་ཅི་ཐད་ནས་བལྟས་ཀྱང་འཕེལ་རྒྱས་ཀྱི་ཚ་རླབས་ཤིག་དགུང་ལ་འཕྱུར་བཞིན་ཡོད་པ་གསལ་བོར་རྟོགས་ཐུབ།

རེད་ཨང་། སྒྱུར་བཅོས་སྒོ་དབྱེའི་དྲོད་འཇམ་གྱི་བསིལ་རླུང་ངེད་ཅག་ཁ་བའི་ལྗོངས་ཀྱི་ཡུལ་གྲུ་དེར་དལ་གྱིས་ལྡང་བ་ནས་བཟུང་། གངས་ཅན་ཞིང་གི་ལུང་ཁུག་སྐྱོ་བོ་མང་བོ་ད་ཆ་འབྱོར་ཕྱུག་ལྡན་པའི་བདེ་སྐྱིད་གྲོང་ཚོར་འཛུགས་སྐྲུན་ཐུབ་ཅིང་། སྔོན་ཆད་ཟས་ཀྱིས་གྲོད་པ་མི་རྒྱགས་པ་དང་། གོས་ཀྱིས་ལུས་པོ་མི་དྲོད་པའི་སྣང་ཚུལ་མཐའ་དག་ད་ཆ་མཐོང་ཡུལ་དུ་མེད་པར། མི་སེར་ཚང་མ་ཟས་གོས་སྣ་ཁ་འཛོམས་ལ་ཁང་བཀྲག་ཅན་གྱི་ཐོག་བརྩེགས་ཁང་ཆེན་དུ་གནས་སྤོ་ཐུབ་ཡོད། ལྷག་པར་དུ་ད་ཆ་སྔོན་ཆད་སྤྱི་ཚོགས་རྙིང་བའི་སྐབས་དང་མི་འདྲ་བར་མི་དང་མིའི་བར་ལ་འདྲ་མཉམ་ཡིན་པས། སྔོན་མ་སྐུ་དྲག་ལྟ་བུའི་མི་བུ་དབང་ཆེན་དེ་ཚོའི་གཉའ་གནོན་བཤུ་གཞོག་གཏོང་མཁན་མེད་པས། ད་ལྟའི་ཞི་བདེ་ལྷིང་འཇགས་ཀྱི་དུས་སྐབས་དེའི་ནང་རང་གིས་འཇོན་ན་ཚོང་གཉེར་ལས་ལ་འཇུག་ཆོག་ལ། དེ་མིན་ཤིང་བཟོ་དང་རྡོ་བཟོ། ལྷ་བཟོ་སོགས་ཀྱི་ལག་ཤེས་སྦྱངས་ནས་ཞིང་འབྲོག་ལས་ཀྱི་ཞོར་དུ་ཞོར་ལས་ཡོང་འབབ་ཀྱང་གསག་ཆོག་པས། གནས་དེར་འཕོ་འགྱུར་ཆེན་པོ་འབྱུང་དོན་ཡང་རྒྱུ་མཚན་མེད་པ་ག་ལ་ཡིན། ཁོ་བོས་གནས་དེའི་འཕོ་འགྱུར་ལ་ལྟད་མོར་རོལ་ཞོར་མུ་མཐུད་དེ་འགྲུལ་སྐྱེལ་རླངས་འཁོར་ཞིག་གམ་དུ་ཐོན་ཡོང་རྒྱུར་སྒུག་ནས་བསྡད།

ཚ་ཞིང་སྲེག་པའི་ཉི་འོད་ཀྱི་འོག་ཏུ་སྣུམ་གནག་གཞུང་ལམ་གྱི་གཡས་འགྲམ་དུ་ཙོག་པུར་འགྲེངས་ཏེ་རླངས་འཁོར་སྒུག་རྒྱུ་ནི་ཅི་འདྲའི་སེམས་ལ་བྲེད་འཚུབ་ལངས་པའི་ལས་ཤིག་རེད་ཨང་། རླངས་འཁོར་དུ་མ་གཞུང་ལམ་གྱི་ཐོག་རྒྱུན་ཆད་མེད་པར་འུར་སྒྲ་དང་བཅས་བསྐྱོད་དེ་མིག་ཡུད་ཙམ་ཞིག་ལ་མདུན་ཕྱོགས་ཀྱི་རི་ཟུར་དེའི་ཕ་མཐར་ཐིམས་ནས་མི་སྣང་བར་གྱུར། ངས་མུ་མཐུད་དེ་གཡས་ལག་བརྐྱངས་ཙམ་བརྐྱངས་ཙམ་བྱས་ཏེ་རླངས་འཁོར་སྒུག་སྒུག་མཐར་མཐའ་མ་ཟོག་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་ཙིར་སྒྲ་དང་བཅས་ངའི་མདུན་དུ་བསྡད་བྱུང་བས། ཁོ་བོས་ཁ་ནང་གི་ལྕེ་སྣར་སྣར་ལན་འགའ་བྱས་ཏེ་ཁ་ལོ་བ་དེ་ལ་ལྟ་ཞོར།“རྒན་ལགས། གཞིས་རྩེར་ཕེབས་སམ”“ཡིན”“ལམ་གླ་ག་ཚོད་ཡིན་ནམ”“སྒོར་ཉི་ཤུ་སྦྱིན་པས་ཆོག”“ལགས་སོ”ངས་དེ་སྐད་ལན་འདེབས་ཞོར། དཔེ་ཁུག་ཆུང་ཆུང་དེ་ལག་ཏུ་བཟུང་ནས་རླངས་འཁོར་གྱི་ནང་དུ་འཛུལ་བ་ཡིན། རླངས་འཁོར་གྱི་ཁ་ལོ་བ་དེ་ཕར་ལ་བལྟས་པ་ཙམ་གྱིས་ལོ་ལྔ་བཅུ་ལྷག་བུད་ཟིན་པ་གསལ་བོར་རྟོགས་འོང་།

ཁོའི་སྐྲ་ལོ་རིང་ཞིང་དེའི་ཐོག་སྐྲ་གཞུག་དམར་བོའི་ལྷས་མ་ཞིག་བསླས་འདུག་ཅིང་། གདོང་བ་དཀར་ཞིང་གཙང་སྦྲ་དོད་པས། གལ་ཏེ་གཞན་གྱིས་མཐོང་ན་ཁོ་ནི་ཟོལ་སྐྱེལ་རླངས་འཁོར་སྐྱེལ་འདྲེན་བྱེད་མཁན་གྱི་ཁ་ལོ་བ་ཅིག་རེད་ཟེར་ན་ཡིད་ཆེས་བྱ་དཀའ། ཁོའི་ལྟོ་བ་ནི་དབུགས་ལྒང་ཞིག་དང་འདྲ་བར་མདུན་དུ་འབུར་ཅིང་། གདོང་ལ་སྣུམ་ཞག་གིས་ཁེངས་པར་བལྟས་ན་ཁོའི་འཚོ་བའི་འཁོས་ཀ་ཅུང་བཟང་བ་ཤེས་ཐུབ། འགྲམ་པའི་གཡས་གཡོན་གཉིས་སུ་ཨག་ཚོམ་གྱིས་གང་ཞིང་། ཁ་སྤུ་ཡང་མི་ཉུང་བ་ཞིག་སྐྱེས་འདུག་པས། གཞོན་པ་ཕོ་ཉམས་ཅན་ཅིག་ཏུ་མཐོང་འོང་། མ་གཞི་ཁོའི་ཕྱི་ལུགས་ལ་བལྟས་ན་ཁམས་པའི་མི་ཞིག་དང་འདྲར་འདྲར་རིག་ཀྱང་། ཁོའི་སྐད་ཆར་ཉན་ན་དབུས་གཙང་བ་འཁྲུལ་མེད་ཅིག་ཡིན་པ་རང་བཞིན་གྱིས་ཤེས་ཐུབ།

ངའི་ཕ་ཡུལ་ནས་གཞིས་ཀ་རྩེ་གྲོང་ཁྱེར་བར་ལམ་ཐག་ལེ་དབར་བཞི་བཅུ་ལྷག་ཙམ་ཡོད་པས། ལམ་བར་དུ་ང་དང་ཁ་ལོ་བ་གཉིས་པོས་རང་རང་གི་ལོ་རྒྱུས་ཁ་བརྡའི་ཁྲོད་གླེང་བཞིན་བསྐྱོད། ཕན་ཚུན་ཁ་བརྡ་བྱས་པ་བརྒྱུད། ངས་ད་གཟོད་ཁོ་ནི་རང་དང་ཆ་འདྲ་བར་རྣམ་གླིང་འོ་ཡུག་ཁུལ་ནས་ཡིན་པ་ཤེས་ལ། ཁོས་འོ་ཡུག་ཞིང་ལས་དངུལ་ཁང་ནས་ དངུལ་བུན་གཡར་ཏེ་ད་ལྟའི་ཟོག་སྐྱེལ་རླངས་འཁོར་དེ་ཉོས་ཚུལ། སྔོན་ཆད་ཟོག་སྐྱེལ་རླངས་འཁོར་ལ་ཡོང་འབབ་མཐོ་ཡང་། དེང་སང་གཅིག་ནས་ལྷ་ས་ནས་གཞིས་རྩེའི་བར་མེ་འཁོར་ཤར་གཏོང་ཐུབ་པས་དང་། གཉིས་ནས་དེང་སང་ཏང་གི་དངུལ་རྩའི་སྲིད་ཇུས་ལེགས་པས། དུད་ཚང་ཕལ་ཆེ་བས་ཟོག་སྐྱེལ་རླངས་འཁོར་ཉོས་ཡོད་སྟབས་ཡོང་འབབ་སྔོན་མ་དང་བསྡུར་ན་ཅུང་ཟད་ཞན་དུ་སོང་ཚུལ་སོགས་རེ་རེ་བཞིན་སྦ་གསང་མེད་པར་ང་ལ་བཤད་ཅིང་། བདག་གིས་ཀྱང་རང་ཉིད་ནི་ད་སོ་མ་སློབ་ཆེན་ནས་ཐོན་པའི་སློབ་མ་ཡིན་ཚུལ་དང་། དེ་རིང་གཞིས་ཀ་རྩེ་གྲོང་ཁྱེར་དུ་བསྐྱོད་དགོས་དོན་སོགས་གཅིག་གཅིག་གཉིས་གཉིས་ཀྱིས་ཁོ་ལ་ཐད་ཀར་བཤད་པ་ཡིན། ཁོས་ངའི་གཏམ་ལ་རྣ་བ་བླགས་རྗེས། ངའི་ལུས་ཀྱི་སྟོད་སྨད་གང་སར་ནན་གྱིས་ཐེངས་གཅིག་བལྟས་རྗེས།“བུ་རང་ཕར་ལ་བལྟས་པ་ཙམ་གྱིས་ཡིད་ལུགས་ཚུལ་ལྡན་ཅིག་དང་། གཉོམ་ཆུང་ཅན་ཅིག་རེད་འདུག དཀོན་མཆོག་གིས་གཟིགས་ནས་ཁྱེད་རང་ཡིག་རྒྱུགས་ལོན་ཡོད་ངེས་རེད། སེམས་བདེ་མོ་བྱོས་ཤིག”ཁོས་ང་ལ་དེ་སྐད་ཟེར། ཁོའི་སྐད་ཆར་ཉན་རྗེས་ངའི་སེམས་ལ་ཐོལ་གྱིས་དྲོད་ཁོལ་ཅིག་དལ་གྱིས་རྒྱས་བྱུང་། ངས་ཀྱང་ཁོ་ལ་ལྟ་ཞོར།“བཀའ་དྲིན་ཆེ། བཀའ་དྲིན་ཆེ”ཞེས་ཁོའི་སེམས་གཏམ་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།

ངེད་གཉིས་དེ་ལྟར་ཁ་བརྡ་བྱས་ནས་སོང་མཐར་མི་འགྱངས་པར་ངེད་གཉིས་གཞིས་རྩེ་གྲོང་ཁྱེར་དུ་འབྱོར། གཞིས་རྩེར་འབྱོར་རྗེས་བདག་གིས་ཁུག་མ་ལས་སྒོར་ཉི་ཤུའི་དངུལ་ལོར་ཅིག་བཏོན་ནས་ཁོ་ལ་སྦྱིན་པས། ཁོས“ལམ་གླ་དགོས་པ་མ་རེད། ད་ལྟ་ཁྱོད་དངོས་སུ་ལས་ཁུངས་སུ་ལས་ཀར་ཞུགས་རྒྱུ་ཡིན་པས། སྒོར་མོ་ཐམས་ཅད་ཕ་མའི་དངུལ་ཁྲག་ལས་བྱུང་བ་ཡིན་གྱི་རེད”ཟེར། རླངས་འཁོར་ཁ་ལོ་བ་དེའི་སྐད་ཆར་ཉན་རྗེས། ངའི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་བྱུང་། ངས་ཀྱང་ཁོ་ལ་ཕྱོགས་ནས།“བཀའ་དྲིན་ཆེ། བྱམས་སེམས་ཅན་ལ་བྱ་བ་ལམ་ལྷོངས་ཡོང་ངེས”ཞེས་བཤད་དེ་ཁ་ཕྱིར་འཁོར་ནས་ཐད་ཀར་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཕྱོགས་སུ་ཁ་གཏད་དེ་རྒྱུགས་ཕྱིན་པ་ཡིན།

ངའི་གྲོགས་པོ་གཡང་འབུམ་ཚེ་རིང་གིས་བཤད་པ་ལྟར་ན། སློབ་མ་སོ་སོའི་གཞུང་ཞབས་པའི་ཡིག་རྒྱུགས་ཀྱི་སྐར་གྲངས་དང་། ལས་ཁུངས་ས་ཆ་གང་དུ་བགོ་བཤའ་རྒྱག་མིན་སོགས་སློབ་གསོ་ཅུས་ཀྱི་སྒོ་འགྲམ་གྱི་གྱང་ལྡེབས་སུ་སྦྱར་འདུག་ཟེར། ངའི་སྙིང་ཁ་ནི་སྔར་རྒྱུན་དང་མི་འདྲ་བར“ཏིག ཏིག”ཅེས་བར་མེད་མཁའ་ལ་ལྡིང་འོང་ཞིང་། སེམས་ལ་གལ་ཏེ་ང་ཡིག་རྒྱུགས་དེ་འཕྲོད་མེད་ཚེ། ངས་ཨ་ཕ་དང་། ཉེ་དུ་སྤུན་མཆེད། སློབ་གྲོགས་སོགས་ལ་ཇི་ལྟར་བྱས་ནས་གདོང་བ་སྟོན་ནམ་སྙམ། སློབ་གསོ་ཅུས་ཀྱི་སྒོ་འགྲམ་དུ་མི་ཚོགས་གྲོག་ཚང་བརྡོལ་བ་ཇི་བཞིན་ཧ་ཅང་མང་། དེ་དག་ཚང་མ་ནི་ང་དང་ཆ་འདྲ་བར་སློབ་ཆེན་ཐོན་ཏེ་གཞུང་ཞབས་པའི་ཡིག་རྒྱུགས་ནང་ཞུགས་མཁན་གྱི་སློབ་མ་ཤ་སྟག་ཡིན་ཞིང་། ཁོ་ཚོ་མི་བུ་རེ་རེའི་སེམས་ཁམས་ནི་སྐབས་དེ་དུས་ཀྱི་ངའི་སེམས་ཁམས་དང་ཨ་ན་མ་ན་ཡིན་པ་བདག་ལ་ཡིད་ཆེས་བརྟན་པོ་ཡོད་དེ། སྔོན་ལ་ཡིག་རྒྱུགས་འཕྲོད་ཡོད་མེད་ལ་སེམས་ཁྲལ་བྱེད་ཅིང་། གལ་ཏེ་ཡིག་རྒྱུགས་འཕྲོད་ཡོད་ན། ཡང་ས་ཆ་རྒྱང་ཐག་རིང་ཐུང་ཅི་འདྲ་ཞིག་ཏུ་ལས་བགོ་བྱས་ཡོད་དམ་སྙམ་སྟེ། ཚང་མའི་སེམས་པ་ཧྲིལ་བོ་རྣམ་རྟོག་ཅིག་དང་བྲེད་ཤ་ཞིག་གིས་ཡོངས་སུ་ནོན་ཡོད་པ་ཁོ་ཐག་ཡིན། བདག་གིས་ཀྱང་མི་ཚོགས་དེ་དག་གི་དཀྱིལ་དུ་འཛུལ་ནས་སྒོ་ཁར་སྦྱར་བའི་ཡིག་རྒྱུགས་ཀྱི་སྐར་གྲངས་ལ་ཞིབ་ལྟ་བྱས་པས། ངས་ད་གཟོད་རང་ཉིད་ཐེངས་འདིའི་གཞུང་ཞབས་པའི་ཡིག་རྒྱུགས་ཀྱི་སྐར་གྲངས་དེ་བརྒྱ་ཐམ་པའི་གྲལ་མགོར་མ་སླེབས་ཀྱང་སྟོང་ཐམ་པའི་གྲལ་མཇུག་ཏུ་ལུས་མེད་པར་ཡིག་རྒྱུགས་སྐར་མ་འཕྲོད་ཡོད་པ་རྟོགས་ཏེ་སེམས་པ་ཅུང་ཟད་ལྷོད་ལ་བབས་སོང་མོད། མུ་མཐུད་དེ་རང་ཉིད་ལས་བགོས་བྱས་ས་ཆ་གང་དུ་ལས་བགོས་བྱས་ཡོད་མིན་ལྟ་དུས། ངས་ད་གཟོད་རང་ཉིད་ཀྱི་ལས་ཀ་དེ་གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་སུ་འབོད་པའི་འབྲོང་པ་རྫོང་དུ་བགོ་བཤའ་བྱས་ཡོད་པ་གཞི་ནས་རྟོགས།

ངས་རང་ཉིད་མི་རིང་བར་འབྲོང་པ་རྫོང་གི་ཤང་གྲོང་ཞིག་ཏུ་སྲིད་འཛིན་གྱི་ལས་ཀ་ལས་པར་འགྲོ་དགོས་པ་ཡིད་ལ་དྲན་མ་ཐག་ངའི་སེམས་ཁམས་ནི་སྨུག་སྤྲིན་གྱིས་བཏུམས་པའི་མཁའ་དབུགས་སྟུག་པོ་ཞིག་དང་ཆ་འདྲ་བར་ལང་ལོང་མཁའ་ལ་འཕྱུར་ནས་ལྷོད་ལ་གཏན་ནས་འབབ་མ་ཐུབ། ད་སོ་མ་ལྷ་ཡུལ་དུ་སླེབས་འདྲའི་ངའི་ཡིད་ཀྱི་དགའ་སྣང་དང་སྐྱིད་སྣང་མཐའ་དག་སེ་གོལ་ཏོག་ཡུན་ལ་དྲག་རླུང་གིས་ཕ་མཐར་སྤྲད་པ་ལྟར་གར་སོང་ཆ་མེད་དུ་ཡལ་ནས། དལ་གྱིས་སེམས་པ་ཧྲིལ་བོ་སྨག་རུམ་མུན་པར་བརྫངས་པ་ལྟ་བུའི་སྐྱོ་གདུང་གི་ན་བུན་ཞིག་གིས་ཡོངས་སུ་ནོན་པར་བྱས།

སྤྱིར་འབྲོང་པ་རྫོང་དུ་ལས་ཀ་བྱེད་པར་འགྲོ་དགོས་བྱུང་ཡང་དེ་འདྲའི་སྐྱོན་ཆེན་པོ་མེད་དེ། ང་དང་འདྲ་བའི་སློབ་མ་མང་བོ་རྒྱང་རིང་གི་ཆབ་མདོ་དང་། མངའ་རིས། ནག་ཆུའི་འབྲོག་ཁུལ་སོགས་སུ་ལས་ཀ་བགོ་བཤའ་བྱས་ཡོད་པ་མ་ཡིན་ནམ། ལྷག་པར་དུ་ང་རང་གི་སློབ་གྲོགས་ཉི་མ་དོན་གྲུབ་སོགས་སློབ་བུ་མང་དག་ཅིག་ཡིག་རྒྱུགས་ཀྱི་སྐར་གྲངས་མཐོན་པོ་བཏང་མེད་པས་ལམ་ཐག་རིང་ཐུང་དང་། ལས་གནས་བཟང་མིན་སོགས་ཀྱི་སྐད་ཆ་ཤོད་རྒྱུ་ལྟ་ཅི། ཐ་ན་ལས་ཀ་སྤྱིར་བཏང་བ་ཞིག་ཀྱང་ལག་ཏུ་ལོན་མེད་པས། དེ་དག་ལ་བསམ་གཞིག་རེ་བྱས་ན། ངས་ཡིག་རྒྱུགས་ལོན་པར་དགའ་ཚོར་བྱ་རྒྱུ་ཕར་ཞོག ད་དུང་ས་ཆ་ཐག་ཉེ་ཞིག་ཏུ་ལས་བགོ་བྱུང་ན་ཅི་མ་རུང་ཨང་སྙམ་པའི་སེམས་བྱུང་སྐྱེས་པ་ནི་འདོད་པ་འབའ་ཞིག་རེད་བསམས། འོན་ཀྱང་། ང་རང་བློ་མི་བདེ་བ་ནི་ང་རང་རྒྱང་རིང་གི་ས་ཆར་ལས་ཀ་བྱེད་དུ་སོང་ཚེ། ཨ་ཕ་ཁོང་ཤུལ་དུ་ལུས་ངེས་པས། ཁོང་ད་ཆ་དགུང་ལོ་མཐོ་ལ་དེའི་ཐོག་ད་ཆ་ཞབས་གཉིས་པོའང་ཐང་བོ་མེད་པའི་ཁར། མིག་ཤེས་ཀྱང་དལ་གྱིས་ཉམས་བཞིན་ཡོད་པས། ངས་ཨ་ཕའི་རྒས་གཉེར་ཆགས་པའི་དཔྲལ་བའི་གཉེར་རིས་རེ་རེ་དང་། འོད་མདངས་ཉམས་པའི་མིག་ཟུང་། ད་དུང་གྱོལ་མ་ལྡིང་གིས་ལམ་ལ་འགྲོ་བཞིན་པའི་ངང་ཚུལ་དག་དྲན་ན། ཨ་ཕ་སེམས་གཏིང་ནས་བློས་ཐོངས་བྱ་ཐབས་གཏན་ནས་མི་འདུག ངས་རང་ཉིད་ཀྱི་ཡིག་རྒྱུགས་སྐོར་གྱི་གནས་ཚུལ་ཤེས་རྗེས། ཐད་ཀར་རླངས་འཁོར་འབབ་ཚིགས་སུ་བསྐྱོད་དེ་ཕ་ཡུལ་དུ་ཕྱིར་ལོག་བྱེད་པའི་ལམ་ལ་ཞུགས་པ་ཡིན།

ང་རང་ཁྱིམ་དུ་འབྱོར་དུས་ཉི་འོད་དྲོན་མོ་སྔ་མོ་ནས་ནུབ་ཕྱོགས་ཆུ་ལྷའི་ཕ་མཐར་བཞུད་དེ་ས་གཞིའི་ཁྱོན་ལ་སྨག་རུམ་མུན་པས་ཡོངས་སུ་བསྒྲིབས་འདུག ཁྱིམ་ཚང་སོ་སོའི་སྒེའུ་ཁུང་ནས་གློག་འོད་ཕྲ་མོ་རེ་ཕྱིར་འཕྲོས་འོང་། ཁྱིམ་དུ་སླེབས་རྗེས། ཨ་ཕས་རྒྱུན་གཏན་ལྟར་ཐབ་ཀའི་ནང་མེ་དྲོན་མོ་ཞིག་བུད་བཞིན་ལབ་ཐུག་ཚ་ཆིལ་ཆིལ་ཞིག་བསྐོལ་ནས་ང་རང་ཕྱིར་ལོག་ཡོང་རྒྱུར་རེ་སྒུག་བྱས་ནས་འདུག ཨ་ཕས་ང་རང་ཁྱིམ་དུ་སླེབས་པ་ཤེས་འཕྲལ་གདོང་ལ་འཛུམ་མདངས་ཕྲན་བུ་ཞིག་རྒྱས་ཞོར་མིག་ཟུང་ལས་ཅི་ཞིག་སྐོམ་པ་ཆུ་འདོད་ལྟར་གྱི་ཤེས་འདོད་ཀྱིས་རེ་བའི་འོད་ཀྱིས་ཁེངས་བཞིན།“བུ། ཡིག་རྒྱུགས་འཕྲོད་འདུག་གམ”ཅེས་བཀའ་འདྲི་གནང་བྱུང་། ངས་ཀྱང་ཡིག་རྒྱུགས་འཕྲོད་པའི་ལན་དུ་མགོ་བོ་ལྕོག་ལྕོག་ལན་འགའ་བྱས་པས། ཨ་ཕས་དོགས་མི་བདེ་བའི་ངང“ཡིག་རྒྱུགས་འཕྲོད་ཡོད་ན། ཁྱོད་ད་དུང་སེམས་པ་མི་སྐྱིད་པ་བྱེད་དོན་ཅི་རེད། ཨ་ཕར་མགྱོགས་པོར་དྲང་གཏམ་ཤོད་དང”ཟེར། བདག་གིས་སྐད་དམའ་མོས“ཡིག་རྒྱུགས་འཕྲོད་ཀྱང་ཕན་ཐོགས་ཅི་ཡོད། ལས་ཀ་འབྲོང་པར་བགོ་བཤའ་བྱས་འདུག་པས། ངོ་མ་རྒྱང་ཐག་རིང་སོང”ཞེས་བཤད་པས། ཨ་ཕས་གདོང་ལ་འཛུམ་ཆུང་ལྷུག་ལྷུག་ཏུ་དགོད་ཞོར།“ཡིག་རྒྱུགས་ལོན་པ་ཁོ་ནས་འགྲིག ས་ཆ་གང་དུ་ལས་བགོ་བྱས་ཀྱང་གཅིག་པ་རེད། གང་དུ་སླེབས་ཀྱང་གང་ལྟར་ལས་བྱེད་པ་ཡིན་པས། ལོ་གཞོན་གཞོན་ས་ཆ་རིང་ཐུང་ལ་བསམ་བློ་གཏང་དགོས་མེད”ཅེས་གསུངས།

མ་གཞི་ཨ་ཕས་གསུངས་པའི་སྐད་ཆ་དེ་དག་ལ་གནས་ལུགས་རྒྱུ་མཚན་གྱིས་ཡོངས་སུ་ཕྱུག་ཀྱང་། ངའི་སེམས་ནང་སྔར་བཞིན་ཨ་ཕ་བསྐྱུར་ནས་འགྲོ་འདོད་གཏན་ནས་མ་བྱུང་། ལྷག་པར་དུ་རླུང་འཕྲིན་དང་བརྙན་འཕྲིན་གྱི་གསར་འགྱུར་ནང་འབྲོང་པ་དང་། ས་དགའ། གཉའ་ལམ་སོགས་ཀྱི་རྒྱང་རིང་གི་རྫོང་ཁག་ཏུ་ལམ་ཁ་ཆུས་འཁྱེར་བ་དང་། ཟམ་པ་རྡིབ་པ་སོགས་ཀྱི་གནས་ཚུལ་བར་མཚམས་མེད་པར་ཐོན་གྱིན་པ་ཤེས་འཕྲལ་ང་རང་གི་སེམས་ནི་རྒྱ་མཚོའི་ངོས་ཀྱི་གྲུ་ཆུང་ཞིག་དང་འདྲ་བར་རྦ་རླབས་ངར་མོའི་རླབས་ཤུགས་ཁྲོད་ཡང་ཡང་མཁའ་ལ་འཁྱོམས་ནས་ལྷོད་ལ་འབབ་ཐབས་བྲལ། ངས་ཨ་ཕར།“ཨ་ཕ། ངས་ཁྱེད་ཤུལ་དུ་བསྐྱུར་ནས་རྒྱང་རིང་གི་ས་ཆ་དེ་འདྲར་འགྲོ་འདོད་གཏན་ནས་མེད། ངས་ཁྱོད་སེམས་གཏིང་ནས་བློས་གཏོང་བྱ་ཐབས་མི་འདུག”ཅེས་སྨྲས་པས། ཨ་ཕའི་གདོང་ལ་མཐོང་དཀོན་པའི་འཛུམ་མདངས་ཤིག་རྒྱས་བཞིན།“སྐྱོན་མེད། ཁྱོད་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར་བ་ཁོ་ནས་ངའི་བསམ་དོན་ཡོངས་སུ་གྲུབ་ཐལ”ཞེས་གསུངས་བྱུང་།

ཨ་ཕས་ང་སོང་ཤུལ་དུ་ཁོང་རང་ཉིད་ཀྱིས་གཟུགས་པོར་གཅེས་སྤྲས་གང་ཡག་བྱ་ཚུལ་དང་། དུས་ཐོག་ཏུ་ཞལ་ལག་མཆོད་ཚུལ། ཁྱིམ་ནང་སེམས་ཁྲལ་བྱ་མི་དགོས་ཚུལ་སོགས་མང་དག་ཅིག་ང་ལ་གསུངས་བྱུང་། དོན་དམ་དུ། སློབ་གྲྭ་ནས་ཐོན་ནས་ད་བར་དུ་ཨ་ཕས་ནམ་ཡང་ངའི་སླད་དུ་བསམ་བློ་བཏང་ན་ངའི་སེམས་ནང་ཨ་ཕ་ལ་དེ་བས་མང་བ་ཆད་ཡོད་པའི་བློ་འགྱོད་སྐྱེས་ནས། སྔར་བས་ཨ་ཕ་དང་ཁ་བྲལ་འདོད་མེད་པར་གྱུར་བས། ངའི་སེམས་པ་རེ་ཞིག་ཐེ་ཚོམ་དང་སོམ་ཉིའི་དྲ་བས་ཡོངས་སུ་བཅིངས།

སློབ་མ་མང་དག་ཅིག་ཡིག་རྒྱུགས་སྐར་གྲངས་ང་ལས་དམའ་བ་ཡོད་ཀྱང་ཁོ་ཚོས་ངོམས་སུ་རི་བའི་ལག་རྟགས་རེ་འཁྱེར་ནས་ངོ་ཤེས་རྒྱུས་མངའ་ཅན་གྱི་འགོ་ཁྲིད་བཙལ་ཏེ་ལས་ཀ་གྲོང་ཁྱེར་དུ་བགོ་བཤའ་རྒྱག་རྒྱུར་རེ་བཞིན་འདུག་ཅིང་། འགའ་རེས་མི་སེམས་མི་ཡིས་ཉོས་ནས་གྲོང་ཁྱེར་དུ་མ་བྱུང་ཡང་གྲོང་ཁྱེར་དང་བར་ཐག་ཉེ་བའི་རྫོང་ཁག་ཏུ་ལས་ཀ་རེག་རྒྱུར་འབད་བཞིན་འདུག འོན་ཀྱང་། རྒྱུ་དང་ནོམ་པ་མེད་ལ། ངོ་ཤེས་རྒྱུས་མངའ་སོགས་ཅི་ཡང་མེད་པའི་ང་དང་ང་ལྟ་བུའི་ཕལ་བའི་ཁྱིམ་ཚང་གི་བུ་ཕྲུག་ཚོ་ལ་ཆ་མཚོན་ན། འབྲོང་པ་རྫོང་དུ་འགྲོ་དགོས་པ་དེ་ཚེ་སྔོན་ལས་སྐལ་ཡིན་ནམ་ཡང་ན་བསོད་ནམས་དབང་ཐང་དམན་པས་ལན་པ་ཡིན། ངོ་མ་ངའི་སེམས་པ་སྐྱོ་གདུང་གིས་ཡོངས་སུ་མནར། ཉེ་དུ་སྤུན་མཆེད་ཚོས་ང་རང་གཞུང་ཞབས་པའི་ཡིག་རྒྱུགས་འཕྲོད་དེ་འབྲོང་པ་རྫོང་གི་ཤང་གྲོང་ཆེ་གེ་མོར་ལས་བགོ་བྱས་པའི་གནས་ཚུལ་ཤེས་འཕྲལ་ཇ་དང་ཝུ་ཆང་བསྣམས་ནས་ང་ལ་དགའ་སྐྱེལ་བྱེད་པར་ཡོང་། འོན་ཀྱང་ཉིན་དེ་དག་ང་ལ་མཚོན་ན། མནར་གཅོད་དང་གདམ་ཁས་ཕྱུག་པའི་ཉི་མ་འགའ་ཞིག་ཡིན་པ་སྨོས་ཅི་དགོས། མཚན་མོ་མང་བོའི་རྨི་ལམ་གྱི་འཇིག་རྟེན་ཁྲོད་ང་རང་མི་མེད་ལུང་སྟོང་གི་མྱ་ངམ་ཐང་ཆེན་པོ་ཞིག་ཏུ་ཁེར་བུར་ལུས་ནས་ངུ་ཤུམ་རྒྱག་པ་རྨིས་ཤིང་། མཚམས་རེ་རྒས་གཉེར་ཆགས་པའི་ཨ་ཕའི་ངོ་མདོག་སྐྱ་བོ་ཁོ་ན་རྨི་ལམ་དུ་ཡང་ནས་བསྐྱར་དུ་འཁོར་འོང་།

དེ་ནས་ཉིན་ཤས་འདས་རྗེས། ངའི་སློབ་གྲོགས་ཤིག་གིས་ང་ལ་ཁ་པར་བཏང་སྟེ་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལས་མི་བསྡུ་བའི་ཡིག་རྒྱུགས་གཏོང་གི་ཡོད་ཚུལ་ང་ལ་བརྗོད་བྱུང་། ངས་ཀྱང་རེ་བ་རྟ་རྔ་ཙམ་ཞིག་འཆང་ནས་ཡིག་རྒྱུགས་དེར་ཞུགས་རྒྱུའི་མིང་ཐོ་བཀོད་ཅིང་། འབྲེལ་ཡོད་དངུལ་ཁང་གི་ལས་ཀ་དང་འབྲེལ་བའི་རྩིས་པ་དང་། དཔལ་འབྱོར་རིག་པ། དངུལ་རྩའི་སྐོར་སོགས་ཀྱི་ཤེས་བྱ་མང་དག་ཅིག་ལ་ལྟ་འགོ་ཚུགས། དངུལ་ཁང་གི་ཡིག་རྒྱུགས་དེ་དེ་ལྟར་གཏན་འཁེལ་བྱས་པའི་དུས་ཚོད་ནང་བཀོད་སྒྲིག་བྱས་འདུག

དྲང་མོར་བརྗོད་ན། དངུལ་ཁང་གི་ཡིག་རྒྱུགས་རྣམ་པ་དེར་ང་རང་ཤིན་ཏུ་ནས་དགའ་བ་ཡིན། ཡིག་རྒྱུགས་དེའི་ནང་ང་ཚོ་བོད་ཡིག་སྐོར་གྱི་འབྲེལ་ཡོད་ཤེས་བྱ་འདུས་ལ། གཞུང་ཞབས་པའི་ནང་དོན་དང་། དངུལ་ཁང་གི་འབྲེལ་ཡོད་ཤེས་བྱའང་འདུས་འདུག་པས། བསམ་ཡུལ་ལས་འདས་པ་ཞིག་ལ་ང་རང་ཡིག་རྒྱུགས་བདེ་བླག་ངང་འཕྲོད་འདུག དེས་མ་ཟད་ང་རང་གི་ལས་ཀ་བྱ་ཡུལ་ནི་གཞིས་རྩེ་གྲོང་ཁྱེར་གྱི་དིང་རི་རྫོང་ཁུལ་དུ་རེད། དངུལ་ཁང་གི་ཡིག་རྒྱུགས་འཕྲོད་རྗེས། ངའི་བློ་ཁ་ད་གཟོད་ལྷོད་ལ་བབས་བྱུང་། ཨ་ཕས་ཀྱང་ང་རང་དངུལ་ཁང་གི་ལས་མིར་འགྲོ་རྒྱུར་མོས་མཐུན་བྱས་པས། ཟླ་གཅིག་གི་རྗེས་སུ་ང་རང་གཞི་ནས་དངུལ་ཁང་གི་ལས་མི་ཞིག་ཏུ་གྱུར་ནས་ལས་ཀར་འགྲོ་དགོས། ད་ནི་ངས་དུས་རྒྱུན་གཟའ་མཇུག་གི་དུས་ཚོད་ཁོམ་པ་སྤྱད་དེ་ཁྱིམ་དུ་ཨ་ཕར་ཡང་ཡང་བལྟ་བར་འགྲོ་ཐུབ་པས། ངའི་སེམས་ཀྱི་རྡོག་ཁྲེས་ལྕི་མོ་དེ་གཞི་ནས་ཕར་ལ་གཡུག་ཐུབ་སོང་བས། ངའི་སེམས་པ་རེ་ཞིག་ཚ་བས་གདུང་བའི་གླང་བོ་ཆེ་མཚོ་ལ་འཇུག་ཐུབ་འདྲའི་བདེ་ཚོར་ཞིག་གིས་ཡོངས་སུ་ཕྱུག (མུ་འགོད)


རྩོམ་ཡིག་སྔོན་མ།
ལམ་སྐྱ་མོ།
རྩོམ་ཡིག་རྗེས་མ།
༄༅།།རྐང་དྲི་སེལ་ཐབས་འགའ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1