དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་བློ་བཟང་འཕྲིན་ལས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05


ངོ་སྤྲོད་མདོར་བསྡུས།

བློ་བཟང་འཕྲིན་ལས་སམ་ལིའུ་ཧུང་ལགས་ནི་1972ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་སྐྱེས་ཤིང་། 1989ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་ཏེ་ལས་གནས་སུ་ཞུགས་ཏེ། སྔ་རྗེས་སུ་དཀར་མཛེས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་གཞོན་པ། ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གི་འགན་བཞེས་གནང་བ་དང་། ད་ལྟ་དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་བཞེས་ཡོད།
དེ་ཡང་2021ལོའི་ཟླ་3པའི་ཚེས་21ཉིན། ཁོང་ཉིད་ཀོང་ཏུང་ཏུང་བཀན་གྱི་བྱེད་སྒོ་ཞིག་ཏུ་བསྟན་འཛིན་ལ་རོགས་བྱེད་དུ་ཕེབས་སྐབས། བྱེད་སྒོའི་ཡུལ་དངོས་ཀྱི་མི་མང་པོས་འཚང་ཁ་ཤིག་ཤིག་གིས་ཁོང་དང་འདྲ་པར་མཉམ་སྒྲོན་དང་དགའ་འབོད་བྱས་ཏེ། བརྙན་ཐུང་དྲ་ཐོག་ཏུ་བརྒྱུད་སྤེལ་བྱས་མཐར་བསྟུད་མར་གྲགས་འགུལ་ཆེན་པོ་བྱུང་། གོ་སྐབས་དེ་དང་བསྟུན་ནས་ཁོང་གིས་དྲ་ལམ་ནས་ཕ་ཡུལ་གྱི་ཡུལ་སྐོར་ལས་རིགས་ཐད་ཁྱབ་བསྒྲགས་ཅི་ནུས་གནང་ཞིང་ད་ལྟའི་བར་དུ་རྒྱུན་བསྲིངས་དང་བསྲིང་བཞིན་མཆིས།


བཅར་འདྲིའི་ལེའུ།

གསར་འགོད་པ། རྒན་ལགས། ཁམས་བཟང་།
ཐོག་མར་ཁྱེད་ཀྱིས་བཅའ་འདྲི་དང་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ། ཁྱེད་རང་ཆེས་ཐོག་མར་དྲ་སྒང་དུ་སྐད་གྲགས་འགྲོ་སྐབས་ཀྱི་བསམ་ཚོར་ཅི་འདྲ་རེད་ལགས།
ཅུས་ཀྲང་བློ་བཟང་འཕྲིན་ལས། དང་ཐོག་ངེད་དཀར་མཛེས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་ཀོང་ཏུང་ཏུང་བཀན་དུ་བྱེད་སྒོ་ཞིག་སྤེལ་དུ་ཕྱིན་པ་དང་། བྱེད་སྒོ་དེར་ལི་ཐང་བསྟན་འཛིན་ཞུགས་ཡོད། དགོང་མོར་བྱེད་སྒོ་མཇུག་བསྒྲིལ་རྗེས་བསྟན་འཛིན་གྱི་ཞེན་མི་མང་པོས་འཚང་ཁ་བརྒྱབ་པ་དང་། ངས་ཁོ་ལ་རོགས་བྱས་པ་ཡིན་མོད། མ་བསམ་ས་ནས་མི་མང་པོ་ཞིག་གིས་ང་དང་ལྷན་དུ་འདྲ་པར་མཉམ་ལེན་དང་མེ་ཏོག་སྤྲད་སོང་། ཉིན་གཉིས་པའི་ཞོགས་པར་ལས་གྲོགས་ཞིག་གིས་ང་ལ་ཁྱོད་དྲ་གྲགས་སུ་གྱུར་འདུག་ཟེར། རེད་དེ། ང་རང་ལ་མཚོན་ན་བསམ་བློའི་ཐད་ནས་ལྷོད་པོ་ཆགས་ཡོད། ཅི་རེད་ཟེར་ན། ང་རང་ལོ་ན་16སྟེང་ཕ་ཡུལ་དང་ཁ་བྲལ་ཏེ་སློབ་གཉེར་གྱི་ལམ་དུ་ཞུགས་པ་དང་། རྒྱལ་ཁབ་ཀྱིས་གསོ་སྐྱོང་བྱས་མཐར་བོད་རིགས་ལས་བྱེད་པ་ཞིག་ཏུ་གྱུར། ང་རང་ཕ་ཡུལ་ལ་བརྩེ་བ་ཟབ་མོ་ཡོད། ཕ་ཡུལ་དང་ཕ་ཡུལ་གྱི་མི་དམངས་ལ་སྲི་ཞུ་ངསྒྲུབ་རྒྱུ་དེ་དུས་ནམ་ཡང་འགྱུར་མ་མྱོང་ལ་བརྗེད་མ་མྱོང་།

གསར་འགོད་པ། ཁྱེད་རང་དྲ་གྲགས་སུ་གྱུར་རྗེས་ལས་དོན་དང་འཚོ་བར་འགྱུར་ལྡོག་ཅི་འདྲ་བྱུང་ཡོད་ལགས།

ཅུས་ཀྲང་བློ་བཟང་འཕྲིན་ལས། ངས་2021ལོའི་ཟླ་3པའི་ཟླ་མཇུག་ལ་བརྙན་ཐུང་གི་འཕྲིན་སྟེགས་ཐོ་འགོད་བྱས་རྗེས། ཉིན་རེར་དྲ་གྲོགས་ཁྲི་སྟོང་མང་པོའི་འཕྲིན་དང་སྐད་འཇོག་འབྱོར་བཞིན་འདུག །མི་འདི་འདྲ་མང་པོས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ལ་དོ་སྣང་བྱེད་བཞིན་པ་འདི་སྔོན་ཆད་བསམ་ཡུལ་ལས་འདས་པ་ཞིག་རེད། ང་རང་རིག་གནས་ཡུལ་སྐོར་གྱི་ལས་གནས་འདི་ནས་ད་བར་དུ་མི་ལོ་18ཟིན་པ་དང་། བརྒྱུད་རིམ་འདིའི་ཁྲོད་རང་ཉིད་ཀྱིས་ཞིང་ཆེན་གཞན་དང་དེ་མིན་རྒྱལ་ཁབ་གཞན་དུ་འགྲིམ་ནས་དཀར་མཛེས་ཀྱི་ཡུལ་སྐོར་ལས་རིགས་བརྒྱུད་བསྒྲགས་བྱེད་པའི་རྒྱུན་ཆད་མ་མྱོང་། ད་ཐེངས་ཀྱི་གོ་སྐབས་འདི་ལས་རང་གི་ལས་ཀའི་ཐད་དུ་གཅིག་ནས་ཕན་ཐོགས་ཆེན་པོ་རེད། ཕྱོགས་གཞན་ཞིག་ནས་ལས་ཀ་ཇེ་མང་དུ་གྱུར་ཏེ་གཟའ་མཇུག་ངལ་གསོའི་དུས་ཚོད་ཀྱང་ཕལ་ཆེར་མེད་པར་གྱུར་འདུག །དཔེར་ན་ཆེས་བྲེལ་འཚུབ་ཆེ་སྐབས། ཟླ་གཅིག་གི་ནང་འཕྲིན་སྦྱོར་80ལྷག་གི་བཅར་འདྲི་དང་ལེན་བྱས་ཡོད། དཀའ་ཚེགས་ཅུང་ཆེ་མོད། རེད་དེ་ཡུལ་སྐོར་ལས་རིགས་ལ་ཕན་ནུས་ཆེན་པོ་ཡོད་པ་མིག་མཐོང་ལག་ཟིན་རེད།
གསར་འགོད་པ། ཉེ་སྔོན་ཁྱེད་ཀྱིས་ཁུལ་ནང་གི་ཡུལ་སྐོར་སྣེ་ལེན་བྱེད་སའི་སྤྱོད་ཁང་སྐོར་གྱི་གནད་དོན་ལ་ལན་སློག་པར་དྲ་སྒང་དུ་ཕྱོགས་སོ་སོས་དོ་སྣང་ཆེན་པོ་བྱས་འདུག །དེའི་སྐོར་གྱི་གནས་ཚུལ་ཞིག་གླེང་ན།
ཅུས་ཀྲང་བློ་བཟང་འཕྲིན་ལས། དེ་སྔོན་ཡུལ་སྐོར་སྣེ་ཁྲིད་པ་ཞིག་གིས་དྲ་ཐོག་ནས་རྒྱལ་ལམ་318ཐོག་གི་གསང་སྤྱོད་ཁང་ཞིག་དང་རླངས་འཁོར་འཇོག་གནས་ཤིག་ལ་དར་ཆགས་པའི་རྐྱེན་སྒོ་བརྒྱབ་ཏེ། ཡུལ་སྐོར་པར་སྟབས་མི་ལེགས་པ་བཟོས་འདུག །
འདི་རིགས་ཇི་ལྟར་དོ་དམ་བྱ་རྒྱུ་ཡིན་ཞེས་ང་ལ་དྲི་བ་བཏོན་འདུག ། གནས་ཚུལ་འདི་ཤེས་རྗེས་ང་ཚོས་དུས་ཐོག་ཏུ་ལས་སྒྲུབ་མི་སྣ་ཡུལ་དངོས་སུ་གནས་ཚུལ་རྒྱུས་ལོན་བྱེད་པར་མངགས་ཏེ། ཐག་གཅོད་བྱ་བའི་བརྒྱུད་རིམ་ཧྲིལ་པོ་བརྙན་ཐུང་གི་རྣམ་པ་ནས་དྲ་ཐོག་ཏུ་སྤེལ་བ་དང་། དྲ་གྲོགས་ཁྲི་བཅུ་ལྷག་གིས་དོ་སྣང་བྱས། ལྷག་པར་དུ་དྲ་གྲོགས་ལ་ལས་དེའི་སྐོར་གྱི་བསམ་འཆར་སྒེར་འཕྲིན་བསྐུར་བར་དང་། མ་ཟད་ཝང་དབྱི་སྤྱི་གཉེར་ཁང་གི་སྦྱིན་བདག་ཏིང་ལེ་ཡིས་བརྙན་ཐུང་འདི་མཐོང་རྗེས་ང་ལ་ཁ་པར་གྱི་ལམ་ནས་མཐོ་སྒང་གི་གསང་སྤྱོད་ཁང་དོ་དམ་སྐོར་གྱི་དགོངས་འཆར་ཕུལ་བྱུང་།
གསར་འགོད་པ། ཁྱེད་རང་དྲ་ཐོག་ཏུ་མིང་གྲགས་བྱུང་རྗེས་ཕྱོགས་སོ་སོས་དོ་སྣང་བྱས་ཤིང་ལྷག་པར་དུ་ལ་ལས་སྲིད་གཞུང་གི་མི་སྣ་ཞིག་དྲ་གྲགས་བྱས་པའི་བྱ་སྤྱོད་ལ་ཐེ་ཚོམ་དང་བཤད་ལུགས་འདྲ་མིན་སྣ་ཚོགས་ཡོད་སྲིད། དེའི་ཐད་ནས་ཁྱེད་ཀྱིས་ཇི་ལྟར་བསམ་བློ་གཏོང་གི་ཡོད།
ཅུས་ཀྲང་བློ་བཟང་འཕྲིན་ལས། ང་རང་དྲ་ལམ་དུ་ཞུགས་ནས་ཕལ་ཆེར་ལོ་གཅིག་ལོན་ལ་ཉེ། དེའི་རིང་ཐད་གཏོང་དང་བརྙན་ཐུང་ཕབ་ལེན་རྒྱུན་ཆད་མེད་མོད། རེད་དེ་ངས་སྒོར་མོ་ལེན་ཐབས་མི་བྱེད། སྐབས་དེར་ཁེ་ལས་འགའ་ཞིག་གིས་གན་རྒྱ་ངའི་མདུན་སར་བཞག་སྟེ་སྒོར་མོ་ཅི་དགོས་སྟེར་ཟེར། ངས་གཅིག་ཀྱང་དང་ལེན་མ་བྱས། ང་རང་འདི་ལྟར་དྲ་ཐོག་ཏུ་མིང་གྲགས་ཁྱབ་ཅི་ཐུབ་མི་ཤེས། དེ་བས་ན་ད་ལྟའི་དུས་སྐབས་འདི་དམ་འཛིན་གང་ལེགས་བྱས་ཏེ། གང་ནུས་ཅི་ཐུབ་ཀྱིས་ཕ་ཡུལ་མང་ཙམ་ཁྱབ་བསྒྲགས་བྱ་རྒྱུ་ནི་རང་གི་འདུན་པ་ཉག་ཅིག་ཡིན། ད་ལོ་ང་དང་ལས་གྲོགས་ཚོ་ཕ་ཡུལ་ཉག་ཆུ་རྫོང་དུ་ཕྱིན་སྐབས། མགྲོན་ཁང་ཚང་མ་འགྲུལ་པས་གང་ནས་ངེད་གཉིས་ཀྱིས་སྡོད་ས་མ་རྙེད། ཡིན་ཡང་ང་ཤིན་ཏུ་དགའ་སོང་། ཅིའི་ཕྱིར་ཞེ་ན། ང་ཚོའི་ཡུལ་མི་རྣམས་ཀྱི་ཡོང་འབབ་ཇེ་མང་རེད།
གསར་འགོད་པ། ད་ལྟ་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་གོང་འཕེལ་འགྲོ་དང་འགྲོ་བཞིན་པ་རེད། དེའང་དྲ་གྲོགས་ཚོས་བཤད་པ་ནང་བཞིན། ལི་ཐང་བསྟན་འཛིན་དང་ཅུས་ཀྲང་ཁྱེད་གཉིས་ཀྱི་བྱས་རྗེས་རེད་ཟེར། ཁྱེད་རང་ལ་དེའི་ཐད་ནས་དགོངས་ཚུལ་ཅི་འདྲ་འདུག་ལགས།
ཅུས་ཀྲང་བློ་བཟང་འཕྲིན་ལས། ཉེ་བའི་ལོ་འདི་དག་གི་རིང་། རྒྱལ་ཁབ་ཀྱིས་དཀར་མཛེས་ཁུལ་གྱི་ལས་རིགས་སོ་སོར་མ་དངུལ་གཏོང་འཇོག་དང་རོགས་སྐྱོར་ཤུགས་ཆེན་པོ་བྱས་ཏེ། འགྲིམ་འགྲུལ་དང་ཆ་འཕྲིན་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་ཐད་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་དང་། ཡུལ་སྐོར་པའང་ལོ་རེ་ནས་ལོ་རེར་ཇེ་མང་རེད། དེ་བཞིན་དུ་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལས་རིགས་ཀྱི་སྔོན་རབས་པ་རྣམས་ཀྱིས་ཀྱང་དཀར་མཛེས་ཀྱི་འཕེལ་རྒྱས་ལ་འབད་བརྩོན་ཧུར་ཐག་བྱས་ཡོད། འོ་ན་བསྟན་འཛིན་གྱིས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གོང་འཕེལ་དེ་མཐོ་རླབས་སུ་བསྐྱལ་བ་རེད།
དེ་ཡང་ཅུས་ཀྲང་ཁོང་གིས་གསུང་པ་ནང་བཞིན། རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་ནི་དམངས་ཕྱུག་ཡོང་ཕྱིར་དང་། སྐྱེ་ཁམས་ནི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། དེར་བརྟེན། ལོ་དེའི་ལས་དོན་དང་ཡང་བརྙན་ལེན་ཁྱབ་བསྒྲགས་གང་རུང་ཁྲོད་དུ། ཁོང་གིས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་འབད་བརྩོན་བྱེད་བཞིན་པ་དང་། ལྷག་པར་དུ་རིག་གནས་ཡུལ་སྐོར་བརྒྱུད་མི་རིགས་སོ་སོའི་རིག་གནས་ཀྱི་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་དང་། མི་རིགས་སོ་སོའི་བར་གྱི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བཞིན་པ་རེད་ཅེས་གསུངས། མཐར་ཁོང་གིས་གསར་འགོད་པར། ང་རང་ལུས་འཁྱུར་ངལ་གསོ་མ་བྱས་སྔོན་དུ། དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལས་རིགས་ཀྱི་མིང་བྱང་དང་ཞབས་ཞུའི་སྤུས་ཀ་སྔར་བས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཏེ། འཛམ་གླིང་གི་ཡུལ་སྐོར་ས་གནས་ཤིག་ཏུ་འགྱུར་ཐུབ་པ་ནི་ང་རང་གི་དམིགས་འདུན་ཉག་གཅིག་ཡིན་ཞེས་གསུངས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1