འཇུ་རབ་གསལ་གྱི་རི་མོའི་བརྩམས་ཆོས་བདམས་བཀོད་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05


འཇུ་རབ་གསལ་ནི་ལོ་རབས་བརྒྱད་ཅུ་པར་ཁམས་མི་ཉག་ཏུ་སྐྱེས། ལོ་དགུ་ནས་བཟུང་ཀློག་བསླབས་ཤིང་རིམ་གྱིས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་སོགས་སུ་མི་ལོ་བཅུ་བདུན་ཙམ་ལ་མཚན་ཉིད་རིག་པ་དང་ཆོས་གཞུང་རིག་གནས་དང་བཅས་པར་སློབ་སྦྱོང་བྱས། ཆུང་དུས་ནས་རི་མོར་མོས་ཤིང་རྩོམ་རིག་ལ་དགའ་བས་སློབ་སྦྱོང་གི་ཞོར་དུ་དགའ་ཕྱོགས་མ་དོར་བར་རི་མོ་སྣ་ཚོགས་དང་རྩོམ་རིག་གསར་རྩོམ་ལ་ནན་གྱིས་ཞུགས། དུས་དེབ་དང་སྒེར་དེབ་སོགས་གང་མང་དུ་རྩོམ་ཡིག་དང་བར་བཅུག་རི་མོ་མང་ཙམ་བཀོད་མྱངས་ལ། 2011ལོ་ནས་པར་ལེན་དང་རི་མོ་འབྲི་བར་ཆེད་དུ་བརྩོན་པ་བྱས་ཤིང་ཁོའི་པར་རིས་བརྩམས་ཆོས་ལ་བྱ་དགའང་གང་འཚམ་ཐོབ་པ་སྟེ། 2014ལོར་པར་རིས་བརྩམས་ཆོས《མངོན་ཆུང་གི་ཟུར་མིག》ཅེས་པར་ཀྲུང་གོམཚོ་སྔོནགཙང་གསུམ་རྒྱལ་སྤྱིའི་པར་ལེན་འགྲན་སྡུར་ལས་བྱ་དགའ་ཨང་དང་པོ་ཐོབ་པ་དང་། དེ་བཞིན་2017ལོར“ཀྲུང་ཧྭའི་ཕུགས་འདུན། རང་བྱུང་གླུ་དབྱངས”ཞེས་པའི་སྐབས་གསུམ་པའི་གྲངས་ཉུང་མི་རིགས་དམངས་གླུ་འགྲན་སྡུར་སྐབས་ཀྱི་པར་རིས་གསར་རྩོམ་ཁྲོད་ཁོའི་བརྩམས་ཆོས《མཐོ་སྒང་གི་མཛེས་མ》ཞེས་པར་སྣང་བརྙན་ཆེས་ལེགས་པའི་བྱ་དགའ་ཐོབ།

ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། 

ཁོས་ཆེད་དུ་དགེ་རྒན་བསྟེན་ནས་རི་མོར་སྦྱོང་བ་བྱེད་མ་མྱོང་ཡང་ཡུན་རིང་གི་རང་སྦྱོང་གིས་གསར་རྩོམ་བྱས་པའི་ཁོའི་རི་མོར་དགའ་མཁན་མང་ལ། ཁོས་བྲིས་པའི་རབ་བཏགས་རི་མོ་འགའ་རེས་བོད་ཡུལ་དུ་བག་ཆགས་ཟབ་མོ་བཞག་ཡོད་པ་སྟེ། དཔེར་ན།《འབུ་ལོ་ཡག》དང《རྟ་འདོ་བ་དུད་འགྲོ་རྩྭ་གཟན་རེད》《བཙུན་ཆུང་སྙིང་ལ་རྗེ་བོ》《ལང་ཚོ་རྟག་བརྟན་གྱི་རྒྱན་དྲུག་མཆོག་གཉིས》《བདུད་རྩིའི་ལས་དབང》ལྟ་བུ་སོགས་ལ་དྲང་ལྡོག་གཉིས་ནས་དོ་སྣང་བྱེད་མཁན་དང་ཡི་རང་བྱེད་མཁན་མང་པོ་བྱུང་། ལྷག་ཏུ་2020ལོར་གསར་རྩོམ་བྱས་པའི་རབ་བཏགས་རི་མོ་སྟེ《རྒས་མི་སྲིད་པའི་དགེ་འདུན་ཆོས་འཕེལ》ནི་ལོ་དེའི་ཁོའི་བརྩམས་ཆོས་ཡག་ཤོས་ལྟ་བུ་ཡིན། ཁོས་ཐང་ག་དང་ཆུ་ཚོན་རི་མོ། སྣུམ་ཚོན་རི་མོ། གློག་རྡུལ་རི་མོ། དེ་བཞིན་མུ་ཏིག་ཚེམས་དྲུབ་རི་མོ་སོགས་ལག་རྩལ་སྣ་མང་ལའང་ཚོད་ལྟ་ལག་ལེན་བྱེད་བཞིན་ཡོད་ལ། ནང་དོན་གྱི་ཆ་ནས་ཀྱང་རབ་བཏགས་དང་། རྟགས་རིས་འཆར་འགོད། ཞལ་ཐང་འབྲི་བཞེངས། རྒྱན་བཀོད་བརྩམས་ཆོས། དེང་དུས་སྒྱུ་རྩལ། བྱིས་སྒྲུང་བཅུག་རིས་སོགས་སྣ་ཚོགས་པར་འཇུག་བཞིན་ཡོད། དེ་མིན་པེ་ཅིང་དང་ཁྲེང་ཏུའུ་སོགས་ནས་གཞུང་སྒེར་གྱི་བཤམ་སྟོན་དང་རྡེབ་ཚོང་ཡང་རེ་ཟུང་བྱས།

ད་ལྟ་དཀར་མཛེས་ཁུལ་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་དམངས་ཁྲོད་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། གངས་ཕྲུག་པར་ལེན་ཚོགས་པའི་ཚོགས་གཙོ། དཔལ་རི་གླིང་ཧ་མ་ལའི་དེང་དུས་སྒྱུ་རྩལ་ཁང་གི་གསར་རྩོམ་འགན་འཛིན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། 

ལང་ཚོ་རྟག་བརྟན་གྱི་རྒྱན་དྲུག་མཆོག་གཉིས།

རྒས་མི་སྲིད་པའི་དགེ་འདུན་ཆོས་འཕེལ། 

འབུ་ལོ་ཡག ། 

བདུས་རྩིའི་ལས་དབང་།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1