སྣང་རའི་གསེར་ཁང་ནི་མདོ་སྨད་སྣང་རའི་གྲོང་བརྒྱད་ཅེས་འབོད་པའི་སྣང་རའི་གྲོང་དུ་ཡོད་ལ། ད་ལྟའི་སྲིད་འཛིན་གྱི་ཁྱབ་ཁོངས་ལྟར་ན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོ་ན་ཡོད་ཅིང་། གཅན་ཚ་རྫོང་ཐོག་ནས་ལྷོ་ཕྱོགས་སུ་ཧ་ལམ་སྤྱི་ལེ་བཅུ་གཉིས་ཡོད་པའི་སྣང་ར་ཡུལ་ཚོའི་གྲས་ཀྱི་ཚེགས་རྒྱལ་སྡེ་པ་རུ་ཆགས་ཤིང་། ལྷ་ཁང་ཆགས་ས་དེའི་ཕྱིའི་ར་བ་ནི་གྲུ་བཞི་མ་ཞིག་ཡིན་པར་མ་ཟད། ཕྱིའི་གྱང་ལྡེབས་ཀྱི་མཐའ་འཁོར་ཡོངས་སུ་མ་ཎི་ཡིས་བསྐོར་ཡོད། ར་སྐོར་དེ་ལ་ས་ཁྱོན་བསྡོམས་མུའུ་3.7ཡོད་ཅིང་། དེའི་ནང་དུ་ལྷ་ཁང་འགའ་ཡོད་དེ། ལྷ་ཁང་ཐོག་མའམ་སྔ་བ་ནི་དུས་གསུམ་སངས་རྒྱས་ལྷ་ཁང་ཡིན། ལྷ་ཁང་དེ་ལ་བརྟེན་ནས་སྣང་རའི་གསེར་ཁང་ཞེས་པའི་མིང་བྱུང་།
ཕྱིས་སུ་དུས་གསུམ་སངས་རྒྱས་ལྷ་ཁང་གི་གཡོན་དུ་རྗེ་ཀུན་མཁྱེན་འཇིགས་མེད་དབང་པོོས་བཞེངས་པའི་བྱམས་ཁང་ཡོད་པ་དང་། གཡས་ཀྱི་མདུན་དུ་འདུ་ཁང་ཆུང་ཆུང་ཞིག་བཞེངས་ཤིང་། དགེ་འདུན་པ་ཡར་ངོའི་ཟླ་གཞོན་ལ་འཁུ་བ་བྱུང་བས། དེར་ཡུལ་ལྷ་གསོལ་ཏེ་ཡུལ་ལྷ་ཁང་ངམ་འདུ་ཁང་རྙིང་པ་བྱུང་། གཡས་ཕྱོགས་སུ་འདུ་ཁང་གསར་པ་ཅུང་རྒྱ་ཆེ་བ་ཞིག་བཞེངས། རྒྱབ་ཕྱོགས་སུ་གོས་དཀར་ལྕང་ལོ་ཅན་གྱི་འདུ་གནས་སྔགས་ཁང་བཅས་བཞེངས་ཡོད།
དང་པོ། སྣང་རའི་གསེར་ཁང་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།
གཅིག །ལུང་བསྟན་ལ་བརྟེན་ནས་བྱུང་ཚུལ།
སྣང་རའི་གསེར་ཁང་ཞེས་པ་འབྱུང་བར་བྱེད་པའི་རྐྱེན་ནམ་ས་བོན་གྱི་ཐད་དུ། འདི་འདྲའི་ལུང་བསྟན་མི་འདྲ་བ་གསུམ་གྱི་སྒོ་ནས་བཤད་ཚུལ་ཡོད་དེ། དང་པོ་ནི་དགེ་ལྡན་བསྟན་པའི་མེས་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་དབུས་གཙང་དུ་བྱོན་ནས་སྙེ་ཐང་བཀྲ་ཤིས་སེང་གེ་དང་། སྡོང་སྟོན་རིག་པའི་སེང་གེ། རྟོགས་ལྡན་བསམ་གཏན་དཔལ་བ། བླ་མ་ཡེ་ཤེས་དཔལ་བ་སོགས་དམ་པ་མང་པོ་ལས་ཟབ་ཆོས་མང་དུ་གསན་ཞིང་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཀུན་ཏུ་རྒྱས་པར་ཀློང་བརྡོལ། རྗེ་འདིའི་གྲྭ་སྐོར་གནང་སྐབས་བུ་སྟོན་ཐམས་ཅད་མཁྱེན་པས་ཆོས་གྲྭར་བགྲོ་གླེང་མཛད་པ་ཁས་ལེན་ལེགས་པར་ཟིན་པས། ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་སྙན་གྲགས་ཀྱིས་ཁྱབ་པ་བྱུང་། སྒོས་སུ་བླ་མ་མཆིམས་བློ་བཟང་གྲགས་པ་ལས་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་གསན་སྐབས་ཤིག་ཁྱོད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད། ཁྱད་པར་དུ་བྱ་ཁྱུང་ཞེས་པར་དགོན་པ་ཐོབ་ལ་སྒྲུབ་པ་སྙིང་པོར་མཛོད། སློབ་མ་མཁས་གྲུབ་མང་པོ་འགྲན་ཟླ་དང་བྲལ་བ་གཅིག་འབྱུང་། དེ་ལ་ངའི་མིང་ཐོགས་དང་བསྟན་པ་ལ་ཕན་ཐོགས་ཁྱད་པར་ཅན་འབྱུང་ཞེས་ལུང་བསྟན་གསུངས་པ་ལ་གཞི་བྱས་ཏེ། མདོ་སྨད་ས་ཆའི་རེབ་གོང་ཤ་སྦྲང་དུ་བཤད་གྲྭ་བཙུགས་ཤིང་། དེ་ནས་བྱ་ཁྱུང་འཚོལ་ཆེད་སྣང་རར་བྱོན་ནས་ཐོག་མར་སྣང་རའི་ཨ་མྱེས་དོན་གྲུབ་སེང་གེ་དང་འཕྲད་དེ་ཕན་ཚུན་ཐུགས་འདུན་གཅིག་ཏུ་འཁྲུངས་ཏེ་སྣང་རའི་གསེར་ཁང་བཞེངས་པའི་རྨང་བྱུང་བར་བཤད་པ་དང་། གཉིས་པ་ནི《མདོ་སྨད་ཆོས་འབྱུང》ལས། “མི་ཉག་བསོད་ནམས་ཟེར་བ་ལ་རྒྱ་ཇུ་ཐིག་ཞིག་གིས་ལུང་བསྟན། སྤྲུལ་པའི་ཁྲ་ཞིག་འཕུར་བའི་རྗེས་བསྙེགས་པར་འདི་ཀའི་ས་འབུར་ཞིག་གི་སྟེང་དུ་བབས་པ་དེར་ལྷ་ཁང་བཞེངས་ཡང་ཟེར”ཞེས་པའི་ལུང་བསྟན་ཡོད་པ་དེ་ཡིན། གསུམ་པ་ནི་བྱ་ཁྱུང་གདན་རབས་ལས། ཡང་ངག་རྒྱུན་ལ། རེབ་གོང་སེ་གུ་བྱ་ཁྱུང་དུ་རི་ཁྲོད་བཟུང་། སྒྲོལ་མའི་ཞལ་གཟིགས་ཏེ་ལུང་བསྟན་གྱི་གནས་འདི་མིན། ཞེས་བསྐུལ་བ་བཞིན་དགོན་གནས་འཚོལ་བར་ཕེབས་སྐད། གང་ལྟར་དགུ་རོང་བརྒྱུད་བྲག་བྱ་ཁྱུང་མཐོང་བའི་གྲོང་སྣང་རར་བྱོན། ཨ་མྱེས་དོན་གྲུབ་སེང་གེ་ཞེས་པའི་རྩར་ཕེབས། གནས་ཚང་དེའི་རྒན་མོ་བཞིན་མི་སྡུག་པ་ཞིག་གིས། རང་གི་བྲན་མོ་ལ་བྲག་བྱ་ཁྱུང་ནས་ཡུལ་སྣ་འོང་བར་འདུག་པས་ཐང་མ་མྱུར་དུ་སྡུས་ཟེར། རྒན་མོ་དེ་ལ་བྲག་བྱ་ཁྱུང་གང་ཡིན་དྲིས་པས་རྒན་མོ་ཁྲོ་ཚུལ་གྱིས་ཅི་བྱེད་རྒྱུ་ཡིན། ཕ་གི་རེད་ཅེས་སྡིགས་མཛུབ་དང་བཅས་འབར་བཞིན་དུ་བསྟན། རྒན་མོ་དེ་ཁྲོ་གཉེར་ཅན་མའི་སྤྲུལ་པ་ཡིན་པས་ས་འདུལ་དང་ངོ་སྤྲོད་ལྷན་ཅིག་ཏུ་བྱས་སྙམ་པ་ཕྱིས་སུ་དགོངས་པར་ཤར། ཕྱི་ཞིག་ན་དོན་གྲུབ་སེང་གེས་སྦྱིན་བདག་བྱས་ཏེ་སྣང་རའི་གསེར་ཁང་དུ་གྲགས་པ་འདི་བཞེངས་པའི་ངག་རྒྱུན་ནི་ཡུལ་གྲུ་འདིར་ཁྱབ་ཡོད།
གཉིས། འདེབས་མཁན་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་བརྟེན་ནས་བྱུང་ཚུལ།
སྣང་རའི་གསེར་ཁང་འདེབས་མཁན་ནི་ལུང་རྟོགས་ཡོན་ཏན་གྱི་ཀློང་བརྡོལ་བ་དགེ་ལྡན་བསྟན་པའི་མེས་པོ། ཆོས་རྗེ་དོན་གྲུབ་རིན་ཆེན་ཡིན་ཞིང་། ཁོང་ནི་རབ་བྱུང་ལྔ་པའི་ས་མོ་བྱའི་ལོར(སྤྱི་ལོ1309)སྐུ་བལྟམས། གཞོན་ནུའི་དུས་ནས་སངས་རྒྱས་བསྟན་པའི་སྒོར་ཞུགས་ཏེ། དབུས་སུ་ལན་གཉིས་ཞབས་བསྐྱོད་དེ་མདོ་སྔགས་རིག་གནས་ཀུན་ལ་ཐུགས་བྱན་ཆུད། ཁྱད་པར་དུ་ཞྭ་ལུར་གྲྭ་སྐོར་མཛད་དེ། ཕྱོགས་ཐམས་ཅད་ནས་འགྲན་ཟླ་དང་བྲལ་བས་བུ་སྟོན་ཐམས་ཅད་མཁྱེན་པས་མདོ་སྨད་ཤར་ཕྱོགས་ཀྱི་རིགས་པའི་དཔའ་བོ་ཞེས་བསྔགས་བརྗོད་ཆེན་མོ་བྱས། ཁོང་ཉིད་སྤྱི་ལོ་1340ཡས་མས་སུ་དཔལ་སྣར་ཐང་དགོན་པའི་གདན་རབས་བཅུ་གཉིས་པ་ན་ཁོང་གི་བླ་མ་སྣར་ཐང་པ་མཆིམས་བློ་བཟང་གྲགས་པའི་གསུང་གིས་མདོ་སྨད་དུ་ཞབས་བསྒྱུར། བླ་མའི་བཀའ་བཞིན་ཐོག་མར་རེབ་གོང་ཤ་སྦྲང་དུ་བཤད་གྲྭ་བཙུགས། དེ་ནས་བྱ་ཁྱུང་གི་གནས་འཚོལ་ཆེད་རེབ་གོང་རིག་པ་འབྱུང་པའི་གནས་ནས་སྣང་རའི་གྲོང་བརྒྱད་ཀྱི་ནང་ཚན་དགུ་རོང་བརྒྱུད་དེ། གླས་རྐང་ཤིང་མཁར་གྱི་ཞྭ་ལ་བཙས་ཡོད་སའི་གནས་དེར་ཞབས་ཀྱིས་བཀོད། སྐུ་ངལ་གསོ་གནང་སྟེ་གོམ་པ་བརྒྱ་ཕྲག་དུ་མའི་སར་ཕེབས་པ་དང་དབུ་ཞྭ་དེར་བསྙེལ་བ་དྲན་ནས། ཁོང་རི་དེའུ་ཞིག་གི་སྟེང་དུ་བཞུགས་ཏེ་བསྒུགས་པའི་གནས་དེ་ལ་དོན་གྲུབ་དཔལ་གུར་སྒང་དུ་མིང་ཆགས། ཁོང་གི་ཞབས་འབྲིང་པ་ཞིག་དབུ་ཞྭ་ལེན་པར་མངགས། དེར་ཞྭ་མོ་ཡར་འཁོར་ཞིང་ནང་དུ་ཆུ་དྭངས་མོ་ཞིག་འཁྱིལ་བ་ནི་རྟེན་འབྲེལ་བཟང་པ་དང་། ཕྱིས་སུ་ས་དེར་མིང་ལ་ཞྭ་ལ་བཙས་ཞེས་པའི་ལ་བཙས་ཤིག་བསྟད་པ་དང་། དེ་ནི་བྱ་ཁྱུང་དགོན་པའི་མདུན་རིར་དམིགས་པ་དང་། དེ་རྒྱས་པ་བྱུང་ན་བྱ་ཁྱུང་དགོན་པ་དགེ་བའི་རྟེན་འབྲེལ་ཡིན་པར་གྲགས། དེ་ནས་སྣང་རར་བྱོན་ནས་ཐོག་མར་སྣང་རའི་རྒན་པོ་སངས་རྒྱས་དོན་གྲུབ་དང་འཕྲད་དེ་དེས་སྦྱིན་བདག་བྱས་ཏེ་སྣང་རའི་གསེར་ཁང་བཞེངས་ཚུལ་ནི། མདོ་སྨད་ཆོས་འབྱུང་དུ་སྣང་རའི་གསེར་ཁང་ནི། ཆོས་རྗེ་དོན་གྲུབ་རིན་ཆེན་བྱ་ཁྱུང་གི་གནས་འཚོལ་སྐབས་སྣང་རའི་ཨ་མྱེས་དོན་གྲུབ་སེང་གེའི་རྩར་ཕེབས། བྱ་ཁྱུང་གི་གནས་སྟོན་མཁན་ཁྲོ་གཉེར་ཅན་མའི་སྤྲུལ་པར་གྲགས་པའི་རྒན་མོ་ཡང་འདི་པའི་ཡིན། དེས་སྦྱིན་བདག་བྱས་ཏེ་བཞེངས་ཟེར་བ་དང་། ཆོས་རྗེ་དོན་རིན་པས་ས་སྡེའི་བཤད་པ་གནང་། ཕྱིས་བྱ་ཁྱུང་དུ་ལྷ་ཁང་ཆེན་མོ་དང་ལྷན་དུ་རབ་གནས་མཛད་པས་འདིར་ཡང་མེ་ཏོག་བབས་པ་རྟེན་སྒྲོམ་དུ་བཞུགས་པར་གྲགས། དེའི་ཕྱིར་ཡབ་རྗེ་གསེར་ཁང་པས་ཀྱང་། སྣང་རའི་གསེར་ཁང་འདི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ས་སྡེའི་བཤད་པ་གནང་བའི་གནས་ཡིན་གསུངས་ནས་མཛོད་དགེ་རི་ཁྲོད་པའི་ངོར་ལམ་རིམ་ཆུང་ངུའི་དབུ་ནས་ཆོས་ཐུན་གཅིག་གནང་བར་དེ་ཉིད་ཀྱི་རྣམ་ཐར་ལས་འབྱུང་ལ། ད་ལྟའི་བར་དུ་སྣང་རའི་གསེར་ཁང་བཏབ་ནས་ཧ་ལམ་ལོ་ངོ་དྲུག་བརྒྱ་དང་བདུན་ཅུ་ནས་བརྒྱད་ཅུའི་བར་སོང་ཡོད་སྙམ།
གསུམ། སྦྱིན་བདག་དོན་གྲུབ་སེང་གེ་ལ་བརྟེན་ནས་བྱུང་ཚུལ།
སྦྱིན་བདག་དོན་གྲུབ་སེང་གེ་ནི་སྣང་རའི་གྲོང་བརྒྱད་དུ་གྲགས་པའི་ནང་གསེས་ཏེ་སྣང་རའི་གྲོང་གི་ཚེགས་རྒྱལ་སྡེ་པའི་མི་ཡིན་ལ། ཁོང་གི་མཚན་འབྲི་བའི་ཐད་དུ་བཤད་ཚུལ་མི་འདྲ་བ་གཉིས་ཡོད་དེ། གཅིག་ནི་ཨ་མྱེས་དོན་གྲུབ་སེང་གེའི་གཞིས་ཀ་ནས་འཁྲུངས་པའི་ད་ལྟའི་ཨ་ལགས་བློ་བཟང་མཆོག་གིས‘སངས་རྒྱས་དོན་གྲུབ'ཡིན་པར་གསུངས་ཞེས་མདོ་སྨད་སྣང་རའི་ལོ་རྒྱུས་ཀུན་གསལ་མེ་ལོང་དུ་བརྗོད་ཡོད་པ་དང་། ཡང་མདོ་སྨད་ཆོས་འབྱུང་དང་བྱ་ཁྱུང་གདན་རབས་གཉིས་ལས། ‘དོན་གྲུབ་སེང་གེ'ཞེས་བརྗོད་ཡོད་པས་རྩོམ་ཡིག་འདིའི་ནང་དུའང་ཕྱི་མ་ལྟར‘དོན་གྲུབ་སེང་གེ'ཞེས་བརྗོད་ཡོད་ལ། སྐབས་དེར། ཆོས་རྗེ་དོན་གྲུབ་རིན་ཆེན་བྱ་ཁྱུང་གི་གནས་འཚོལ་སྐབས་སྣང་རའི་ཨ་མྱེས་དོན་གྲུབ་སེང་གེའི་རྩར་ཕེབས་ཏེ། ཁྱོད་ཀྱི་མིང་ལ་ཅི་ཟེར་དྲིས་པས། རྒད་པོས་ངའི་མིང་ལ་དོན་གྲུབ་སེང་གེ་ཟེར་ཞེས་ཞུས་པས་གཏམ་གྱི་ཐོག་མའི་རྟེན་འབྲེལ་འགྲིག་སྟེ་ཐུགས་དགྱེས་ནས། ངའི་མིང་ལའང་དོན་གྲུབ་རིན་ཆེན་ཟེར་ཞིང་དོན་འགྲུབ་པར་འགྱུར་གསུངས་པ་དང་། ཡོན་བདག་དོན་གྲུབ་སེང་གེ་ཡི་ཞིང་སའི་དཀྱིལ་དུ་བྱེ་སྒང་འབུར་བོ་ཞིག་ཡོད་པ་ལ་ལྷ་ཁང་གི་ཐིག་བཏབ་ཅིང་བཀོད་པ་ལེགས་པར་གནང་སྟེ། ལྷ་ཁང་འདི་བཞེངས་པར་ཚེགས་ཆེ་ཡང་རྒྱལ་བར་འགྱུར་རོ་ཞེས་གསུངས་པ་ལ་བརྟེན་ནས་ཉེ་འདབས་ཀྱི་ཡོན་བདག་དོན་གྲུབ་སེང་གེ་ཡི་གྲོང་སྡེའི་མིང་ཡང་ཚེགས་རྒྱལ་དུ་ཐོགས་པར་བཤད། གང་ལྟར་ཨ་མྱེས་དོན་གྲུབ་སེང་གེས་སྦྱིན་བདག་གཙོ་བོ་བྱས་ཏེ། ཕྱིའི་གཙུག་ལག་ཁང་ལེགས་པར་གྲུབ་པ་དེ་ལ་ཡུལ་འདིའི་དམངས་ཁྲོད་དུ་གསེར་ཁང་དང་གསེར་རྐང་ཞེས་མིང་གི་འབོད་སྟངས་གཉིས་ཡོད་དེ། སྔ་མ་གསེར་ཁང་ཞེས་འབོད་དོན་ནི། གསེར་གྱི་རི་སྒང་གསུམ་ཡོད་པར་ལྷ་ཁང་བཞེངས་པས་ན་གསེར་ཁང་དང་། ཡང་ན་ལྷ་སྐུ་སོགས་བཞུགས་སའི་ཁང་པར་གུས་ཚིག་སྦྱར་ནས་གསེར་ཁང་ཞེས་མིང་འབོད་པར་བཤད་པ་དང་། ཡང་ཕྱི་མ་གསེར་རྐང་ཞེས་འབོད་དོན་ནི། ཡོན་བདག་དོན་གྲུབ་སེང་གེ་ཡི་རོང་བོ་འགག་གི་བྲག་དམར་ཞེས་པའི་ས་ཆར་ལུག་འཚོ་སྐབས་གསེར་རྡོག་རྐང་གཅིག་རྙེད་པ་དེ་ཐེབས་རྩ་བྱས་ཏེ་བཞེངས་པས་ན་སྣང་རའི་གསེར་རྐང་ཞེས་འབོད་པར་བཤད་མོད། འོན་ཀྱང་ལྷ་སྐུ་སོགས་བཞུགས་སའི་ཁང་པར་གུས་ཚིག་སྦྱར་ནས་གསེར་ཁང་ཞེས་མིང་འབོད་པར་བཤད་ན་གནས་ལུགས་ཡོད་སྙམ།
གཉིས་པ། སྣང་རའི་གསེར་ཁང་གི་བཟོ་བཀོད་དང་རྟེན་ལྡེབས་རིས་ཀྱི་སྐོར།
ལྷ་ཁང་འདི་ལ་སྣང་རའི་གསེར་ཁང་ཞེས་འབོད་པ་ལས་གཞན་ད་དུང་དུས་གསུམ་སངས་རྒྱས་ལྷ་ཁང་ངམ་སྒོ་གསུམ་ལྷ་ཁང་ཞེས་པའི་འབོད་ཚུལ་ཡང་ཡོད། ཕྱིས་སུ་སྣང་རའི་གསེར་ཁང་ཞེས་པའི་ལྷ་ཁང་གི་གཡས་གཡོན་དུ་རིམ་བཞིན་ལྷ་ཁང་མང་དུ་བཞེངས་ཡོད་ཀྱང་དེ་ལ་ཐུན་མོང་དུ་མིང་ལ་སྣང་རའི་གསེར་ཁང་ཞེས་འབོད་བཞིན་ཡོད། དེ་བས་སྣང་རའི་གསེར་ཁང་ངམ་དུས་གསུམ་སངས་རྒྱས་ལྷ་ཁང་ཞེས་པ་འདིའི་བཟོ་བཀོད་ནི་བོད་ལུགས་ཀྱི་ཁྱད་ཆོས་ཡོད་པས་མདོ་སྨད་ཡུལ་དུ་བོད་ལུགས་ཅན་གྱི་བཟོ་བཀོད་གནང་བའི་ལྷ་ཁང་གཅིག་པུ་དེ་ཡིན་པར་ཆགས་ཡོད་ཅེས་ཆེད་མཁས་པས་བརྗོད་ཅིང་། དེ་ལ་བོད་ལུགས་ཀྱི་ཁྱད་ཆོས་ཡོད་པའི་རྒྱུ་མཚན་ནི། ཐོག་མའི་དུས་སུ་ངག་རྒྱུན་གྱི་བཤད་པ་ལྟར་ཞིང་སའི་དཀྱིལ་དུ་བྱེ་སྒང་འབུར་བོ་ཞིག་གི་ཐོག་ཏུ་ཐིག་བཏབ་ནས་བཞེངས་པར་གྲགས་པ་དེར་གནས་ལུགས་ཡོད་སྙམ། ད་ལྟའི་ལྷ་ཁང་ལ་ཞིབ་ཏུ་བལྟས་ན་དང་ཐོག་བཟོ་བཀོད་བྱས་པའི་རྒྱ་ཁྱོན་ཅུང་ཆུང་བར་མ་ཟད། ས་འབུར་ཞིག་གི་སྟེང་ནས་བཞེངས་པས་ལྷ་ཁང་དེ་ནི་ཅུང་མཐོ་སར་ཡོད་པ་མངོན་སུམ་དུ་རྟོགས་ཐུབ་ཅིང་། དེ་ལ་རྒན་པ་རྣམས་ཀྱིས་བཤད་པ་ལྟར་ན། ས་འབུར་ཞིག་གི་ཐོག་ཏུ་ལྷ་ཁང་བཞེངས་པའི་རྐྱེན་གྱིས། ལྷ་ཁང་ལས་མར་ཡོང་དགོས་ན། ཐོག་མར་རྡོ་སྐས་ལས་མར་འབབ་དགོས་ཟེར། སྒོ་ཡང་གསུམ་བཏོད་ཡོད་པ་ད་ལྟའང་མཐོང་རྒྱུ་ཡོད། ཕྱིས་སུ་ལྷ་ཁང་དེའི་སྒོ་གསུམ་ལས་དཀྱིལ་སྒོ་མ་གཏོགས་གཡས་གཡོན་གཉིས་ཀྱི་སྒོ་ཕྱེ་མི་ཐུབ་པར་བྱས་ཏེ་སྒོའི་ཕྱི་རོལ་གྱང་གིས་བསྐོར་པ་དང་། རྡོ་སྐས་ཀྱང་མེད་པར་བཟོས་ཏེ་ལྷ་ཁང་གི་མདུན་ནས་ཁ་མཐུད་དེ་གྱན་གཉིས་ཀྱི་ཚད་དྲང་མོར་ཚུར་བསྐྱེད་པར་མ་ཟད། ལྷ་ཁང་དེ་མཐོ་སར་ཡོད་རྐྱེན། གྱན་གཉིས་ཚུར་བསྐྱེད་པ་དེའང་ལྷ་ཁང་དེའི་མཐོ་ཚད་དང་འཚམ་པར་ཉིས་ཐོག་ཅིག་ཕུབ་ལ། གཅིག་ཐོག་གི་ཁང་པའི་མཐོ་ཚད་ཅུང་དམའ་མོར་ཡོད། ལྷ་ཁང་དེའི་ནང་རོལ་གྱི་ཕྱི་སྐོར་དུའང་བསྐོར་ལམ་བཏོད་ཅིང་། ལྷ་ཁང་དེའི་ནང་གི་རྩིག་པ་ནི་ཤིང་ཡིན་ལ་ཕྱིའི་རྩིག་པ་ནི་གྱང་གི་བསྐོར་བར་མ་ཟད་ལྡེབས་རིས་མང་པོ་བྲིས་ཡོད། གཅིག་ཐོག་གི་སྒོ་ནང་ནས་ཡར་ཡོང་ཚེ་ཁང་པའི་མཐོ་ཚད་དམའ་ཞིང་ནང་དུ་གོམ་པ་སྤོས་ཚེ་སྒོའི་མ་ཐེམ་ལས་མར་ས་ངོས་སུ་སོ་ཕག་གཉིས་ཙམ་གྱི་མཐུག་ཚད་ལས་དམའ་བར་འདུག་ལ། གཅིག་ཐོག་ནི་གྱན་ཆུང་བ་གསུམ་གྱིས་གྲུབ་ཅིང་མཛོད་ཁང་བྱས་འདུག །གཅིག་ཐོག་གི་ཁང་པའི་གཡས་ཕྱོགས་སུ་སྒྲོལ་མ་ཉེར་གཅིག་གི་ལྷ་ཁང་ཆུང་ཆུང་ཞིག་ཡོད་པ་དང་། དེ་ནས་རྡོ་ལས་བཟོས་པའི་རྡོ་སྐས་བང་རིམ་དགུ་ཅན་ནས་ཡར་འགོས་ཚེ་ཉིས་ཐོག་གི་སྒོ་ཆེན་དུ་སླེབས་ཤིང་། དེར་སྒོའི་གཡས་ཕྱོགས་སུ། སྔོན་ཆད་ཆོས་རྗེས་ཤངས་ཁྲག་གིས་བཞེངས་པའི་དམ་ཅན། གཉན་ཆ་ཤིན་ཏུ་ཆེ་བ་དེ། ཕྱིས་སུ་ཀུན་མཁྱེན་བར་མས་དམ་ཅན་རྡོར་ལེགས་སེང་ཞོན་གྱི་སྨན་སྐུ་རུ་བཞེངས་ཤིང་། དེའི་བསྐང་འཕྲིན་བཙུགས་པས་འཚུབ་ཅུང་ཟད་ཆུང་བར་གྲགས་པའི་ཐང་ཀ་རས་ཡོལ་གྱིས་བཀབ་ཡོད་ཅིང་། ཉིས་ཐོག་དེ་ནི་ལྷ་ཁང་གི་མདུན་ནས་ཚུར་བསྐྱེད་དེ་ཧ་ལམ་གྱན་གཉིས་ཡོད་ཅིང་གཡས་གཡོན་དུ་ཨ་མྱེས་ཡུལ་ལྷ་དང་དམ་ཅན་གྱི་གཙང་ཁང་བཞུགས་པ་དང་། ཉིས་ཐོག་དེའི་སྔོན་གཞུག་གཉིས་སུ་སྒོ་ཆེན་གཉིས་ཡོད་པ་དང་། མདུན་དུ་སྒེའུ་ཁུང་གསུམ་ཡོད་ལ་དཀྱིལ་གྱི་སྒེའུ་ཁུང་ཅུང་ཆེན་པོར་ཡོད་པར་མ་ཟད། དེ་དང་མཉམ་གཤིབ་བྱས་ཏེ་སྒོ་ཆེན་པོ་ཞིག་ཡོད་ལ་དེ་གཉིས་ལས་ཉི་འོད་འཕྲོས་ན་དུས་གསུམ་སངས་རྒྱས་ཀྱི་སྐུ་ནི་འོད་ལམ་མེར་ཡོད། དཀྱིལ་དུ་རྔ་ཞིག་བཀལ་ཡོད་པར་མ་ཟད། དཀོར་གཉེར་གྱིས་ཁ་བཏོན་དགེ་སྦྱོར་དང་དད་ལྡན་མང་ཚོགས་ལ་སྣེ་ལེན་བྱེད་སའང་ཡིན། དེ་ནས་གཞུག་གི་སྒོ་ཆེན་དང་ལྷ་ཁང་གི་སྒོ་ཆེན་གཉིས་ཀྱི་བར་དུ་བསྐོར་ལམ་གྱི་བཅད་ནས་ཧ་ལམ་བར་ཐག་ལ་གོམ་པ་གང་ཙམ་ཡོད་པའི་ལྷ་ཁང་དུ་ཐོན་ཞིང་། དེར་རྟེན་གྱི་གཙོ་བོ་ནི་དུས་གསུམ་སངས་རྒྱས་ཏེ་སྟོན་པ་ཤཱཀྱ་ཐུབ་པ་དཀྱིལ་དུ་བཞུགས་ཤིང་གཡས་གཡོན་དུ་མར་མེ་མཛད་དང་བྱམས་པ་མགོན་པོ་གསུམ་བཅས་ནི་མགོ་ནས་མར་འཁོར་ཏེ་བཞུགས་ཤིང་།
གཡས་གཡོན་དུ་ཉེ་སྲས་བརྒྱད་དེ་འཇམ་དབྱངས་དང་།
ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། ས་ཡི་སྙིང་པོ། སྒྲིབ་པ་རྣམ་སེལ། ནམ་མཁའི་སྙིང་པོ། བྱམས་པ། ཀུན་ཏུ་བཟང་པོ་བཅས་བཞི་རེ་བྱས་ཏེ་ཕྲེང་བསྒྲིགས་པ་དང་། དེའི་ཞོལ་དུ་མི་གཡོ་བ་སྔོན་པོ། རྟ་མགྲིན་བེ་ཅོན་ཅན་རྣམས་བཞེངས་ཤིང་། ཕྱིས་སུ་བྱ་ཁྱུང་དུ་ལྷ་ཁང་ཆེན་མོ་དང་ལྷན་དུ་རབ་གནས་མཛད་པས་འདིར་ཡང་མེ་ཏོག་བབས་པ་རྟེན་སྒྲོམ་དུ་བཞུགས་པ་བཅིངས་འགྲོལ་མ་བྱས་པའི་བར་དུ་ཡོད་པར་བཤད་པ་དང་། སངས་རྒྱས་སྟོང་སྐུ་དང་། རྒྱལ་བ་རིགས་ལྔ་(རྣམ་པར་སྣང་མཛད་དང་། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ་བཅས་སོ།།)ལ་སོགས་པའི་ལྡེབས་རིས་དང་། ལྷ་མོ་དྲེལ་ཞོན་བཅས་ཀྱི་འབུར་སྐུ་མང་། ལྷ་ཁང་དེའི་ཕྱིའི་བསྐོར་ལམ་གྱི་གྱང་ངོས་གཡས་གཡོན་ཡོངས་སུ་ལྡེབས་རིས་མང་ཞིང་ཆོས་ལུགས་བསྒྱུར་བཀོད་ཀྱི་སྐབས་སུ་འདམ་བག་བྱུགས་ཤིང་ཕྱིས་སུ་འདམ་བག་དེ་དག་བྲད་པ་ལག་རྩལ་གྱི་མ་འདང་བ་སོགས་ཀྱི་ད་ལྟ་ལྡེབས་རིས་དེ་དག་མང་པོ་ཞིག་གསལ་པོ་མི་འདུག །འདིར་ལྡེབས་རིས་དེ་དག་གསལ་བཤད་ཅུང་ཙམ་བྱས་ན། སྤྱིར་ལྷ་ཁང་འདིའི་དབྱིབས་ནི་གྲུ་བཞི་ཁ་གང་མ་ཞིག་དང་འདྲ་བར་མ་ཟད། བར་ཁྱམས་ཀྱང་དེ་ལྟར་ཡོད་ལ་བར་ཁྱམས་ཀྱི་ཁ་གཏད་གཉིས་སུ་ལྡེབས་རིས་བྲིས་ཡོད། སྒོ་ནི་ལྷོ་ཕྱོགས་སུ་འཁོར་ཡོད་ཅིང་། བན་དེ་ཡིས་བསྐོར་བ་རྒྱག་སྟངས་ལྟར་སོང་ན། ལྷོ་ཕྱོགས་སུ་ཡོད་པའི་སྒོ་ཆེན་ནས་རིམ་བཞིན་སོང་ན་ནུབ་ཕྱོགས་དང་། དེ་ནས་བྱང་ཕྱོགས་དང་ཤར་ཕྱོགས་ལ་ཐོན་ཡོང་། དེ་བས་འདིར་རེའུ་མིག་གི་ལམ་ནས་ལྷ་ཁང་གི་བར་ཁྱམས་ཀྱི་དབྱིབས་གཟུགས་བཟོས་ནས་དེའི་སྟེང་ཨང་ཀི་བཀོད་ནས་རིམ་བཞིན་ལྡེབས་རིས་སྟེང་གི་ལྷ་སྐུའི་མཚན་རྣམས་མཚམས་སྦྱོར་ཞིག་བྱས་ན།
ལྷོ་ཕྱོགས་ཀྱི་ལྡེབས་རིས་དང་པོའི་ངོས་སུ་གཙོ་སྐུ་ཀླུ་དབང་གི་རྒྱལ་པོ་དང་།(བཅོམ་ལྡན་འདས་ཀླུ་དབང་རྒྱལ་པོ་མགུལ་ཕྱིན་མཐིང་ག །མགུལ་ཡན་དཀར་པོ། ཕྱག་གཉིས་ཐུགས་ཀར་རྡོ་རྗེ་ནང་བསྡམས་ཀྱིས་མཛུབ་མོ་གཉིས་སྒྲེང་བའི་རྩེ་ཅུང་ཟད་མ་རེག་པའི་བར་དུ་མཐེ་བོང་གཤིབས་པ། གོས་ཀྱི་ན་བཟའ་གསོལ་ཞིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ།།)མགོན་པོ་ཕྱག་དྲུག(མགོན་པོ་འདི་སྔོན་བདེ་གཤེགས་གཙུག་ཏོར་ཅན་གྱི་རིང་ལ་རི་མོ་མཁན་གྱི་རིགས་ལས་དགེ་སློང་བདེ་བའི་འཁོར་ལོ་ཞེས་བྱ་བའི་སྐྱེ་བ་བཞེས། དེས་སྤྱོད་པ་སྣ་ཚོགས་སྤྱད་དེ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་མཐར་རྡོ་རྗེས་བརྒྱན་པའི་ཞིང་ཁམས་སུ་སངས་རྒྱས་ཐལ་བ་ཞེས་བྱ་བའི་ངོར་སངས་རྒྱས། དེ་ནས་ལས་སྨོན་གྱི་དབང་གིས་བསྟན་པ་སྲུང་བའི་ཆོས་སྐྱོང་སྣ་ཚོགས་སུ་སྤྲུལ་བར་བཤད་ལ། ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདིར་འཕགས་པ་སྤྱན་གཟིགས་དྲག་ཏུ་ཁྲོས་པ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པར་སྤྲུལ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་སྤྱི་དང་བྱེ་བྲག་གསང་སྔགས་ཀྱི་སྒོར་ཞུགས་པའི་སྒྲུབ་པོོ་རྣམས་ཀྱི་སྲུང་མ་བྱེད་པར་ཁས་བླངས་དམ་བཅས་པ་ཡིན། འདི་ནི་རྒྱལ་བ་རྡོ་རྗེ་འཆང་ནས་བྲམ་ཟེ་ས་ར་ཧ་དང་ཤ་ཝ་རི། གྲུབ་ཆེན་ར་ཧུ་ལ། གུཔྟ་བཛྲ། མངའ་བདག་མེེ་ཏྲི་བ་དང་བླ་མ་ཤངས་སྟོན་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་ལས་བོད་ཡུལ་དུ་ཆེས་ཆེར་དར་བ་ཡིན། ) སྤྱན་རས་གཟིགས་བཅུ་གཅིག་ཞལ་སོགས།(ལྷ་ཐུགས་རྗེ་ཆེན་པོའི་བྱེ་བྲག་ཅིག །རྩ་ཞལ་གསུམ་ཞི་བ། གཡས་ཞལ་གསུམ་ཞི་མ་ཁྲོ། གཡོན་ཞལ་གསུམ་ཁྲོ་བོ། ལྟག་ཞལ་གཅིག་བཞད་པའི་ཉམས་ཅན། དབུ་གཙུག་ན་འོད་དཔག་མེད་ཀྱིས་བརྒྱན་པའོ།།) དེའི་མཐའ་འཁོར་དུ་འཇིགས་པ་བརྒྱད་སྐྱོབ་མ་ཡོད།(མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། སེངྒེའི་འཇིགས་པ་དང་།གླང་ཆེན་གྱི་འཇིགས་པ་དང་། རྒྱལ་པོའི་འཇིགས་པ་དང་། ཀླུའི་འཇིགས་པ་དང་། མཁའ་འགྲོའི་འཇིགས་པ་དང་། མི་རྒོད་ཀྱི་འཇིགས་པ་བཅས་འཇིགས་པ་བརྒྱད་ལས་སྐྱོབ་པར་བྱེད་པའི་ལྷ་ཚོགས་ཤིག་སྟེ། སྤྱན་རས་གཟིགས་འཇིགས་པ་བརྒྱད་སྐྱོབ་དང་གཅིག་ཡིན།)ལྷོ་ཕྱོགས་ཀྱི་ལྡེབས་རིས་གཉིས་པའི་ངོས་སུ་རྒྱལ་བ་བྱམས་པ་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་དམ་ཅན་སྲུང་མར་བསྐོས་ཏེ་རང་ཉིད་ཀྱི་ཤངས་ཁྲག་གིས་བཞེངས་པ་གཉན་ཆ་ཤིན་ཏུ་ཆེ་བ་དེ་རས་ཡོལ་གྱིས་བཀབ་པའང་འདུག །ནུབ་ཕྱོགས་ཀྱི་ལྡེབས་རིས་གསུམ་པའི་ངོས་སུ་ཛམ་བྷ་ལ་སྟོང་སྐུ་བཞུགས་པ་དང་། ནུབ་ཕྱོགས་ཀྱི་ལྡེབས་རིས་བཞི་པའི་ངོས་སུ་དུས་གསུམ་སངས་རྒྱས་དང་། གཞན་ལྟུང་བཤགས་ལྷ་སོ་ལྔའི་སྐུ་ཡིན་པ་འདྲ།(1.དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། 2.རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ། 3.རིན་ཆེན་འོད་འཕྲོ། 4.ཀླུ་དབང་གི་རྒྱལ་པོ། 5.དཔའ་བོའི་སྡེ། 6.དཔལ་དགྱེས། 7.རིན་ཆེན་མེ། 8.རིན་ཆེན་ཟླ་འོད། 9.མཐོང་བ་དོན་ཡོད། 10.རིན་ཆེན་ཟླ་བ། 11.དྲི་མ་མེད་པ། 12.དཔལ་བྱིན། 13.ཚངས་པ། 14.ཚངས་པས་བྱིན། 15.ཆུ་ལྷ། 16.ཆུ་ལྷའི་ལྷ། 17.དཔལ་བཟང་། 18.ཙན་དན་དཔལ། 19.གཟི་བརྗིད་མཐའ་ཡས། 20.འོད་དཔལ། 21.མྱ་ངན་མེད་པའི་དཔལ། 22.སྲེད་མེད་ཀྱི་བུ། 23.མེ་ཏོག་དཔལ། 24.དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ། 25.དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ། 26.ནོར་དཔལ། 27.དྲན་པའི་དཔལ། 28.མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས། 29.དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ། 30.ཤིན་ཏུ་རྣམ་པར་གནོན་པའི་དཔལ། 31.གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ། 32.རྣམ་པར་གནོན་པས་གཤེགས་པ། 33.ཀུན་ནས་སྣང་བ་བཀོད་པའི་དཔལ། 34.རིན་ཆེན་པད་མས་རྣམ་པར་གནོན་པ། 35.དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པད་མོ་ལ་རབ་ཏུ་བཞུགས་པའི་རི་དབང་གི་རྒྱལ་པོ་བཅས་ལ་བཤགས་ལྷ་སོ་ལྔ་ཟེར།)བྱང་ཕྱོགས་ཀྱི་ལྡེབས་རིས་ལྔ་པའི་ངོས་སུ་སྟོན་པ་གཙོ་འཁོར་གསུམ་དང་།(སྟོན་པ་ཤཱཀྱ་ཐུབ་པ་དང་། ཤ་རིའི་བུ། མོའུ་འགལ་བུ་གསུམ།)རྗེ་ཡབ་སྲས་གསུམ། (རྗེ་ཙོང་ཁ་པ་དང་། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་སྟེ་གསུམ།) དེའི་མཐའ་འཁོར་དུ་གནས་བརྟན་བཅུ་དྲུག་དང་(ཤཱཀྱ་ཐུབ་པས་བསྟན་པ་གཉེར་དུ་གཏད་པའི་དགྲ་བཅོམ་པ་བཅུ་དྲུག་སྟེ། ཡན་ལག་འབྱུང་། མ་ཕམ་པ། ནགས་ན་གནས། དུས་ལྡན། རྡོ་རྗེ་མོའི་བུ། བཟང་པོ། གསེར་གྱི་བེའུ། བྷ་ར་དྷྭ་ཛ་གསེར་ཅན། བ་ཀུ་ལ། སྒྲ་གཅན་འཛིན། ལམ་ཕྲན་བསྟན། བྷ་ར་དྷྭ་ཛ་བསོད་སྙོམས་ལེན། ལམ་ཆེན་བསྟན། ཀླུའི་སྡེ། སྦེད་བྱེད། མི་ཕྱེད་པ་སྟེ་བཅུ་དྲུག) རྒྱལ་ཆེན་རིགས་བཞི་བཅས་ཡོད།(གནོད་སྦྱིན། ལག་ན་གཞོང་ཐོགས། ལག་ན་ཕྲེང་ཐོགས། རྟག་མྱོས།)བྱང་ཕྱོགས་ཀྱི་ལྡེབས་རིས་དྲུག་པའི་ངོས་སུ་དུས་གསུམ་སངས་རྒྱས་དང་སྒྲོལ་མའི་སྟོང་སྐུ་བཞུགས། ཤར་ཕྱོགས་ཀྱི་ལྡེབས་རིས་བདུན་པའི་ངོས་སུ་ཚེ་དཔག་མེད་སྟོང་སྐུ་བཞུགས། ཤར་ཕྱོགས་ཀྱི་ལྡེབས་རིས་བརྒྱད་པའི་ངོས་སུ་སྟོན་པ་གཙོ་འཁོར་གསུམ་དང་དེའི་མཐའ་འཁོར་དུ་གནས་བརྟན་བཅུ་དྲུག །སྒྲོལ་མ་ཉེར་གཅིག(སྒྲོལ་མ་མྱུར་མ་དཔའ་མོ། སྒྲོལ་མ་སྟོན་ཟླ་ལྟར་དཀར་མ། སྒྲོལ་མ་གསེར་མདོག་ཅན། སྒྲོལ་མ་གཙུག་ཏོར་རྣམ་པར་རྒྱལ་མ། སྒྲོལ་མ་ཧཱུྃ་སྒྲ་སྒྲོགས་མ། སྒྲོལ་མ་འཇིག་རྟེན་གསུམ་ལས་རྒྱལ་མ། སྒྲོལ་མ་གཞན་འཇོམས་མ། སྒྲོལ་མ་དབང་མཆོག་སྟེར་མ། སྒྲོལ་མ་མཆོག་སྩོལ་མ། སྒྲོལ་མ་མྱ་ངན་སེལ་མ། སྒྲོལ་མ་ཕོངས་པ་སེལ་མ། སྒྲོལ་མ་བཀྲ་ཤིས་སྦྱིན་མ། སྒྲོལ་མ་ཡོངས་སུ་སྨིན་པར་བྱེད་མ། སྒྲོལ་མ་འགུགས་པའི་ཁྲོ་མོ། སྒྲོལ་མ་ཞི་བ་ཆེན་མོ། སྒྲོལ་མ་ཆགས་པ་འཇོམས་མ། སྒྲོལ་མ་བདེ་བ་སྒྲུབ་མ། སྒྲོལ་མ་རྣམ་པར་རྒྱལ་མ། སྒྲོལ་མ་སྡུག་བསྔལ་སྲེག་མ། སྒྲོལ་མ་དངོས་གྲུབ་འབྱུང་མ། སྒྲོལ་མ་ཡོངས་སུ་རྫོགས་བྱེད་མ།) གཞན་ཡང་བླ་སྐུ་ངོས་མི་ཟིན་པ་ཞིག་ཀྱང་འདུག །ལྷོ་ཕྱོགས་ཀྱི་ལྡེབས་རིས་དགུ་པའི་ངོས་སུ་གཙོ་སྐུ་རྗེ་ཡབ་སྲས་གསུམ་དང་དེའི་མཐའ་འཁོར་དུ་སྒྲོལ་མ་ཉེར་གཅིག་དང་ཛམ་བྷ་ལ་སོགས་བཞུགས། ལྷོ་ཕྱོགས་ཀྱི་ལྡེབས་རིས་བཅུ་པའི་ངོས་སུ་རྒྱལ་ཆེན་རིགས་བཞི་ཡོད། གཞན་ཡང་ལྷོ་ཕྱོགས་ཀྱི་ལྡེབས་རིས་དང་པོ་དང་དགུ་པའི་ཀ་མགོ་རུ་སྲུང་མ་དམ་ཅན་གྱི་ལྡེབས་རིས་བྲིས་ཡོད།
དེ་ལྟར་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་གསར་བཞེངས་ཀྱི་ནང་རྟེན་ཐོ་ཙམ་འགོད་པ་ལ། གང་གི་སྙིང་པོ་ཅན་དུ་བྱེད་རྒྱུའི་རིང་བསྲེལ་ལ་བཞི་གསུངས་པས་དང་པོ་ཆོས་སྐུའི་རང་བསྲེལ་ནི་གཟུངས་རྣམས་ཡིན་ལ། རྒྱན་སྣང་ལས། གཟུངས་ཀྱི་རང་བཞིན་དྲན་པ་དང་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ། དྲན་པ་དང་ཤེས་རབ་ཀྱི་ཁྱད་པར་ཅན་ལ་གཟུངས་ཞེས་བྱའོ། །དེ་ལྟར་སངས་རྒྱས་མར་མེ་མཛད་དང་།
ཤཱཀྱ་ཐུབ་པ། སངས་རྒྱས་བྱམས་པ་སྟེ་སྐུ་གཟུགས་གསུམ་གར་གཟུངས་འཇུག་རྒྱས་འབྲིང་བསྡུས་གསུམ་ཚར་མང་པོ་དང་། འཕགས་པ་བརྒྱད་སྟོང་པ། མདོ་སྡེ་བསྐལ་བཟང་། གསེར་འོད་ས་བཅུ་མ། ལམ་རིམ་ཆེན་མོ། སྔགས་རིམ་སོགས་གཟུངས་སྔགས་ཁུངས་མ་དག་གིས་ཕྱུར་བུར་གཏམས། ད་ལྟ་འཕེལ་གདུང་དུ་གྲགས་པ་འདི་དག་ཉུང་འབྲུ་ལྟ་བུའི་རིང་བསྲེལ་དུ་འཇོག་པས། སངས་རྒྱས་འོད་སྲུང་གི་འཕེལ་གདུང་། སངས་རྒྱས་ཀྱི་འཕེལ་གདུང་། ཇོ་བོ་རིན་པོ་ཆེའི་རིང་བསྲེལ་བཅས་དང་། ཡ་མ་རཱ་ཛ་དུང་ཕྱུར་བསྒྲུབས་པའི་རིལ་བུ་དང་། བཀྲ་ཤིས་ལྷུན་པོའི་རྟེན་འདུས་དང་བྲག་ཡེར་བའི་མ་ཎིའི་རིལ་བུ། མི་ལ་རས་པའི་དབུ་སྐྲ་དང་། འབྲོམ་སྟོན་པའི་ན་བཟའ་དང་དབུ་ལྗོན། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན། ཞ་ལུ་བ་ལེགས་པ་རྒྱལ་མཚན། རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་སོགས་པའི་སྐྱེས་ཆེན་མང་པོའི་ན་བཟའ་དང་། གཞན་ཡང་རྒྱ་གར་དང་བལ་བོ། མདོ་དབུས་ཁམས་གསུམ་གྱི་གནས་ཆེན་དུ་མའི་ས་སྣ་ཆུ་སྣ་ཤིང་སྣ་སོགས་གང་འཛོམས་དག་ཐོན་ངོས་གཙང་བྱས་པ། བཤེས་གཉེན་དུ་མས་དྲིལ་སྒྲུབ་རྒྱུན་རིང་མཛད་ཅིང་། དགེ་འདུན་རིག་པ་འཛིན་པའི་ཚོགས་ཀྱིས་སྤྱན་དབྱེའི་ཆོ་ག་ལེགས་པར་བྱས་ཏེ་སྐྱེ་དགུ་ཡོངས་ཀྱི་བསོད་ནམས་གསོག་པའི་བྱིན་རྟེན་ཟད་མི་ཤེས་པའི་གཏེར་དུ་བསྒྲུབས་ཡོད་ལ། གཞན་ཡང་ལྷ་ཁང་འདིའི་སྟེང་དུ་རྒྱ་ཕིབས་བསྟད་ཅིང་། གཟི་བྱིན་རབ་ཏུ་འབར་བའི་རྟེན་གྱི་གཙོ་བོའི་ལྷ་ཁང་དུ་གྱུར་པས་བྱིན་རླབས་ཟད་མི་ཤེས་པའི་གཏེར་དུ་བསྒྲུབས་ཤིང་བཀྲ་ཤིས་རྒྱ་མཚོའི་དཔལ་གྱིས་ཀུན་ནས་མཛེས་པར་བྱས་སོ། །
གསུམ་པ། སྐྱེས་བུ་གྲགས་ཅན་ཞབས་ཀྱིས་བཅགས་པ་དང་ལོ་རྒྱུས་དོན་སྙིང་གི་སྐོར།
གཙུག་ལག་ཁང་འདི་ཉིད་ཆོས་རྗེས་ཕྱག་འདེབས་མཛད་པའི་རྗེས་སུ། ལྕང་སྐྱ་གོང་མ་དང་སྐལ་ལྡན་དངོས་སློབ་རོང་བོ་གྲུབ་ཆེན་ནི་གུ་བ་བློ་བཟང་དོན་གྲུབ། དེའི་སྲས་བློ་བཟང་མཆོག་ལྡན་པ་གཉིས་ཀྱིས་སྒྲུབ་སྡེ་བཏབ་སྟེ་ཡུན་རིང་བཞུགས། ཕྱིས་སུ་རིམ་བཞིན་དར་རྒྱས་ཆེན་པོ་བྱུང་། ལ་མོ་གསེར་ཁྲི་རིམ་བྱོན་དང་ཡབ་རྗེ་གསེར་ཁང་བ་ཐར་ཤུལ་རིན་པོ་ཆེ་སོགས་སྐྱེས་མཆོག་དུ་མས་ཞབས་ཀྱིས་བཅགས་ཡོད་ལ། ལྷག་པར་དུ་གནས་འདིར་གྲུབ་པའི་དབང་ཕྱུག་སྟོང་འཁོར་བསོད་ནམས་རྒྱ་མཚོ་དང་། མ་ཧཱ་པཎྜི་ཏ་དཀོན་མཆོག་འཇིགས་མེད་དབང་པོ། ཤར་ཀྭ་རིང་དཀའ་བཅུ་དཀོན་མཆོག་བསྟན་པའི་རྒྱལ་མཚན། ཧུ་ཐོག་ཐུ་བཤད་སྒྲུབ་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་མང་པོའང་གནས་འདིར་འཁྲུངས་པ་སོགས་ཀྱི་བྱིན་རླབས་ཆེ་ཞིང་སྣོད་བཅུད་ཀྱི་འདབ་བརྒྱ་ལྷུག་ལྷུག་བཞད་ཡོད།
མདོ་སྨད་སྣང་རའི་གསེར་ཁང་ནི་དགེ་ལྡན་པའི་མེས་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཕྱག་བཏབ་ནས་ད་ལྟའི་བར་དུ་ལོ་ངོ་དྲུག་བརྒྱ་དང་བདུན་ཅུ་ལྷག་གི་ལོ་རྒྱུས་ཡོད་པའི་ལྷ་ཁང་ཞིག་ཡིན་པར་མ་ཟད། དེ་ལ་བཀའ་གདམས་པ་དང་། དགེ་ལུགས་པ། རྙིང་མ་བ་ལ་སོགས་པའི་གྲུབ་མཐའི་སྐྱེས་ཆེན་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་། ལྷག་པར་དུ་སྐུ་རྟེན་དང་ལྡེབས་རིས་སུ་བཀོད་པའི་ཆོས་ལུགས་ཀྱི་ལོ་རྒྱུས་རྩ་ཆེན་མང་པོ་དང་། གཟུངས་གཞུག་ལ་སྐྱེས་ཆེན་མང་པོའི་ན་བཟའ་དང་དབུ་ལྗོན་སོགས་ཡོད་ལ། གཞན་ཡང་རྒྱ་གར་ནག་དང་། བལ་ཡུལ། མདོ་དབུས་ཁམས་གསུམ་སོགས་ཀྱི་གནས་ཆེན་དུ་མའི་ས་སྣ་ཆུ་སྣ་ཤིང་སྣ་སོགས་གང་འཛོམས་ཡོད་པ་དང་།
བཟོ་བཀོད་ཀྱི་ཐད་དུ་ལྷ་སའི་བསམ་ཡས་སོགས་ཀྱི་ཁྱད་ཆོས་དང་ཆ་འདྲ་བ་ཡོད་པས་བོད་ལུགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པར་བརྟེན་མདོ་སྨད་ཡུལ་དུ་བོད་ལུགས་ཅན་གྱི་ལྷ་ཁང་རྙིང་གྲས་ཀྱི་ཡང་རྩེ་རུ་བགྲངས་པར་མ་ཟད། དེའི་ལྡེབས་རིས་ནི་མདོ་སྨད་ཡུལ་གྱི་ཧ་ཅང་རྩ་ཆེན་ཞིག་ལ་རྩི་བཞིན་ཡོད། མདོར་ན་སྣང་རའི་གསེར་ཁང་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་།
ད་ལྟའི་བར་དུ་ཤེས་རིག་གི་བཙན་རྫོང་འདིར་མེ་ལོང་བཞིན་དུ་རང་ཉིད་ཀྱི་ལོ་རྒྱུས་འགྲེམས་སྟོན་མཛད་ནས་ལོ་ངོ་བདུན་བརྒྱར་སླེབས་ལ་ཉེ་བའི་བར་དུ་འགྱིང་ངེར་གནས་པ་ནི་ཇི་འདྲའི་རིན་ཐང་ཆེ་ལ། གཞན་ཡང་དད་ལྡན་གྱི་སྐྱེ་བོ་མང་པོའི་བློ་རྩེ་གཏོད་ས་དང་སེམས་ཁམས་དྭངས་མར་བྱེད་སའི་གནས་འགངས་ཆེན་ཞིག་ཡིན་པ་སོགས་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ཆེས་ཆེར་ལྡན་ནོ།། །།