རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གཉིས་ལོའི་ལོ་གསར་གྱི་ཤིས་ཚིག་གནང།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05



ལོ་གསར་གྱི་སྔ་ནུབ་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད་ནས། 2022ལོའི་ལོ་གསར་གྱི་ཤིས་ཚིག་གནང་བ་རེད། ཤིས་ཚིག་གི་ནང་དོན་ཆ་ཚང་འདི་ལྟ་སྟེ།

ལྷན་རྒྱས་སྐུ་ཁམས་བཟང་། 2022ལོ་འཆར་ལ་ཉེ་བའི་མཚམས་འདིར། ངས་པེ་ཅིང་ནས་ཚང་མར་ལོ་གསར་པའི་བཀྲ་ཤིས་སྨོན་འདུན་ཞུ།
ལོ་འདིར་ཕྱིར་དྲན་བྱས་ནས་སྤྱིར་བཏང་མིན་པའི་དོན་སྙིང་ལྡན་ཡོད། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་ང་ཚོ་ངོ་མས་བརྒྱུད་ཡོད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་བཙུགས་ནས། མགོ་བོ་མཐོན་པོར་བཏེགས་ཏེ་གོམ་སྟབས་ཆེན་པོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགྲོ་ལམ་ཐོག་སྐྱོད་བཞིན་ཡོད།
ལོ་འགོ་ནས་ལོ་མཇུག་བར། ཞིང་ནང་དང་།ཁེ་ལས། སྡེ་ཁུལ། སློབ་གྲྭ། སྨན་ཁང་། དམག་སྒར། ཚན་ཞིབ་ལས་ཁུངས་སོགས་སུ་བྲེལ་འཚུབ་ཀྱིས་ཁེངས་ཤིང་། ཚང་མས་དཀའ་ལས་བརྒྱབ་ནས་ལེགས་སྐྱེས་ཕུལ་ཡོད་ལ་གྲུབ་འབྲས་ཀྱང་ཐོབ་ཡོད། འདས་པའི་ལོ་ཟླའི་ནང་། ང་ཚོས་མཐོང་བ་དང་ཚོར་བའི་ཀྲུང་གོ་ནི་དཀའ་སྤྱད་ཞུམ་མེད་དང་། དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་ཀྲུང་གོ་ཡིན། འདིར་གཅེས་པར་འོས་ཤིང་གུས་པར་འོས་པའི་མི་དམངས་ཡོད་པ་དང་། ཉིན་བཞིན་འགྱུར་ལྡོག་འགྲོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཡོད་ལ། གཅིག་རྒྱུན་གཅིག་གིས་འཛིན་པའི་བྱ་བཞག་ཀྱང་ཡོད།
ཟླ་བ་བདུན་པའི་ཚེས་གཅིག་ཉིན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་དུ་ལངས་སྐབས་མྱོང་ཚོར་སྣ་ཚོགས་བྱུང་། དེ་ཡང་། ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུར་ཡོ་ལང་འགྱུར་ལྡོག་ཆེ་ཞིང་། ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་ནས། དཀའ་ཚེགས་ཁྲི་སྟོང་བརྒྱུད་ཀྱང་དཔའ་མི་ཞུམ་པ་དང་། ཉེན་ཁ་སྣ་ཚོགས་འཕྲད་རུང་དམ་བཅའ་ལ་འགྱུར་བ་མ་བཏང་བར། ལོ་བརྒྱའི་ཏང་གི་བརྗིད་ཆེའི་ཉམས་བཟང་བཏོད་ཡོད། ཐོག་མའི་སེམས་འདུན་མ་བརྗེད་ན། མཐའ་མའི་རྒྱལ་ཁ་ཐོབ་པར་ངེས་ཞེས་པ་ལྟར། ང་ཚོས་འབད་འབུངས་ཆེར་སྐྱེད་དང་བརྩོན་འགྲུས་ལྷོད་མེད་བྱས་ཚེ། གཞི་ནས་ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ་བཅས་བྱེད་ཐུབ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག །ཏང་གི་ལོ་རྒྱུས་གྲོས་ཆོད་གསུམ་པར་གྲོས་འཆམ་བྱུང་ཞིང་། ལོ་བརྒྱའི་གྲུབ་འབྲས་ལས་མི་སེམས་འགུལ་བ་དང་ལོ་བརྒྱའི་ཉམས་མྱོང་ལས་མི་རྣམས་ཀྱི་བློ་སྒོ་འབྱེད་ཐུབ་པ་ཞིག་ཡོད། ངས་དེ་སྔ་མའོ་ཀྲུའུ་ཞི་དང་སྐུ་ཞབས་ཧོང་ཡན་ཕའེ་ཡི“ས་ཕུག་ནང་གླེང་མོལ་བྱེད་པའི”སྐོར་བརྗོད་མྱངས་ཡོད། ང་ཚོས་རང་ཉིད་ལ་གསར་བརྗེ་བྱེད་ཕོད་ཚེ་གཞི་ནས་ལོ་རྒྱུས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱེད་ཐུབ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ནི་ལས་སླ་པོར་འབྱུང་བ་དང་།རྔ་རྡུང་དར་འཕྱར་བྱས་པ་ཙམ་གྱིས་མངོན་གྱུར་ཐུབ་པ་ཞིག་མིན་ལ། འགོག་རྐྱེན་མེད་ཅིང་དུས་ཐུང་ནང་མངོན་གྱུར་ཐུབ་པ་ཞིག་དེ་བས་མིན། ང་ཚོས་བསམ་བློ་རྒྱང་རིང་ཙམ་གཏང་བ་དང་། བདེ་སྡོད་ཉེན་བསམ། འཐབ་ཇུས་ཀྱི་གཏིང་ཤུགས་དང་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱེད་དགོས། དེ་ནི་རྒྱ་ཆེན་པོར་བསམ་ཞིང་ཞིབ་ཚགས་པོས་སྒྲུབ་ཅེས་པ་ལྟར་རེད།
རྒྱལ་ཁབ་ཆེན་པོར་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཡོད། བྱ་བ་ཆེ་ཆུང་སྣ་ཚོགས་མཐར་གཏུགས་ནས་བཤད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དོན་དག་རེད། ས་ཁུལ་ཁག་གཅིག་ལ་བརྟག་ཞིབ་བྱས་རིང་། ངས་གནས་ཚུལ་མི་ཉུང་བ་ཞིག་གོ་ཐོས་བྱུང་བ་ལས་ངའི་བློ་སྒོ་འབྱེད་ལ་ཕན་འབྲས་ཆེན་པོའང་ཐོབ་བྱུང་།མང་ཚོགས་ཀྱི་ཁྱིམ་དུ་སླེབས་དུས་ཁོང་ཚོར་ད་དུང་དཀའ་ངལ་གང་འདུག་ཅེས་ཡང་ཡང་འདྲི་བཞིན་ཡོད། ཁོང་ཚོས་བཤད་པའི་སྐད་ཆ་ཚང་མ་ངས་སེམས་ལ་ཉར་ཡོད།
གང་ཞིག་དམངས་ཀྱིས་སེམས་ཁྲལ་བྱེད་ས་དེ། ང་ཡིས་ཅིས་ཀྱང་ཡིད་ལ་གཟུང་བྱ་ཡིན། གང་ཞིག་དམངས་ཀྱིས་རེ་སྒུག་བྱེད་ས་དེ། ང་ཡིས་ཅིས་ཀྱང་ལེགས་པར་བསྒྲུབ་བྱ་ཡིན། ང་རང་ཡང་གྲོང་གསེབ་ནས་ཡོང་བ་ཡིན་པས་དབུལ་ཕོངས་ལ་མྱོང་བ་ཟབ་མོ་ཡོད། མི་རབས་ནས་མི་རབས་བར་རྒྱུན་མཐུད་འབད་བརྩོན་བྱས་པར་བརྒྱུད། དེ་སྔའི་དབུལ་པོ་རྣམས་ད་ལྟ་ལྟོ་གྲོད་པ་རྒྱགས་པ་བཟའ་རྒྱུ་ཡོད་པ་དང་གོས་ལུས་པོ་དྲོན་པ་གྱོན་རྒྱུ་ཡོད་པར་མ་ཟད། སློབ་གྲྭར་འགྲོ་རྒྱུ་དང་། སྡོད་སའི་ཁང་པ། སྨན་བཅོས་འགན་བཅོལ་བཅས་ཀྱང་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དབུལ་སྒྲོལ་ཡོང་བ་བྱེད་པ་ནི་ང་ཚོའི་ཏང་གིས་མི་དམངས་ལ་ཁས་བླངས་པ་རྩིས་འབུལ་ཞུས་པ་ཞིག་ཡིན་ལ། འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན། ཚང་མར་འཚོ་བ་དེ་བས་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བ་བྱེད་པར། མིག་མདུན་གྱི་གྲུབ་འབྲས་ལ་ཡིད་ཚིམ་ནས་སྡོད་རྒྱུ་མེད། གང་ལགས་ཤེ་ན། ད་དུང་ལམ་ཐག་རིང་པོ་འགྲིམ་དགོས།
རྨ་ཆུ་དལ་གྱིས་བཞུར་བར་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་གི་ལོ་ངོ་སྟོང་གི་རེ་སྒུག་རེད། ཉེ་བའི་ལོ་ཤས་ནང་ང་རང་རྨ་ཆུའི་སྟོད་རྒྱུད་དང་། དབུས་རྒྱུད། སྨད་རྒྱུད་བཅས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ལ་ཕྱིན་པ་ཡིན། མ་ཡུམ་ཆུ་བོ་རྨ་ཆུ་དང་འབྲི་ཆུ་ཡིན་ནའང་འདྲ། ཡང་ན། དྭངས་ཤིང་གཙང་བའི་མཚོ་སྔོན་པོ་དང་རྦ་རླབས་ལང་ལོང་དུ་འཕྱུར་བའི་ཡར་ཀླུང་གཙང་པོ་ཡིན་ནའང་འདྲ། ལྷོ་ཆུ་བྱང་འདྲེན་གྱི་དུས་རབས་ཀྱི་འདུ་འགོད་ཡིན་ནའང་འདྲ། ཡང་ན། སའེ་ཧན་པ་ནགས་རིའི་ལྗང་མདོག་གི་ས་ཁྲ་ཡིན་ནའང་འདྲ། ཡུན་ནན་གྱི་གླང་ཆེན་བྱང་བགྲོད་ལྷོ་ལོག་ཡིན་ནའང་འདྲ། ཡང་ན། རི་དྭགས་གཙོད་རྒྱུད་སྤེལ་གནས་སྤོ་བྱེད་པ་ཡིན་ནའང་འདྲ། དེ་དག་ཚང་མ་ལས་མི་ཡིས་སྐྱེ་ཁམས་ལ་གནོད་འཚེ་མ་བཏང་ན། སྐྱེ་ཁམས་ལས་མི་ལ་གནོད་འཚེ་ཕོག་མི་སྲིད་པའི་གནས་ལུགས་མངོན་བཞིན་ཡོད།
ལོ་འདིར། ད་དུང་བརྗེད་པར་དཀའ་བའི་ཀྲུང་གོའི་སྐད་སྒྲ་དང་། ཀྲུང་གོའི་སྐད་ཅིག་མ། ཀྲུང་གོའི་གཏམ་རྒྱུད་བཅས་མང་པོ་བྱུང་ཡོད། “ཏང་ཐུགས་བློ་བདེ་བར་བཞུགས། རྒྱལ་ཁབ་སྟོབས་འབྱོར་ལྡན་པར་བྱེད་མཁན་ང་ཡོད”ཅེས་པའི་ལང་ཚོའི་དམ་བཅའ་དང་། “ལྷད་མེད་ཀྱི་བརྩེ་བ། ཀྲུང་གོ་ཁོ་ནའི་ཆེད་དུ་ཡིན”ཞེས་པའི་བརྩེ་བ་ཟབ་པའི་གསལ་བསྒྲགས། “ཀྲུའུ་རུང”རྟགས་ཅན་ལ་བརྟེན་ནས་རྒྱུ་སྐར་མིག་དམར་འཚོལ་ཞིབ་དང་། “ཞི་ཧོ”རྟགས་ཅན་ལ་བརྟེན་ནས་ཉི་མའི་ཁྱིམ་རྒྱུད་འཚོལ་ཞིབ། “མཁའ་མཐུན”རྟགས་ཅན་ལ་བརྟེན་ནས་རྒྱུ་སྐར་ལམ་འགྲིམས་པ། ལུས་རྩལ་པས་ངར་ཤུགས་བསྒྲིམས་ནས་ཨང་དང་པོ་བརྩོན་ལེན་བྱས་པ། རྒྱལ་ཡོངས་གོང་འོག་ཚང་མས་རིམས་ནད་སྔོན་འགོག་དང་ཚོད་འཛིན་མཐའ་གཅིག་ཏུ་བྱས་པ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་ཕན་ཚུན་རོགས་རེས་བྱས་ནས་ཁྱིམ་གཞིས་བསྐྱར་དུ་བསྐྲུན་པ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་ཆོད་སེམས་བཞག་པ་དང་ཁྱིམ་སྲུང་རྒྱལ་སྲུང་བྱས་པ་ལ་སོགས། སྤྱིར་བཏང་གི་དཔའ་བོ་གྲངས་ལས་འདས་པས་དཀའ་སྤྱད་འབད་འཐབ་བྱས་པས་དུས་རབས་གསར་པའི་ཀྲུང་གོས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་རླབས་རྒྱུན་ཞིག་གྲུབ་ཡོད།
མེས་རྒྱལ་གྱིས་སྔར་ནས་བཟུང་ཞང་ཀང་དང་ཨའོ་མོན་གྱི་དར་རྒྱས་བརྟན་བརླིང་ལ་སེམས་ཁུར་བྱེད་བཞིན་ཡོད། ཕྱར་བ་གྲུ་འདེགས་དང་མཉམ་དུ་འབད་བརྩོན་བྱས་ཚེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”གཞི་ནས་བརྟན་བགྲོད་རྒྱང་སྐྱོད་ཐུབ་རྒྱུ་རེད། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་མཚོ་འགག་ཕྱོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་སེམས་འདུན་རེད། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ལག་གདང་སྦྲེལ་ཏེ་མདུན་སྐྱོད་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་སྙིང་དབུས་ནས་བྱེད་བཞིན་ཡོད།
ངས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་པ་དང་ཁ་པར་དང་བརྙན་ལམ་ནས་འབྲེལ་གཏུག་བྱེད་སྐབས། ཁོང་རྣམ་པས་ཀྲུང་གོས་རིམས་འགོག་དང་། གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཆེད་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་ཡང་ཡང་གནང་བཞིན་འདུག །མིག་སྔའི་བར། ཀྲུང་གོས་བསྡོམས་པས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་120ལྷག་ཙམ་ལ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་དུང་ཕྱུར་20མཁོ་འདོན་བྱས་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་བྱས་ཚེ་གཞི་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལེའུ་གསར་པ་རྩོམ་ཐུབ།
ཟླ་བ་གཅིག་གི་རྗེས་སུ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་རྒྱུ་རེད། མི་དེ་བས་མང་བ་གངས་འཁྱག་ལུས་རྩལ་ནང་ཞུགས་ཐུབ་པ་བྱ་རྒྱུ་དེ་ཡང་ཨོ་ལིམ་ཕིག་ལུས་རྩལ་གྱི་བརྗོད་དོན་གཙོ་བོ་ཞིག་རེད། ང་ཚོས་བློ་གཅིག་སེམས་གཅིག་གིས་འཛམ་གླིང་ལ་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་སྤྱན་འབུལ་ཞུ་ཐུབ་པ་བྱ་རྒྱུ་ཡིན། འཛམ་བུ་གླིང་གིས་ཀྲུང་གོར་རེ་སྒུག་བྱེད་བཞིན་ཡོད་ལ་ཀྲུང་གོས་ཀྱང་གྲ་སྒྲིག་ལེགས་པོ་བྱས་ཟིན། ལོ་གསར་པའི་ཅོང་སྒྲ་གྲགས་ལ་ཉེ། ང་ཚོའི་མཁའ་སྐྱོད་པ་གསུམ་མཐའ་ཡས་བར་སྣང་ཁམས་སུ་ལས་འགན་སྒྲུབ་བཞིན་ཡོད་པ་དང་། ཕྱི་རྒྱལ་དུ་ཡོད་པའི་སྤུན་ཟླ་རྣམས་ཀྱིས་སྔར་བཞིན་དཀའ་སྤྱད་འབད་བརྩོན་བྱེད་བཞིན་ཡོད་པ། གཞུང་ཚབ་ཆེན་མོ་ཁང་དང་། ཁེ་སྐྱོང་ལས་ཤག་ཁང་།ཀྲུང་གོའི་མ་འཇོག་ཁེ་ལས་སོགས་ཀྱི་ཕྱི་རྒྱལ་དུ་མངགས་སྡོད་བྱེད་བཞིན་པའི་མི་སྣ་དང་རྒྱ་ཆེའི་ཕྱི་སྦྱོང་སློབ་མ་སོགས་ཀྱིས་སྔར་བཞིན་འབད་འབུངས་བརྟན་སྲུང་བྱེད་བཞིན་ཡོད་པ། ཕུགས་འདུན་རེ་སྙེག་བྱེད་མཁན་གྲངས་ལས་འདས་པས་ད་དུང་འབད་འཐབ་ཀྱིས་ལེགས་སྐྱེས་འབུལ་བཞིན་ཡོད། ཚང་མ་སྐུ་ངལ་ཆེ་སོང་། ངས་ཚང་མར་ལྷག་བསམ་ཟོལ་མེད་ངང་ལོ་གསར་པའི་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོ་མཉམ་དུ་འབྱུང་འགྱུར་ཕྱོགས་སུ་འགྲོ། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་བར་སྨོན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1