མེ་ད་གེ་སི་ཁ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05


མེ་ད་གེ་སི་ཁའི་མིང་ཆ་ཚང་ལ་མེ་ད་གེ་སི་ཁ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཧིན་རྡུ་རྒྱ་མཚོའི་ནུབ་རྒྱུད་དུ་གནས་པའི་ཧྥེ་གླིང་གི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། འཛམ་གླིང་གི་ཆེས་ཆེ་བའི་གླིང་ཕྲན་བཞི་པ་ཡིན། མེ་ད་གེ་སི་ཁ་ནི་ཡུའུ་ཡུས་མེ་ལི་ནཱ་ཚོ་པ་དང་པེ་ཞི་མུས་ཀྲ་ལ་ཁཱ་ཚོ་པ། པེ་ཞིས་ལའེ་ཚོ་པ་ལ། ས་ཁ་ལ་ཝ་ཚོ་བ་སོགས་ཚོ་རིགས་བཅོ་བརྒྱད་ཀྱིས་གྲུབ་ཡོད་པར་མ་ཟད། སྡོད་དམངས་མང་ཆེ་ཤོས་ཡེ་ཤུའི་ཆོས་ལུགས་ལ་དད་མོས་དང་ཧྥ་རན་སིས་སྐད་ཆ་སྲིད་ཕྱོགས་ཀྱི་སྐད་ཆ་ཡིན།

མེ་ད་གེ་སི་ཁའི་མི་རྣམས་ཀྱིས་བ་གླང་ལ་དམིགས་བསལ་ལམ་བླ་ན་མེད་པའི་དད་གུས་བྱེད། བ་གླང་ནི་རྒྱུ་ནོར་གྱི་མཚོན་རྟགས་དང་གླང་མགོ་ནི་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན། བ་གླང་ལ་ཕྲུ་གུ་ནང་བཞིན་བྱབས་ཁྲུས་བྱ་དགོས་པས་གཟའ་འཁོར་གཅིག་ནང་གི་ཉིན་ཞིག་ལ་བ་གླང་ལ་བཙན་ཤེད་ཀྱིས་ལས་ཀ་བྱེད་དུ་འཇུག་མི་རུང་། མེ་ད་གེ་སི་ཁ་ཆ་སྙོམས་མི་གཉིས་ལ་བ་གླང་གཅིག་རེ་ཡོད། དུར་འཇུག་རྒྱས་སྤྲོས་ཆེ་ཞིང་ལོ་བཞི་རེའི་ནང་མེས་པོའི་དུར་སློག་ནས་པུར་ལྭ་བརྗེ་བའི་མཛད་སྒོ་གཟབ་རྒྱས་སྤེལ་བར་བྱེད། གནམ་ལོ་གསར་ཚེས་ཀྱི་སྐབས་སུ། མི་རྣམས་ཀྱིས་ཕན་ཚུན་ལ་བྱའི་མཇུག་མ་བྱིན་ནས་སྨོན་འདུན་ཞུ། མེ་ད་གེ་སི་ཁའི་མིའི་ཁང་པ་དང་ཨ་ཧྥེ་རི་ཁ་གླིང་གི་སྐམ་ས་ཆེ་མོའི་ཁང་པ་གཏན་ནས་མི་འདྲ་བར་ཨེ་ཤ་ཡ་ཤར་ལྷོའི་མི་རིགས་ཁག་གི་མི་དམངས་ཀྱི་ཁང་པ་དང་ཧ་ཅང་འདྲ་པོ་ཡོད། དེང་རབས་གྲོང་ཁྱེར་གྱི་བཟོ་སྐྲུན་ལའང་ཕྱོགས་མང་པོ་ནས་སྲོལ་རྒྱུན་གྱི་བཟོ་སྐྲུན་རྣམ་པ་རྒྱུན་འཛིན་བྱས་པ་དང་། རྩིག་རྨང་ཧ་ཅང་མཐོ་ཞིང་ཁང་ཀླད་ཡང་མཐོ་ལ་རྩེ་མོ་འབིག་འབིག་ཡིན།

མེ་ད་གེ་སི་ཁའི་མི་རྣམས་ཀྱིས་རྒན་པར་བརྩི་བཀུར་བྱེད་དེ། སྤྱི་ཚོགས་ཀྱི་སྒྲིག་གཞི་མང་པོའི་ཁྲོད་ཀྱི་དོ་དམ་པ་མང་ཆེ་བ་ནི་ལོ་ན་མཐོ་བའི་མི་རེད། ཁོང་ཚོས་ལོ་ན་ཇི་ཙམ་ཆེ་ན་འཇིག་རྟེན་གྱི་བྱ་བ་དེ་ལྟར་རྟོགས་ཤིང་རྣམ་དཔྱོད་དེ་ལྟར་ཆེ་བར་བསམ་གྱི་ཡོད། མི་རྣམས་ཀྱིས་ཕྱི་རྒྱལ་གྱི་གྲོགས་པོ་ལ་ཧ་ཅང་མཛའ་གཅུགས་བྱེད་པ་དང་ངོ་འཕྲད་དུས་ཕྱག་འཇུ་གནང་།
མེ་ད་གེ་སི་ཁའི་གཞུང་ལམ་དུ། གལ་ཏེ་རླངས་འཁོར་དང་ནོར་ཁྱུ་ཕན་ཚུན་འཕྲད་ན་རླངས་འཁོར་གྱིས་ནོར་ཁྱུ་ལ་གཞོལ་དགོས་ཏེ། “དོན་མེད་དུ་བ་གླང་ལ་གནོད་འཚེ་གཏོང་མི་ཆོག་”པ་ནི་རྒྱལ་ཁབ་དེའི་མི་ཚང་མས་བརྩི་སྲུང་བྱེད་པའི་དམ་ཚིག་ཡིན།

ལོ་དུང་ཕྱུར་1.6གོང་རོལ་དུ། མེ་ད་གེ་སི་ཁ་གངས་ཝ་ན་ཀུའུ་སྐམ་ས་ནས་བྱེར་ནས་རིམ་གྱིས་གླིང་ཕྲན་ཞིག་ཏུ་གྱུར། ཁ་མ་བྲལ་གོང་དུ་གངས་ཝ་ན་ཀུའུ་སྐམ་སའི་ཁོངས་སུ་དེང་རབས་ཀྱི་མེ་གླིང་ལྷོ་མ་དང་།
ཨ་ཧྥེ་རི་ཁ་གླིང་། ལྷོ་སྣེའི་གླིང་། ཨོ་སི་ཁྲུ་ལི་ཡ་བཅས་དང་རྒྱ་གར་ཕྱེད་གླིང་དང་ཨ་རབ་ཕྱེད་གླིང་ཚུད་ཡོད། དེར་བརྟེན་མེ་ད་གེ་སི་ཁའི་གླིང་ཕྲན་གྱི་སྐྱེ་དངོས་ནི་གནའ་བོའི་ཨ་ཧྥེ་རི་ཁ་གླིང་དང་མེ་གླིང་ལྷོ་མའི་སྐྱེ་དངོས་རིགས་ལས་གྲུབ་པའི་རྨང་གཞིའི་ཐོག་དུས་ཡུན་རིང་པོར་རང་རྐྱ་འཕེར་བར་རིམ་འགྱུར་བྱས་པ་ལས་ད་ལྟའི་ཐུན་མོང་མ་ཡིན་པའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་གྲུབ་པ་རེད།

མེ་ད་གེ་སི་ཁའི་སྤྱི་ལེ་གྲུ་བཞི་མ་ཁྲི་59ཡོད་པ་དེ་རང་རྒྱལ་གྱི་སི་ཁྲོན་ཞིང་ཆེན་ལས་ཀྱང་ཅུང་ཆེ། ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་ཚེ་སྲོག་གི་རྣམ་པ་ལྡན་པས་དེའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་འགྲན་ཟླ་དང་བྲལ་བ་ཞིག་རེད། མེ་ད་གེ་སི་ཁ་དངོས་རིགས་ཁྲི་25ཡོད་པའི་ནང་70%ནི་མེ་ད་གེ་སི་ཁ་ཁོ་ནར་ཡོད་པ་ཞིག་རེད། མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་ནི་སྤྲེའུ་རིགས་100ལྷག་ཡོད།

མེ་ད་གེ་སི་ཁ་སྦལ་བའི་རིགས་300ལྷག་ཡོད་པ་དང་། 99%ནི་མེ་ད་གེ་སི་ཁ་དམིགས་བསལ་དུ་ཡོད་པ་རེད། གོག་འགྲོའི་རིགས་300ལྷག་ཡོད་ལ། 90%ལས་བརྒལ་བ་ནི་ས་གནས་དེ་ལ་དམིགས་བསལ་དུ་ཡོད་པ་རེད། དེའི་ནང་གི་དངོས་རིགས་ཁ་ཤས་དང་མེ་གླིང་ལྷོ་མའི་སྐྱེ་དངོས་རིགས་བར་གྱི་གཉེན་ཚན་གྱི་འབྲེལ་བ་ལྷག་ཏུ་ཐག་ཉེ། འདབ་ཆགས་རིགས་ཀྱི་གྲངས་འབོར་ཉུང་ནའང་། དེའི་ནང་གི་རིགས་115ནི་དམིགས་བསལ་དུ་ཡོད་པ་རེད།

མེ་ད་གེ་སི་ཁ་རྩི་ཤིང་སྣ་ཁ་12000ལྷག་ཙམ་ཡོད་པའི་ནང་70%ནས་80%བར་ནི་ས་གནས་དེ་གར་དམིགས་བསལ་དུ་ཡོད་ཅིང་། དེའི་ནང་རིགས་10དང་ཁོངས་གཏོགས་260ནི་མེ་ད་གེ་སི་ཁ་ཁོ་ནར་ཡོད་པ་རེད། ཤིང་ཏ་ལར་རིགས་170ཡི་ཁྲོད་དུ་རིགས་165དམིགས་བསལ་དུ་ཡོད་པ་ཞིག་རེད། སྣ་མའི་མེ་ཏོག་རིགས་1000ཙམ་ལས་85%ནི་ས་གནས་དེ་གར་དམིགས་བསལ་དུ་ཡོད་པ་ཞིག་རེད།

མེ་ད་གེ་སི་ཁ་ནི་གོ་ལ་ཧྲིལ་པོའི་དར་རྒྱས་ཆེས་ཆུང་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པས། དེའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་སྤྱིའི་ཐོག་ཏུ་རི་སྐྱེས་སྲོག་ཆགས་ལ་ལྟ་བའི་ཡུལ་སྐོར་བྱེད་སྒོ་འཕེལ་རྒྱས་ཕྱིན་པ་དེས་མེ་ད་གེ་སི་ཁའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པར་སྒུལ་ཤུགས་གལ་ཆེན་སྦྱིན་ཡོད། འོན་ཀྱང2020ལོར་ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་ས་གནས་དེ་གའི་ཡུལ་སྐོར་ཡོང་འབབ་ཆེས་ཆེར་ཆག་པ་དང་བསྐྱར་དུ་དབུལ་པོར་གྱུར་རྗེས་ས་གནས་དེ་གའི་མི་སེར་གྱིས་རང་བྱུང་ཐོན་ཁུངས་ལ་བརྟེན་ཚད་ཡང་བསྐྱར་ཆེས་ཆེར་འཕར། ན་ནིང་དང་དེ་བཞིན་ལོ་40ཡི་ནང་འབྱུང་མྱོང་མེད་པའི་ཐན་པ་བྱུང་བར་བརྟེན་ས་གནས་དེ་གའི་མི་རྣམས་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱ་རྒྱུ་ཕར་ཞོག་དེ་ལས་ལྡོག་སྟེ་མིའི་རིགས་ཀྱི་ཁ་ཟས་སུ་བསྒྱུར་བ་དང་། ཞིང་ལས་དང་རྒྱུ་ཆ་གསར་པའི་དགོས་མཁོ་ཆེ་རུ་ཕྱིན་ནས་མེ་ད་གེ་སི་ཁའི་ཕྱི་སྣོད་ཀྱི་མ་ལག་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་ཉམས་ཉེན་ཆེན་པོ་འཕྲད་བཞིན་ཡོད་པ་རེད།

ཝ་སྤྲེལ་ནི་མེ་ད་གེ་སི་ཁ་རྒྱལ་ཁབ་ཀྱི་ནོར་བུར་ངོས་འཛིན་ཞིང་། དེ་ནི་མགོ་བོ་ཝ་དང་ལུས་པོ་སྤྲེལ་དང་མཚུངས་པའི་འོ་འཐུང་སྲོག་ཆགས་ཤིག་ཡིན་ཞིང་།
ཝ་སྤྲེལ་གྱི་རྔ་མ་རིང་ཞིང་གཤིས་ཀ་གཡུང་མོ་ཡིན། རྒྱུན་དུ་ནགས་ཚལ་དུ་འཚོ་བ་དང་། སིལ་ཏོག་དང་སྡོང་ལོ་ཟས་སུ་བསྟེན། ཚོགས་དང་ཁྱུ་བྱས་ནས་འཚོ་བ་དང་། ཚན་རིག་པས་དེ་ནི་འགྱུར་རྡོ་གསོན་པོར་ངོས་འཛིན་ཞིང་། ད་ལྟ་ཁ་དག་ལ་ཉེའོ། །

འགྱུར་རྡོ་གསོན་པོའི་གླིང་ཕྲན་རྒྱལ་ཁབ་ཅེས་པ་ནི་མེ་ད་གེ་སི་ཁའི་མིང་གཞན་ཞིག་ཡིན་ཞིང་། གླིང་ཕྲན་དེར་ཁ་དག་ལ་ཉེ་བའི་སྲོག་ཆགས་དང་འགྱུར་རྡོ་མང་པོ། འཛམ་གླིང་ན་མཐོང་དཀོན་པའི་བྱ་རིགས་ཀྱི་སྒོ་ངའི་འགྱུར་རྡོ། ཁ་དག་ཟིན་པའི་ཝ་སྤྲེལ་གྱི་ཀོང་རུས་སོགས་ཡོད་པ་དང་། དེ་དག་ནི་གནའ་བོའི་སྐྱེས་དངོས་རིག་པའི་སྡེ་ཡི་ཁྱད་ནོར་དུ་ངོས་འཛིན་ནོ། །
གཞན་ད་དུང་གཏུམ་འབྲུག་དང་ཆུ་རྟ། ཆུ་སྲིན་སོགས་ཀྱི་འགྱུར་རྡོ་དང་རིགས་མི་འདྲ་བའི་འབུ་སྲིན་དང་ཕྱེ་མ་ལེབ། རྩི་ཤིང་སོགས་ཀྱི་འགྱུར་རྡོའང་མཐོང་རྒྱུ་ཡོད་དོ། །

མདོག་འགྱུར་ད་བྱིད་ནི་མེ་ད་གེ་སི་ཁ་གླིང་ཕྲན་དུ་འཚོ་ཞིང་དེའི་གྲངས་ཀྱིས་འཛམ་གླིང་གི་མདོག་འགྱུར་ད་བྱིད་ཀྱི་ཕྱེད་ཀ་ཟིན། མདོག་འགྱུར་ད་བྱིད་ནི་གནམ་གཤིས་ཀྱི་དྲོད་གྲངས་དང་སེམས་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར་བཞིན་ཡོད་པ་དང་། ཉེ་འགྲམ་གྱི་ཁོར་ཡུག་གི་ཁ་དོག་དང་བསྟུན་ནས་རང་ཉིད་ཀྱི་ཁ་དོག་འགྱུར་ནས་རྫུན་ཆས་སྤྲས་པ་ཡིན་ཞིང་། མདོག་འགྱུར་ད་བྱིད་ཀྱི་མིག་ཟུང་གོང་འོག་དང་གཡས་གཡོན་འཁོར་བར་མ་ཟད། མིག་དབང་རྣོ་ཞིང་མཐོང་ལམ་ཡངས། སྡོང་པོའི་མགོར་གཉེན་པོར་འཕྲད་ཚེ། མྱུར་དུ་སྡོང་བོའི་ཡལ་ག་བཅད་དེ་ཐང་ལ་བབས་ནས་ཐར་བར་བྱེད། །

སྙིང་རྒྱལ་བྱམས། ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1