ལམ་སྐྱ་མོ།

འབྲོང་ཕྲུག་ལྷ་ཆེན་རྒྱལ།( མང་རྫོང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


ལམ་ལ་ཆས་དུས། ཞོགས་པའི་ཉི་ཟེར་རླངས་འཁོར་གྱི་སྒེའུ་ཁུང་བརྒྱུད་ནས་མིག་ལ་གནོད་ཙམ་བྱུང་། ཁག་དེ་ལ་བཞག་ནས་བདག་གིས་མིག་མཐའི་ཟིལ་བ་ལྟ་བུ་དེ་འབྱིད་ཙམ་བྱས།

ད་ནངས་ལྷ་བསང་བཏང་ནས་ཕྱིར་ཐོན་དུས། ཆུང་མས་བུ་ཆུང་གངས་དགའ་རིག་གྲོལ་ལ་ནངས་ཇ་ལྡུད་ཀྱིན་འདུག ནངས་ཇ་ལྡུད་ཅེ་ན་ཅུང་མི་འགྲིག་པར་འདུག་སྟེ། ད་ནི་བུ་ཆུང་གངས་དགའ་རིག་གྲོལ་ནི་ལོ་རིམ་ལྔ་བར་བུད་ཟིན་པས། ཟ་འཐུང་ཙམ་ལ་རང་མགོ་རང་གིས་ལོས་ཐོན། ཁོས་རང་ཉིད་ལ་རྟོལ་མ་བརྟོལ་བ་དང་འོ་ཇ་བླུགས་ནས་ནངས་ཇ་སྟབས་བདེ་ཞིག་འཐུང་སྒང་རེད། ཆུང་མ་ནི་རང་མགོ་ཐོན་པའི་བུ་ཆུང་གི་བྱ་བྱེད་དེ་ལ་ཡིད་ཚིམས་པ་དང་སེམས་དགའ་བ། བློ་བདེ་བས་ཨེ་ཡིན་ནམ། བུ་ཆུང་གི་ཁ་གཏད་དུ་ལག་པ་གཉིས་ཀས་འགྲམ་པ་སྐྱོར་ནས་ཙོག་འདུག་ལ། ཙོག་ནས་ཀྱང་མིག་གིས་གཡོ་བ་མེད་པར་བུ་ཆུང་གི་བྱ་བྱེད་དག་ལ་ཅེར་བསྡད་འདུག

དེ་རིང་ནས་ཉིན་བཞི་ཡི་རིང་ལ། བུ་ཆུང་གངས་དགའ་རིག་གྲོལ་དང་ངེད་གཉིས་ཀྱིས་བསླབ་ཚན་ཡུལ་སྐོར་ཐུང་ཐུང་ཞིག་བྱ་རྩིས་ཡོད། བསླབ་ཚན་ཡུལ་སྐོར་ཟེར་དོན་ནི། ཁོའི་སློབ་དེབ་སྟེང་གི་མཚོ་སྔོན་པོ་དང་སྐུ་འབུམ་བྱམས་པ་གླིང་གཙོ་བྱས་ཏེ། ཡུལ་སྐོར་གྱི་ཞོར་དུ་རེབ་གོང་དང་ཟི་ལིང་གི་དཔེ་ཁང་དང་གློག་བརྙན་ཁང་འགའ་ལ་མྱུལ་རྩིས་ཡོད་པས་སོ།། དཔེ་ཁང་དང་གློག་བརྙན་ཁང་མྱུལ་རྒྱུ་དེ་ནི་ངེད་གཉིས་ཐུན་མོང་གི་དགའ་ཕྱོགས་ཤིག་ཡིན་པས། ནམ་རྒྱུན། གནང་སྐབས་སུ་བུ་ཆུང་གངས་དགའ་རིག་གྲོལ་ཁྲིད་ནས་ཟི་ལིང་ལ་སོང་བ་ཡིན་ན། ངེད་གཉིས་ཐོག་མར་དཔེ་ཁང་དུ་འགྲོ་བ་དང་། དཔེ་ཁང་ལས་རང་རང་གི་དགའ་མོས་ལྟར་གྱི་དཔེ་སྒྲོམ་ཕྱོགས་སུ་འགྲོ་བ་ཡིན། སྐབས་ལན་རེར། བདག་གིས་རང་བློར་འབབ་པའི་དཔེ་ཆ་འདྲ་མ་རྙེད་པར་ཁོ་བཙལ་དུ་སོང་བ་ན། ཁོ་བྱིས་པའི་ཀློག་དེབ་བཤམས་སའི་དཔེ་སྒྲོམ་གྱི་མདུན་སར་ཙོག་སྟེ་སེམས་རྣལ་ལ་ཕབ་ནས་དཔེ་དེབ་ཅིག་ཀློག་པ་དང་འཕྲད་ངེས་ལ། སྐབས་དེ་དག་ཏུ། བདག་གིས་ཀྱང་ཁོའི་དཔེ་ཀློག་ལ་བར་ཆད་གཏོང་མི་ཕོད་པར་རྒྱང་མིག་གིས་འཚོས་བསྡད་པ་ཡིན།

བུ་ཆུང་གངས་དགའ་རིག་གྲོལ་ནི་དཔེ་ཀློག་ལས་གཞན་ད་དུང་གློག་བརྙན་ལའང་བལྟ་རྒྱུར་དགའ་བོ་ཡོད། ཡིན་ནའང་། མང་རྫོང་ནི་མཐོ་སྒང་གི་རྫོང་མཁར་ཆུང་ཆུང་ཞིག་ཡིན་པས། ད་ལྟ་ད་དུང་གློག་བརྙན་ཁང་མེད་པ་དང་གློག་བརྙན་ཁང་ཡོད་པའི་དབང་དུ་བཏང་རུང་། མང་རྫོང་གི་མི་ལ་རིན་གོང་མཐོན་པོ་བྱིན་ནས་གློག་བརྙན་གྲགས་ཅན་ལ་བལྟ་བའི་གོམས་གཤིས་དེ་ད་དུང་ཆགས་དཀའ་ཚོད་རེད། དེ་བས། བདག་གིས་རྒྱུན་པར་དུས་ཐོག་ཏུ་རྒྱུག་ཆེ་བའི་གློག་བརྙན་དག་དྲ་སྟེང་ནས་ཕབ་ལེན་བྱས་ཏེ་ཁོ་ལ་ལྟ་རུ་འཇུག་གིན་ཡོད་པ་དང་། ཆབ་ཆ་དང་ཟི་ལིང་ལྟ་བུའི་གྲོང་རྡལ་དང་གྲོང་ཁྱེར་དུ་སོང་བ་ཡིན་ན། གོ་སྐབས་དམ་འཛིན་གྱིས་གློག་བརྙན་གཅིག་གཉིས་རེར་བལྟ་ཐབས་བྱས་པ་ཡིན། ད་ལྟར་བསམ་ན། པདྨ་ཚེ་བརྟན་གྱི《ཐར་ལོ》དང《ལག་དམར》ཟོན་ཐར་རྒྱལ་གྱི《གཙང་བོ》དང《ཨ་ལ་ཆང་གསོལ》སོགས་ཀྱང་ཟི་ལིང་ནས་བལྟས་པ་ཡིན་ལ། ཀྲང་དབྱང་གི《གངས་རིན་པོ་ཆེ》དང《རྒྱུན་བུའི་སྟེང་གི་རྣམ་ཤེས》ཀྱང་གློག་བརྙན་ཁང་དུ་མཉམ་པོར་བལྟས་པ་ཡིན། བདག་གིས་བཤད་འདོད་པ་ནི། མི་ཞིག་ལ་དགའ་ཕྱོགས་ངེས་ཅན་ཞིག་ཡོད་པ་དེ་ནི་དོན་བཟང་ཞིག་རེད་ལ། དགའ་ཕྱོགས་དེ་དགའ་ཕྱོགས་ཁོ་ན་ཙམ་དུ་མི་བལྟ་བ་དེ་ཡང་དོན་བཟང་ཞིག་རེད།

གང་ལྟར། ཆེས་སྤྱིར་བཏང་གི་ཞོགས་པ་འདི་འདྲ་ཞིག་ལ། ཆུང་མས་བུ་ཆུང་གངས་དགའ་རིག་གྲོལ་དང་ངེད་གཉིས་ལ་ལམ་འཇུག་བྱས་ཏེ། ཡུན་ཐུང་གི་གནས་སྐོར་འདི་ལ་ལམ་བདེ་ཡོང་བའི་སྨོན་ལམ་ཡུན་རིང་ལ་བཏབ་སོང་། ཆུང་མའི་མིག་མདངས་སུ་གོས་པའི་སེམས་ཁུར་དང་བུ་ཆུང་གི་ཞེན་ཆགས་གཉིས་ཀས་བདག་སེམས་སྲ་མོ་རྡོ་ལོག་འདྲ་བོར་ཡང་གཉོམ་དུང་ངེའི་ཚ་དྲོད་ཅིག་རྒྱས་ཤིང་། ཚོད་ཚོད་ལ་བློས་མི་ཐོངས་པ་གང་མང་ཞིག་གིས་ཡ་ཆུང་ཁེགས་ཡོང་།

གཉིས།

མི་ཚེ་ནི་མ་གཞི་ནས་འགྲུལ་བཞུད་རིང་མོ་ཞིག་སྟེ། ང་ཚོ་ནི་ལམ་ཚིགས་རེ་རེ་ན་དཀའ་སྡུག་གིས་ནུར་གྱིན་ཡོད་ཟེར། སྐད་ཆ་དེ་བཤད་མཁན་ནི་བདག་ཡིན་པ་འདྲ་ལ་བདག་གི་རྩོམ་གྲོགས་ཤིག་ཡིན་པའང་འདྲ་སྟེ། གང་ལྟར། གནས་ལུགས་ཡོད་པ་འདྲ་ལ་མེད་པའང་འདྲ་བའི་སྐད་ཆ་དེ་ནམ་ཡང་བདག་གི་རྣ་ལམ་དུ་བཤགས་འདུག

བུ་ཆུང་གངས་དགའ་རིག་གྲོལ་དང་ངེད་གཉིས་ཀྱི་ལམ་ཚིགས་ཐོག་མ་ནི་རེབ་གོང་ཡིན་མོད། རེབ་གོང་ལ་འགྲོ་ན་ཐོག་མར་ཁྲི་ཀ་བརྒྱུད་ནས་ཟི་ལིང་ལ་འགྲོ་དགོས་ཤིང་། དེ་ནས་གཅན་ཚ་བརྒྱུད་དེ་རེབ་གོང་ལ་ཐོན་ཐུབ། ཉིན་གཅིག་གི་དུས་ཚོད་ཅི་འདྲ་ཐུང་རུང་། ད་ནི་ལམ་གྱི་སྣེ་མོ་རྡོག་པས་མནན་ཟིན། ཡིན་ནའང་། ཉིན་དེར་མཐོ་འབྲིང་གསུམ་པས་ཀྱང་གུང་གསེང་བཏང་སོང་བས། རླངས་འཁོར་ལ་མ་རྐང་པར་ཡུན་རིང་འགོར་སོང་། ཆུང་མས་སྐད་འཕྲིན་ལས་འགྲོ་འདོད་སེམས་ན་ཡོད་ན། འགྲོ་སྤྱད་ལས་ཀྱིས་རག་ཡོང་ཟེར། ངོ་མ་དེ་འདྲ་ཞིག་ཡིན་པ་འདྲ་སྟེ། ཆུ་ཚོད་བཅུ་ཡས་མས་ཤིག་ལ་ཐད་ཀར་ཁྲི་ཀར་འགྲོ་བའི་རླངས་འཁོར་ཞིག་ལ་རྐང་སོང་ལ། ཁྲི་ཀའི་རེས་འཁོར་ལ་བསྡད་ནས་ཟི་ལིང་ལ་ཐོན་དུས་རྩོམ་གྲོགས་བྱང་སྒྲ་སྙན་ཡང་ཟི་ལིང་ན་འདུག་པས་རེབ་ཀོང་གི་སྟབས་ཀ་དེ་ལྟར་འགྲིག་སོང་། ངོ་མ། ལས་ཞིག་ཡོད་ན་ལམ་ཞིག་ཅེས་པ་ཡང་དེ་འདྲ་ཞིག་ལ་བཤད་པ་ཨེ་ཡིན་ནམ།

བུ་ཆུང་གངས་དགའ་རིག་གྲོལ་ནི་བྱ་དངོས་ཅི་དང་གང་ལའང་ཨ་མཚར་ཆེ་ཞིང་དྲི་བ་གདོན་དགའ་ཆེ་མཁན་ཞིག་ཡིན་པས། ཁོས་ལམ་རིང་མོར་ངེད་གཉིས་གང་ལ་འགྲོ་བ་དང་ཅི་བྱེད་དུ་འགྲོ་བ་སོགས་དྲིས་ནས་སུན་པོ་ཅུང་ཟད་བྱུང་སོང་བས། ཟི་ལིང་ལ་ཐོན་མ་ཐག བདག་གིས་ཁོ་ལ་ཡིག་རིས་དེབ་གཉིས་ཉོས་པ་ཡིན་ལ། དེས་ནི་ཕལ་ཆེར་རེབ་གོང་ལ་ཐོན་རག་བར་དུ་ཁ་ཆོད་སོང་། ཡིན་ནའང་། རྣམ་ཤེས་དཔེ་དེབ་ཏུ་འཁོར་བ་དེས་ལམ་གྱི་ལྟད་མོ་མང་བོ་ཞིག་ངང་གིས་ཤོར་སོང་བས། གཅན་ཚར་ཐོན་ཁ་མ་དེར་བདག་གིས་ཁོ་ལ་རླངས་འཁོར་གྱི་སྒེའུ་ཁུང་ལས་མཐོང་བའི་རྨ་ཆུ་ལི་མ་བསྟན་པ་ཡིན། ཁོས་ས་འདིའི་རྨ་ཆུ་ཆེ་ཆེ་འདྲ་མོད། ཁྲི་ཀའི་རྨ་ཆུའི་དྭངས་ཉམས་མི་འདུག་ཟེར། ངས་དེ་ལ་ཚན་རིག་གི་ཤེས་བྱ་དང་རང་བྱུང་གི་སྣང་ཚུལ་གྱིས་འགྲེལ་བཤད་ཡིད་ཚིམ་པ་ཞིག་རྒྱག་མ་ཐུབ་པས་ལན་ནམ། བུ་ཆུང་གངས་དགའ་རིག་གྲོལ་གྱིས་རྨ་ཆུར་ལྟ་མཚམས་བཞག་ནས་ཁ་ཚུར་འཁོར་ཏེ། ཨ་ཕ། རེབ་གོང་ན་ཅི་ཞིག་ཡོད་པ་རེད་ཟེར། བདག་གིས་ཁོ་ལ་རེབ་གོང་ན་ལྷ་ཡོད་པ་རེད་ཅེས་པའི་ལན་སྟབས་བདེ་ཞིག་ལས་མ་བཏབ་མོད། བདག་གི་འཆར་གཞི་ནི་རེབ་གོང་གི་ལྷ་རིས་སྒྱུ་རྩལ་དང་མི་ཆོས་རྩོམ་རིག་གིས་ཁོའི་མིག་རྒྱ་ཅུང་བསྐྱེད་ཐུབ་ན་བསམ་ཡོད། བསམ་ཐོག་ལ་མ་སོང་བ་ཞིག་ནི། ང་ཚོ་རེབ་གོང་ལ་ཐོན་དུས་དུས་ཚོད་ཧ་ཅང་འཕྱི་པོ་ཆགས་འདུག་པས་རེབ་གོང་རྟེན་མཛོད་ཁང་གི་སྒོ་ཁ་ནས་དྲན་རྟེན་གྱི་འདྲ་པར་ཞིག་ལེན་རྒྱུ་ལས་ཐབས་གཞན་མི་འདུག

ནམ་རྒྱུན། གཞུང་སྒེར་གཉིས་ཀར་ཁ་གཡར་ནས་རེབ་གོང་ལ་འགྲོ་ཐེངས་རེ་རེར། ངའི་ཡིད་ལ་རང་དབང་མེད་པར་ཡོངས་འཛིན་བློ་བཟང་དཔལ་བཟང་མཆོག་གི《ཕོ་ཉ་གཞོན་ནུ་དོན་གྲུབ》ནང་གི“འདི་ནས་བྱང་དུ་དཔག་ཚད་ཁྲི་ཕྲག་ན།། རྒྱལ་ཀུན་ཡེ་ཤེས་ཐིག་ལེ་ལྟར་ཆགས་པ།། བདག་གི་དཔྲལ་བའི་མིག་དང་ཁོང་བའི་སྙིང་།། མཚན་ཙམ་གྱིས་ཀྱང་རྣ་བའི་བཅུད་ལེན་ཡོད།།”ཅེས་པའི་ཤོ་ལོ་ཀ་དེ་དྲན་ཡོང་། དེ་ཙམ་གྱིས་ཀྱང་ང་ནི་རེབ་གོང་ལ་འགྲོ་འདོད་ཀྱི་སྐོམ་པ་མེ་རུ་འབར་ཞིང་རེབ་གོང་གི་གྲོགས་པོ་དག་ལ་འཕྲད་པའི་འདོད་པ་ཆུ་རུ་གདུས་ཡོང་། དེ་ནི་རེབ་གོང་གི་ཐང་ཀའི་སྒྱུ་རྩལ་གྱིས་དྲངས་པ་འདྲ་ལ་རེབ་གོང་གི་བོད་ཀྱི་ཟློས་གར་གྱིས་བསླུས་པའང་འདྲ་སྟེ། རེབ་གོང་གི་དྲུག་པའི་ཀླུ་རོལ་གྱིས་དེད་པའང་ཡིན་ངེས། ཡིན་ནའང་། ང་ནི་དེ་ལྟ་དེ་ལྟར་རེབ་གོང་ལ་སོང་ཐེངས་མང་མོད། ང་ནི་རེབ་གོང་ལ་སླེབས་རྗེས་བླ་མེད་ཀྱི་སྒྱུ་རྩལ་དེ་དག་གཏིང་བརྗེད་དུ་གྱུར་ནས་ལས་ཀྱིས་ལམ་ནས་འཕྲད་པའི་རྩོམ་གྲོགས་དག་ལ་འཛོམས་ཆད་བྱེད་པར་དགའ་བོ་ཡོད།

དགོང་མོ་དེར། ཚོགས་གཙོ་གུ་རུ་དོན་གྲུབ་ཀྱི་རྩ་འཛུགས་འོག ངེད་ཅག་རྩོམ་གྲོགས་དག་མཉམ་དུ་འཛོམས་པ་ཡིན་ལ། མཉམ་དུ་འཛོམས་ནས་ཀྱང་གྲོགས་པོ་ཐོ་རངས་ཀྱི་དེབ་གསར་ལ་རྟེན་འབྲེལ་ཆུང་ཆུང་ཞིག་ཞོར་ནས་འགྲུབ་སོང་། གྲོགས་པོ་ཐོ་རེངས་ཀྱིས་བུ་ཆུང་གངས་དགའ་རིག་གྲོལ་ལ་ཕུལ་བའི་དེབ་སྐྱེས་སུ། སློབ་མ་ཆུང་ཆུང་གངས་དགའ་རིག་གྲོལ་ཞེས་བྲིས་འདུག་ལ། མ་འོངས་པར་རྩོམ་པ་བོ་ཆུང་ཆུང་ཞིག་ཏུ་བརྩོན་པའི་རེ་བའང་སྨོན་འདུན་དང་བཅས་པས་ཞུས་སོང་། སེམས་དེ་ག་ཙམ་ཞིག་ཡོད་པས་ང་ལའང་གློ་བུར་སེམས་འགུལ་ཐེབས་ཏེ་ཆང་ཕོར་མཆུ་ལ་བཏེགས་ནས་འབྱོང་འདོད་ཅིག་སྐྱེས་སོང་། ནམ་ཉི་མ་ཞིག་ལ། སུ་ཞིག་གིས་མངོན་སུམ་འཛེམ་མེད་ངང་འདུ་འཛོམས་འདི་ལའང་ཆང་གི་འདུ་ཚོགས་ཞེས་སུ་འབོད་ཀྱང་སྲིད་མོད། ང་ཚོ་ལ་ཆང་ཁ་ནས་འཐུང་སྟེ། གཏམ་སྙིང་ནས་བཤད་པ་དེས་མི་ཆོག་པ་ཅི་ཡོད། ཡིན་ནའང་། བཀའ་གདམས་པའི་གླེགས་བམ་ལས། མི་ནི་ཆོས་ལ་དད་པ་དང་།། ལྷ་ནི་དཀར་ཕྱོགས་སྐྱོང་བ་དང་།། ས་ལ་དགེ་བཅུ་ཚང་བ་ཡི།། གསེར་གྱི་ཡུལ་ལྗོངས་ཞེས་སུ་གྲགས།། ཞེས་བཀའ་ལུང་གིས་ཡང་དག་པར་བསྔགས་པའི་ལྗོངས་ཆེན་པོ་རེབ་གོང་རིག་པ་འབྱུང་བའི་གནས་འདི་རུ་ད་ལྟ་ད་དུང་ཡང་ཐུན་མོང་གི་རིག་གནས་འཚོ་བ་དང་ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་དར་ཞིང་རྒྱས་ཡོད་པས་ན། དེ་དག་རེ་རེ་བཞིན་མཇལ་མ་ཐུབ་པའི་སྐྱོ་བ་དེ་རེ་ཞིག་གསང་ཆོག་པར་ཞུ།

ཕྱི་ཉིན་སྔ་མོར། བུ་ཆུང་གངས་དགའ་རིག་གྲོལ་ངེད་གཉིས་ཀྱིས་སྒྲོལ་མའི་ཐང་ཆེན་ནས་དྲན་རྟེན་གྱི་འདྲ་པར་ལེན་དུས་སུ། ཉི་རྩེ་སོ་མར་རོང་བོ་དགོན་ཆེན་གྱི་འདུ་ཁང་དང་ལྷ་ཁང་སོ་སོའི་རྒྱ་ཕིབས་སུ་འཕྲོས་སོང་ལ། བསང་དུད་ཀྱི་དྲི་ཞིམ་འཐུལ་བའི་རེབ་གོང་གི་ཞོགས་པ་འདིས་ངེད་ཕ་བུ་གཉིས་ལ་རེ་ཞིག་བདེ་མོ་འཇོག་དགོས་པའི་དྲན་སྐུལ་བྱས་སོང་།

གསུམ།

ད་ཐེངས་ནི་བུ་ཆུང་གངས་དགའ་རིག་གྲོལ་སྐུ་འབུམ་ལ་འགྲོ་ཐེངས་གཉིས་པ་ཡིན། ཐེངས་སྔོན་མ་ནི་ཁོའི་ཨ་མར་སྐུ་འབུམ་གསེར་སྡོང་ལ་བསྐོར་བ་རྒྱག་རོགས་སུ་སོང་བ་ཡིན་ལ། ཆུང་མ་ངེད་གཉིས་ཀྱིས་སྐོར་བ་བརྒྱ་གྲངས་ཤིག་ལོང་དུས་ས་རུབ་ནས་དུས་ཡུན་རིང་པོ་ཞིག་འགོར་འདུག དུས་ཡུན་རིང་བོ་ཞིག་འགོར་སོང་བས། བུ་ཆུང་གངས་དགའ་རིག་གྲོལ་ནི་ད་ཅིའི་རྣམ་རིག་རྒོད་པོ་སད་དེ་སངས་ཡོད་པ་དེ་མ་ཡིན་པར། ལྷ་ཁང་མདུན་གྱི་རྡོ་ཡི་རྐུབ་སྟེགས་སུ་ངལ་དུབ་ངང་གློ་ཉལ་གྱིས་གཉིད་འདུག་པའི་རྣམ་པ་དེ་ད་དུང་ཡང་ངའི་དྲན་ངོགས་སུ་ཝ་ལེར་གསལ། རྣམ་པ་དེས་བདག་གི་ཡིད་ལ་གློ་བུར་དུ་ཙག་ཤད་ཅིག་རྒྱུག་ཅིང་བདག་གི་སེམས་པ་དེ་མུར་སྐྱུར་སིལ་སིལ་དུ་གྱུར།

ད་ཐེངས་ནི་དམིགས་ཡུལ་ཡོད་པ་དང་འཆར་གཞི་ལྡན་པའི་སྒོ་ནས་ཡོང་བ་ཡིན་པས། ཟི་ལིང་ནས་སྐུ་འབུམ་དུ་འགྲོ་བའི་གླ་འཁོར་ལས། བདག་གིས་ཁོ་ལ《སྐུ་འབུམ་བྱམས་པ་གླིང》ཞེས་པའི་སློབ་ཚན་དེའི་ནང་དོན་ཐེངས་གཅིག་བཤད་དུ་བཅུག་པ་ཡིན་ལ། ཁོ་ནི་སྐུ་འབུམ་ནས་ཆེས་མཇལ་འདོད་ཡོད་པ་དེ་གང་ཡིན་པའང་ཞོར་དུ་དྲིས་པ་ཡིན། བུ་ཆུང་གངས་དགའ་རིག་གྲོལ་གྱིས་བཤད་ན། སྐུ་འབུམ་བྱམས་པ་གླིང་ཞེས་སྙན་པའི་གྲགས་པ་ས་སྟེང་དུ་ཁྱབ་པའི་ཆོས་སྡེ་ཆེན་པོ་འདི་ནི། མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཏེ། ཟི་ལིང་གྲོང་ཁྱེར་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་ཉེར་དྲུག་སོང་བའི་རུ་གསར་ཟེར་བའི་ལུང་བའི་ཕུ་རུ་ཆགས་ཡོད་པ་དང་། དགོན་པ་དེར་གསེར་སྡོང་ཁང་དང་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་། ཐམས་ཅད་མཁྱེན་པའི་ལྷ་ཁང་། ཟི་ན་མགོན་ཁང་། གཙང་ཁང་ཆེན་མོ། ཞབས་བརྟན་ལྷ་ཁང་། ཀ་བ་བརྒྱ་དང་ང་བཞིའི་ཁྱོན་ཅན་གྱི་ཚོགས་ཆེན་འདུ་ཁང་སོགས་ལྷ་ཁང་དང་། བདེ་བཤེགས་མཆོད་རྟེན་བརྒྱད་དང་མཆོད་རྟེན་སྒོ་བཞི་སོགས་རྟེན་དང་བརྟེན་པ་རིམ་སྟར་ཆགས་སུ་བཞེངས་ཡོད་པ་ཚང་མར་མཇལ་འདོད་ཟེར། ཁ་བརྡའི་ཁྲོད་ནས་ངེད་གཉིས་དུས་ཡུན་རིང་བོ་མ་འགོར་བར་སྐུ་འབུམ་ལ་སླེབས། གླ་འཁོར་ལས་བབས་རྗེས་ཐད་ཀར་ནུབ་སྒོ་བརྒྱུད་ནས་མཆོད་རྟེན་བརྒྱད་པར་མཇལ་བ་ཡིན། ནུབ་སྒོ་བརྒལ་དུས་བུ་ཆུང་གངས་དགའ་རིག་གྲོལ་གྱིས་མི་གཞན་པས་སྒོ་བྱང་ཉོ་དགོས་མོད། འུ་གཉིས་ཀས་སྐར་མ་གང་ཡང་སྟེར་མི་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་དྲིས་བྱུང་། བདག་གིས་ཁོ་ལ་དེ་ནི་མཇལ་བ་དང་ལྟད་མོ་བ་གཉིས་ཀྱི་ཁྱད་པར་ཡིན་ཚུལ་དང་། འུ་གཉིས་དད་པ་དང་དང་བས་ཡོང་ཚུལ་བཤད་པ་ཡིན། ཡིན་ནའང་། ཙན་དན་དཀར་བོར་མཇལ་རྗེས་བུ་ཆུང་གངས་དགའ་རིག་གྲོལ་གྱིས་ཧ་ཅང་ཕངས་སེམས་ཆེན་མོས། ཙན་དན་ཤིང་གི་ལོ་མར་སྐུ་འབུམ་རང་བྱོན་གྱི་རི་མོ་མི་འདུག་ཟེར། མ་གཞི། ཁོ་ཚོའི་སློབ་དེབ་སྟེང་དུ་ས་འདི་ནི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་འཁྲུངས་ཡུལ་ཡིན་པ་དང་། རྗེ་ཙོང་ཁ་བ་ཆེན་པོ་སྐུ་འཁྲུངས་པའི་ཚེ་ལྟེ་ཁྲག་ས་ལ་འཕོས་པ་ལས་ཙན་དན་དཀར་པོའི་སྡོང་བོ་ཞིག་སྐྱེས་པ་དེར་ལོ་མ་འབུམ་གཅིག་སྐྱེས་ཤིང་། ལོ་མ་རེ་རེའི་སྟེང་དུ་རྒྱལ་བ་སེང་གེ་ང་རོའི་སྣང་བརྙན་རང་བྱོན་དུ་བྱུང་བས་ན་སྐུ་འབུམ་ཞེས་བཏགས་པར་གྲགས་ཞེས་བཀོད་འདུག་པས་སོ།། བདག་གིས་ཁོ་ལ་རྗེ་ཙོང་ཁ་པའི་ལྟེ་ཁྲག་འཐོར་ས་ལས་སྐྱེས་པའི་ཙན་དན་དཀར་བོ་དེ་སྙིང་བོ་བྱས་ནས་པད་སྤུངས་མཆོད་རྟེན་བཞེངས་ཚུལ་དང་། རྗེས་སུ་རྒྱ་སྐྱེད་ནས་ད་ལྟའི་སྐུ་འབུམ་གསེར་སྡོང་ཁང་ཡིན་ཚུལ་རང་བློས་དཔོག་ཚད་ཀྱིས་བཤད་པ་ཡིན་ལ། བུ་ཆུང་གངས་དགའ་རིག་གྲོལ་གྱིས་ཀྱང་ང་ཚོའི་དགེ་རྒན་གྱིས་ཀྱང་དེ་ལྟར་བཤད་བྱུང་ཞེས་མགོ་བོ་ནང་དུ་ལྡེམ་ཅི་ཐུབ་བྱེད།

དེ་ཡང་། དགེ་ལུགས་པའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་སྐུ་འབུམ་བྱམས་པ་གླིང་ནི་ཟི་ལིང་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་ཀྱི་ཙོང་ཁ་རྫོང་ཁོངས་སུ་ཆགས་ཤིང་། དགོན་པ་འདི་ཉིད་ཐོག་མར་རྗེ་ཙོང་ཁ་བ་དགུང་ལོ་ཉི་ཤུ་རྩ་གཉིས་ལ་ཕེབས་སྐབས་རབ་བྱུང་དྲུག་པའི་ས་རྟ(སྤྱི་ལོ༡༣༧༨)ལོར་མ་ཡུམ་གྱིས་རང་ཉིད་སྐུ་ན་བགྲེས་པ་དང་བཅས་རང་ཡུལ་དུ་མཇལ་ཕྲད་ལ་ཕེབས་དགོས་པའི་ཞུ་ཡིག་དང་དབུ་སྐྲ་དཀར་པོར་སོང་བའི་ལན་བུ་བཅས་བསྐུར་གནང་མཛད་པ་བཞིན། དེའི་ཕྱི་ལོར་ཡུམ་གྱིས་ཐུགས་ཁུར་བཞེས་ཤིང་དད་ལྡན་མང་བོས་རོགས་རམ་བྱས་ཏེ། རྗེ་ཙོང་ཁ་པ་ཆེན་པོ་སྐུ་འཁྲུངས་ནས་ལྟེ་ཁྲག་བོར་བའི་ས་གནས་དེར་ཤིང་ཙནྡ་གྱི་སྡོང་བོ་ཞིག་སྐྱེས་པ་དེ་ཉིད་སྙིང་བོར་བཞུགས་ཤིང༌། རྒྱལ་བ་སེང་གེ་ང་རོའི་སྐུ་བརྙན་འབུམ་གཅིག་དཔར་དུ་བཏབ་པ་གཟུངས་སུ་ཕུལ་བའི་མཆོད་རྟེན་པདྨ་སྤུངས་པ་ཞིག་བཞེངས་པའི་མཐའ་བསྐོར་དུ་རྡོ་རྩིག་གི་ར་བས་བསྐོར་བ་བཅས་ཡོད་པའི་སྟེང་དུ་ལྷ་ཁང་རྫ་གཡམ་གྱི་ཐོག་བཀབ་པ་གསར་བཞེངས་གནང༌། རབ་བྱུང་བཅུ་བའི་མེ་གླང(སྤྱི་ལོ༡༥༧༧)ལོར་སྒོམ་ཆེན་རིན་ཆེན་བརྩོན་འགྲུས་རྒྱལ་མཚན་གྱིས་ཐུགས་ཁུར་བཞེས་ཏེ་རྒྱལ་བ་བྱམས་པའི་སྐུ་བརྙན་ཆེན་པོ་ཞིག་བཞུགས་པའི་བྱམས་ཁང་གསར་བཞེངས་གནང་བ་བཅས་ལྷ་ཁང་སྔ་རྗེས་གཉིས་ཀྱི་གནས་གཞི་ལ་བརྟེན་ནས་སྐུ་འབུམ་བྱམས་པ་གླིང་ཞེས་མཚན་དུ་གྲགས། རབ་བྱུང་བཅུ་བའི་ཆུ་ལུག(སྤྱི་ལོ༡༥༨༣)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་རྒྱས་འདེབས་མཛད་པ་ཡིན་འདུག

སྤྱིར་ན། སྐུ་འབུམ་བྱམས་པ་གླིང་གི་མཇལ་སྐོར་ནི་དུས་ཡུན་ཐུང་ངུ་ཞིག་གི་ནང་འགྲུབ་པ་ཞིག་ག་ནས་ཡིན། ཡིན་ནའང་། ངེད་གཉིས་ཀྱིས་ཕྱི་དྲོ་མཚོ་སྔོན་པོ་ལ་འགྲོ་བའི་རེས་འཁོར་གྱི་སྤ་སེ་ཉོས་ཡོད་པས། མཆོད་མཇལ་སྟབས་བདེ་ཞིག་བྱས་རྗེས་ཕྱིར་ཟི་ལིང་དུ་ལོག་པའི་སྤྱི་སྤྱོད་རླངས་འཁོར་དུ་བུད་པ་ཡིན། ཕྱིར་ལོག་པའི་ལམ་དུ། བདག་གིས་ཆེད་དུ་བུ་ཆུང་གངས་དགའ་རིག་གྲོལ་ལ་རྗེ་ཙོང་པ་ཆེན་པོས་སློབ་གཉེར་ཇི་ལྟར་བྱས་ཚུལ་དང་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་དར་རྒྱས་སུ་བཏང་བའི་སྐོར་གྱི་གཏམ་རྒྱུད་འགའ་བཤད་པ་ཡིན་ཏེ། དེས་ནི་བུ་ཆུང་གངས་དགའ་རིག་གྲོལ་གྱི་སློབ་སྦྱོང་བརྩོན་སེམས་དང་གཞན་ཕན་གྱི་ལྷག་བསམ་ལ་བག་ཆགས་ཨེན་ཙམ་དང་ཤན་ཤུགས་ཨེན་ཙམ་བྱུང་ན་བསམ་པ་ཡིན་ནོ།།

བཞི།

མཚོ་སྔོན་པོ་ལ་ཁྲི་ཤོར་རྒྱལ་མོ་ཞེས་པའི་མིང་སྙན་མོ་ཞིག་ཡོད་ཅིང་། མིང་སྙན་མོ་དེ་ཐོགས་དོན་ལའང་ངག་རྒྱུན་ཐུང་ཐུང་ཞིག་ཡོད། ངག་རྒྱུན་དེ་ལའང་བཤད་སྟངས་མི་འདྲ་མང་བོ་ཡོད་མོད། མཚོ་སྔོན་པོ་ཞེས་ཐོགས་དོན་ནི་མཚོ་འདི་ཆགས་སའི་ཁོར་ཡུག་ལས་ཕལ་ཆེར་སྤང་རི་སྤང་ལྗོངས་ཀྱིས་བསྐོར་བས་ཆར་ཆུ་སོགས་ཅི་ལྟར་རྒོད་ཀྱང་རྙོག་པའི་དྲི་མས་མི་ཟིན་པར་ཟབ་ལ་དྭངས་པ་རྣམ་པ་ཐམས་ཅད་དུ་སྔོ་ཡུག་སེར་ཡོད་པའི་ཆ་ནས་མཚོ་སྔོན་པོ་ཞེས་བཏགས་པ་དང་། ཁྲི་ཤོར་རྒྱལ་མོ་ཞེས་པའི་མིང་གི་ཐོགས་སྟངས་ལ། དང་ཐོག་ཡུལ་འདི་མཐའ་ཡས་པའི་སྤང་ལྗོངས་ཡིན་ཞིང་ད་ལྟའི་མཚོ་སྙིང་གི་ཁ་འོག་ཏུ་ཡུལ་དེའི་ཚོ་བ་ཞིག་གི་འཐུང་ཆུ་ལེན་སའི་དོང་ཆུའམ་ཆུ་མིག་གཅིག་ཡོད། དེར་སུས་ཆུ་བླངས་རྗེས་ངེས་པར་དུ་དོང་ཁ་རྡོ་ལེབ་ཅིག་གིས་འགེབ་དགོས་ཤིང་མ་བཀབ་ན་ཆུ་འཕྱུར་ནས་ཡུལ་ཁམས་འཇིག་འགྲོ་བའི་ཉེན་ཁ་ཡོད་པར་བཤད། ཉིན་གཅིག་ཆུ་ལེན་གཅིག་གིས་ཆུ་བཅུས་རྗེས་དོང་ཁ་འགེབ་རྒྱུ་བརྗེད་སྟབས་ཆུ་དེ་དྲག་ཏུ་འཕྱུར་ནས་ཐང་ཆེན་པོ་དེར་གཞིས་ཆགས་པའི་འབྲོག་ཁྱིམ་ཤིན་ཏུ་མང་པོའི་རྒྱུ་ནོར་དང་ཚེ་སྲོག་ཤོར་བས་ཁྲི་ཤོར་རྒྱལ་མོ་ཞེས་ཐོགས་པར་གྲགས། དེ་ལྟར་མཚོ་ཁྲི་ཤོར་རྒྱལ་མོ་ཐོགས་དོན་ལ་ངག་རྒྱུན་མི་འདྲ་མང་བོ་བྱུང་མྱོང་ཚོད་འདུག་པ་དང་། ངག་རྒྱུན་མི་འདྲ་བ་ལ་བརྟེན་ནས་མིང་གི་འབོད་ཚུལ་ཀྱང་མི་འདྲ་བ་བྱུང་ཡོད་ཚོད་འདུག ལ་ལས་བཤད་ན། གནའ་སྔ་མོ་མཚོ་དེ་མ་བྱུང་བའི་སྔོན་ལ། གནས་དེ་ན་མི་སྡེ་ཕྱོགས་ཁ་ཆིག་ཁྲི་ཙམ་ཡོད་པ་ལ། རྗེས་སུ་མཚོ་དེ་བྱུང་ནས་བསྣུབས་ཟིན་པས་མཚོ་དེའི་མིང་ལ་ཁྲི་ཕྱོགས་རྒྱལ་མོ་ཞེས་བཏགས་པ་དང་། ལ་ལས་མཚོ་དེའི་ནང་དུ་དུད་ཁྱིམ་ཆིག་ཁྲི་ལྷག་གི་ཚེ་སྲོག་ཤོར་བྱས་ཁྲི་ཤོར་རྒྱལ་མོ་དང་། ཡང་ལ་ལས་ནང་དོན་དེ་དང་ཅུང་ཙམ་མཐུན་པའི་སྒོ་ནས་མཚོ་དེའི་ཤུལ་དུ་མི་ཁྱིམ་ཆིག་ཁྲི་ཙམ་ཤོང་བ་ཡིན་པས་ཁྲི་ཤོང་རྒྱལ་མོ་ཟེར་སྐད། གཞན་དུ་ཁྲི་གཤོག་རྒྱལ་མོ་ཞེས་པའི་འབོད་སྟངས་ཀྱང་ཡོད་པ་རེད། འབོད་སྟངས་གང་དང་ག་འདྲ་ཡོད་ཀྱང་ངེད་ཕ་བུ་གཉིས་ནི་འབོད་སྟངས་དེ་དག་སྙེག་ནས་ཡོང་བ་མ་ཡིན་པས། ཡིད་དུ་འོང་བའམ་ཞེ་སྡུག་པའི་ངག་རྒྱུན་དེ་དག་ལོགས་སུ་བསྐྱུར་ནས་མཛེས་ལྗོངས་ཉམས་སུ་མྱོང་བར་འདོད་དོ།།

དོན་ལ་ངག་རྒྱུན་དེ་དག་ལ་ཁུངས་ལུངས་ཡོད་མེད་ཅི་ཆ། གལ་ཆེ་བོ་ནི་ངེད་གཉིས་མཚོ་སྔོན་པོའི་གཅིག་ལྔ་གཅིག་ཞབས་ཞུ་ལྟེ་གནས་སུ་སླེབས་དུས། ས་རུབ་ནས་ཉི་མ་སྔར་ནས་ནུབ་ཟིན་པས་མཚོ་སྔོན་པོའི་མཚན་ལྗོངས་ཙམ་ལས་མིག་གི་སྤྱོད་ཡུལ་དུ་འགྱུར་མ་ཐུབ། ཡིན་ནའང་། བུ་ཆུང་གངས་དགའ་རིག་གྲོལ་དང་ཨ་ཞང་གི་བུ་ཆུང་གཉིས་སྒོ་རྩིས་ཁང་དུ་ཉོ་ཚོང་རྒྱག་ཏུ་སོང་ནས་ཕྱིར་ཡོང་བ་ན། ཁོ་དགའ་ཞིང་དགོད་ཞོར། ཨ་ཕ། ངས་མཚོ་སྔོན་པོ་ལ་སྐོར་བ་ལན་གསུམ་བརྒྱབ་ཟིན་ཟེར། མ་གཞི། ཡིན་པ་ནི་ཁོས་འགྱིག་གིས་བཟོས་པའི་མཚོ་སྔོན་པོའི་མ་དཔེ་ཞིག་མཐོང་ཞིང་། དེ་ནས་མཚོ་སྔོན་པོའི་ཆགས་དབྱིབས་དང་ཆེ་ཆུང་། ཁྱད་ཆོས་ལ་སོགས་ངོ་སྤྲོད་ཆ་ཚང་ཞིག་ཀློག་ཐུབ་པ་ཡིན་འདུག

ཕྱི་ཉིན། ཨ་ཞང་གི་བུ་ཆུང་གིས་ངེད་ཅག་ལ་ལམ་པ་བྱས་ནས་ལྟ་སྐོར་དངོས་སུ་མགོ་བརྩམས་པ་ཡིན་ཏེ། ང་ནི་ཐེངས་མང་བོ་ཞིག་ལ་སྒེར་དོན་དང་གཞུང་དོན་གང་རུང་གིས་མཚོ་སྔོན་པོར་ལྟ་སྐོར་དུ་ཐེངས་མང་ཡོང་མྱོང་བ་དང་། དེའི་སྟེང་ལ་མདང་དགོང་ཨ་ཞང་དང་མཉམ་དུ་ཨ་རག་བཞེས་ནས་དུས་ཚོད་འཕྱི་པོ་བྱུང་སོང་བས། ཞོགས་པ་ནས་ལུས་ཁམས་དེ་འདྲ་བདེ་མོ་མིན་ཁར་མཚོ་གྲུ་ལའང་གནོད་ནས་ལྟ་སྐོར་ཆ་ཚང་ཞིག་བྱེད་མ་ཐུབ་མོད། དགོང་མོ། བུ་ཆུང་གངས་དགའ་རིག་གྲོལ་ཕྱིར་མགྲོན་ཁང་དུ་སླེབས་དུས་སུ། ཁོ་ནི་དགའ་བ་ཁོག་ཏུ་མ་ཆུད་པར་མཐོང་ཐོས་ཁ་ནས་འཕྱུར་བ་དེ་ཁོ་ནས་ང་ལ་དགའ་བ་ཅིས་མི་སྐྱེས།

བུ་ཆུང་གངས་དགའ་རིག་གྲོལ་གྱིས་བཤད་ན། ན་ནིང་དབུས་མཇལ་དུ་སོང་བ་དེ་ནི་མེ་འཁོར་སྡོད་ཐེངས་དང་བོ་ཡིན་པ་དང་། ད་ལོ་མཚོ་སྐོར་ལ་ཡོང་བ་འདི་ནི་མཚོ་གྲུ་ལ་འདུག་ཐེངས་དང་བོ་ཡིན་ཟེར། ངས་ཀྱང་ཁོའི་བསམ་དོན་མི་ཤེས་རྒྱུ་མེད་པས་སང་ལོ་རྒྱལ་ནང་ལ་ལྟ་སྐོར་དུ་འགྲོ་དུས་སུ་ཅིས་ཀྱང་གནམ་གྲུ་ལ་བསྡད་ཆོག་ཅེས་ཁས་ལེན་དམ་བཅའ་བྱས་པ་ཡིན་ལ།

དྲང་མོར་བཤད་ན། ང་ནི་བུ་ཆུང་གངས་དགའ་རིག་གྲོལ་གྱི་བྱ་དངོས་གང་ལའང་མཚར་སྣང་ཆེ་བའི་གཤིས་ཀ་དེ་ལ་དགའ་མོད། དོགས་གཞི་གང་ལའང་གཏིང་དཔོག་འདོད་པའི་དྲི་བ་དེ་དག་གིས་དཀའ་ལས་གཏོད་པར་བྱེད་པས། སྐབས་ལན་རེར། མི་ཤེས་མ་རིག་མ་གོ་གསུམ་གྱིས་ལན་གདོན་དགོས་དུས་ཀྱང་མང་བོ་འདུག་མོད། ཐེངས་འདིར་མཚོ་སྔོན་པོའི་སྐོར་གྱི་དྲི་བ་གང་ཡང་དྲིས་མ་སོང་བ་ནི། ཁོས་མཚོ་སྔོན་པོའི་སྐོར་གྱི་དྲི་བ་མང་བོ་ཞིག་ཨ་ཞང་གི་བུ་ཆུང་ལ་དྲིས་པ་ཡིན་སྲིད་ལ། དོགས་གཞི་མང་བོ་ཞིག་དངོས་མཐོང་ལག་ཟིན་ཏུ་གྱུར་པས་ཡིན་ཡང་སྲིད། དེ་བས། ངས་ནི་མ་དྲིས་བཤད་ཀྱི་ལམ་ནས་ཚྭ་མཚོ་ཆེན་པོ་འདི་ཉིད་འབྲོག་སྡེ་ཆེ་ཆུང་མང་བོས་ཡོངས་སུ་བསྐོར་ཞིང་བསྐོར་བའི་ཤར་ཕྱོགས་ན་གླང་ཆེན་འཕྲེད་ཉལ་ལྟ་བུའི་ཨ་མ་ཟོར་དགུ་དང་། ལྷོ་ཕྱོགས་ན་གངས་སེང་གནམ་ལ་མཆོངས་འདྲའི་བློན་པོ་གསེར་ཆེན། ནུབ་ཕྱོགས་ན་ཤེལ་དཀར་ལྷུན་པོ་བརྩིགས་འདྲའི་བྲག་དཀར་ཐེམ་ཆེན། བྱང་ཕྱོགས་ན་རིན་ཆེན་ནོར་བུ་སྤུངས་འདྲའི་རྐང་ཚེའི་རྫ་དམར་ལྟ་བུའི་རི་མཐོན་པོ་གནམ་འདེགས་ཀ་བ་ལྟ་བུས་བསྐོར་ཡོད་པ་ནི་མིག་གི་ལོངས་སྤྱོད་དུ་མ་གྱུར་མོད་སེམས་ཀྱི་ལོངས་སྤྱོད་དུ་ངོ་སྤྲོད་མདོར་ཙམ་བྱས་པ་དང་། ད་དུང་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་སྟོད་སྨད་བར་གསུམ་དུ་མཚོ་སྙིང་མ་ཧཱ་དེ་ཝ་ཐེ་བའི་མཚེར་བ་རི་དང་གློ་བ་རི་ལྟ་བུའི་རི་ཆེན་རི་ཆུང་གི་ཕྲེང་སྒྲིག་པ་ཡོད་ལ། དབུས་ཀྱི་ཚ་མཚོ་དཀར་མོ་ཐེ་བའི་མཚོ་ཆུང་རྣ་ལུང་དང་མཚོ་ཆུང་ནོར་བུ་ལ་སོགས་གཡུ་ཡི་མེ་ལོང་འཁྱིལ་འདྲའི་མཚོ་དང་མཚེའུ་མུ་ཏིག་ཐང་ལ་འཐོར་འདྲ་ཡོད་ཚུལ་སྒྲོ་འདོགས་མིན་པའི་སྒོ་ནས་བཤད་པ་ཡིན། ཞ་དང་ཞོར་དུ་ཁྲི་ཤོར་རྒྱལ་མོ་དང་ཡུམ་ཆུང་ལྷ་མོ་གཉིས་ཀྱི་གཏམ་རྒྱུད་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིད་ལ་ཝ་ལེར་ཤར་ཞིང་ངག་ལ་ག་ལེར་འདྲེན་རྒྱུ་དྲན་ཡོང་།

ལྔ།

བོད་ཀྱི་ཁ་དཔེར། སྐྱིད་པོ་ལམ་ཡིན་རུང་དྲོན་པོ་ཡུལ་ཡིན་ཞེས་པ་ནི་ཅི་མ་བདེན། ང་ནི་མ་གཞི་ནས་རྒྱང་བཞུད་དང་ཡུལ་སྐོར་ལྟ་བུའི་དུས་ཡུན་རིང་བོའི་འགྲིམ་བཞུད་ལ་དེ་འདྲ་དགའ་བོ་མེད་ཁར། ཉེ་ལམ་འབྱུང་གཞི་དེ་འདྲ་བདེ་ཐང་མིན་པའི་དབང་གིས་ཐེངས་འདིའི་འགྲུལ་བཞུད་ཁྲོད་རླངས་འཁོར་ལ་གནོད་ཐེངས་མང་དུ་གྱུར་པས་ན། ཡུན་ཐུང་གི་འགྲིལ་བཞུད་འདི་དེ་ལྟར་མཇུག་བསྡུས་ཤིང་། ཕྱིར་ཕ་ཡུལ་དུ་ལོག་པ་ལམ་ལ་ཞུགས།

ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་ལ་ཞུགས་ན། མཚོ་སྔོན་པོ་ནས་བློན་པོ་གསེར་ཆེན་རི་བརྒྱུད་ཅིང་། ཆབ་འགག་རིང་མོ་ནས་གཡང་འཁྱིལ་འགག་བརྒལ་ཏེ། ཕ་ཡུལ་བདའ་ཚང་གི་རྩྭ་ཐང་ཡངས་པོ་འཕྲེད་དུ་གཅད་དགོས་པ་ཡིན་པས། ཉིན་གཅིག་གི་དུས་ཡུན་ལ་ལམ་རིང་མོ་འདི་འདྲ་ཞིག་བརྒྱུད་ཐུབ་པ་ནི་དེང་རབས་ཚན་རིག་གི་འགྲིམ་འགྲུལ་ཡོ་བྱད་དག་ལ་ཡི་རང་མི་བྱ་ག་མེད་དོ།།

བུ་ཆུང་གངས་དགའ་རིག་གྲོལ་ནི་ཆུང་དུས་ནས་ཞིང་གྲོང་ནས་ནར་སོན་པ་ཡིན་པས། ཕྱིར་ཡུལ་ལ་ལོག་པའི་ལམ་གྱི་མཐོང་ཐོས་མང་བོ་ཞིག་གིས་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག་སྟེ། རྩྭ་ཐང་གི་དགའ་ཞེན་དང་མཚར་སྣང་ཆེ་ཆེར་རྒྱས་ནས་ལམ་རིང་མོར་དྲི་བ་འདྲ་མིན་སྣ་ཚོགས་གདོན་པར་བྱེད་ལ། དྲི་བ་ལ་ལ་ཞིག་ནི་ངའི་མཐོང་ཐོས་མྱོང་གསུམ་ལས་བརྒལ་ཏེ་ཅི་བྱ་གཏོལ་མེད་དུ་གཏོང་། ལས་ཡག་པ་ཞིག་ལ། ཁོ་རང་ནར་སོན་གྱི་ལོ་ཟླ་དང་དུས་སྐབས་ནི་འབྲོག་ས་འབྲོག་ཡུལ་གྱི་དམངས་སྲོལ་རིག་གནས་མང་བོ་ཞིག་ད་དུང་གྲ་མ་ཆག་གྲུ་མ་ཉམས་པར་ལྷམ་མེར་ལྷང་ངེར་སྟོན་རྒྱུ་ཡོད་ཀྱང་། ངེད་ཕ་བུ་གཉིས་ཀྱིས་ཁོམ་ལོང་གི་བར་གསེང་དང་བག་ཡོད་ཀྱི་དུས་ཚོད་མང་བོ་ཞིག་དེ་ལྟ་དེ་ལྟར་དཔེ་ཆ་དང་གློག་ཀླད་ལ་བསྟིམ་ནས་ཆུད་ཟོས་སུ་གྱུར་ལ། ཕ་ཡུལ་གྱི་ཕྱི་སྣོད་ཀྱི་ཁྱད་མཚར་དང་ནང་བཅུད་ཀྱི་རིག་གནས་མང་བོ་ཞིག་འདི་ལྟ་འདི་ལྟར་ཉམས་སུ་མྱོང་འཕྱི་བར་ཞེ་འགྱོད་ཆེན་པོ་བྱུང་སོང་། ཡང་ན་དེའི་རྐྱེན་གྱིས་ཡིན་ཀྱང་སྲིད་དེ། ང་ནི་ལམ་རིང་མོར་སེམས་སྨྲེང་བ་དང་ཡིད་སྐྱོ་བ། ཞེ་སྡུག་པའི་ཚོར་བ་ཡན་གར་བ་ཞིག་གིས་གཅུམ་ནས་ལྷོད་ལ་འབབ་ཐབས་མི་ཐུབ་པར་གྱུར་བས། བུ་ཆུང་གངས་དགའ་རིག་གྲོལ་གྱི་མཚར་སྣང་སེལ་བར་རོགས་རམ་འདེགས་ཅི་དང་གང་ཡང་མ་ནུས་པར་ཕ་ཡུལ་མང་རྫོང་དུ་འབྱོར་ཟིན།

ཕྱིར་མང་རྫོང་དུ་འབྱོར་དུས་ས་རུབ་འདུག་ནའང་། མང་ཆུ་གྲོང་རྡལ་གྱི་ཁང་བརྩེགས་མཐོ་དམན་དག་གི་ངོས་ཀྱི་གློག་སྒྲོན་སྣ་ཚོགས་དང་ཁྲ་ཆིལ་དགུ་ཆིལ་གྱི་ལམ་སྒྲོན་དག་རྔམ་མཐུག་པའི་སྨག་མུན་གྱི་ཀློང་ནས་འོད་སྟོང་གིས་འཕྲོས་པ་དེ་ནི་ངེད་གཉིས་ཕྱིར་ཕ་ཡུལ་གྱི་ཕང་བར་ལོག་པར་བསུ་མ་བྱེད་པ་དང་འདྲ་ལ། ངེད་གཉིས་ཀྱི་རབ་རིབ་མག་མོག་གི་མ་འོངས་པར་ལམ་སྟོན་ནམ་ཁ་ཕྱོགས་བསྟན་པ་ཡིན་ཀྱང་སྲིད་དེ། གང་ལྟར་ངས་སླར་ཡང་སྐྱིད་པོ་ལམ་ཡིན་རུང་དྲོན་པོ་ཡུལ་ཡིན་ཞེས་པའི་གཏམ་དཔེ་དེ་དྲན་སོང་། ངེད་ཅག་གི་མེས་པོ་དམ་པ་དག་ནི་དེ་ལྟར་མཁས་མཛངས་ལྡན་ཞིང་སྐད་ཆ་ཚིག་གཅིག་ཀྱང་དེ་འདྲ་གནས་ལུགས་ཀྱི་ཕྱུག་པ་ནི་ངོ་མཚར་མི་ཆེ་ག་ལ་སྲིད།

ཨོ་རེད་ཡ། ངས་སྙན་ངག་ཅིག་ཏུ། ཡུལ་ལ་ལོག་ཐེངས་རེ་རེར། ངས་ཡུལ་ལ་གྱེས་ཐེངས་རེ་རེ་དྲན་ཞེས་བྲིས་མྱོང་བ་དྲན་བྱུང་ལ། ཡུལ་ལ་ལོག་ཐེངས་རེ་རེར། ངས་ཡུལ་ལ་ལོག་ཐེངས་རེ་རེ་དྲན་ཞེས་བྲིས་མྱོང་བའང་དྲན་བྱུང་།


རྩོམ་ཡིག་སྔོན་མ།
བརྗེད་དུ་ཕངས་པའི་ངང་ཚུལ།
རྩོམ་ཡིག་རྗེས་མ།
འགྲུལ་བཞུད་ཀྱི་ལོ་ཟླ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1