༄༅།།འབའ་པའི་ཁྱད་ཟས་ཏེ་སྤྲིན་རུབ་བམ་མཐུན་སྒྲིལ་ཕོ་ལོག་གི་ངོ་སྤྲོད་བསྡུས་པ།

རྩོམ་པ་པོ། ཁམས་གསེར་ཐིག རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 01-14


གླེང་གཞི།

འབའ་ཐང་གི་མཐུན་སྒྲིལ་ཕོ་ལོག་གམ་སྤྲིན་རུབ་ནི་ཁམས་འབའ་ཐང་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཟས་རིགས་ཤིག་ཡིན་ལ། ཟས་རིགས་འདི་ཉིད་ནི་ནམ་རྒྱུན་མཐོང་བ་དང་རྟག་པར་རོལ་བའི་ཕོ་ལོག་དང་ཁྱད་པར་ཆེན་པོ་ཡོད་པ་ཡིན་ཏེ། དཔེར་ན་དབྱིབས་ཀྱི་ཆེ་ཆུང་དང་ནང་ལ་གཞག་རྒྱུའི་རྫས་སོགས་ནས་ཀྱང་ཁྱད་པར་མངོན་གསལ་མཐོང་ཐུབ་པ་ཡིན། ཡུལ་འདིར་མཚོན་ན་ཁ་ཟས་འདི་ནི་དུས་ཆེན་འདྲ་མིན་དང་སྟོན་མོ་ཆེ་ཆུང་ཀུན་ཏུ་གསོལ་བའི་ཟས་མཆོག་ཅིག་ཡིན་པར་མ་ཟད། སངས་རྒྱས་སྨན་ལྷའི་དུས་ཆེན་ལ་དམིགས་བསལ་དུ་མཐོང་ཆེན་བྱེད་པའི་བོད་ཀྱི་རིག་གནས་ཀྱི་ཐོན་རྫས་ཤིག་ཡིན་པ་རེད།

འབའ་པའི་ཁྱད་ཟས་ཏེ་སྤྲིན་རུབ་བམ་མཐུན་སྒྲིལ་ཕོ་ལོག་གི་ངོ་སྤྲོད་བསྡུས་པ།

དེང་འདིར་ཡུལ་འདིའི་མི་དང་ཟས་འདིར་ཅུང་ཙམ་ཆ་རྒྱུས་ཡོད་མཁན་ཞིག་ཡིན་ཚེ། ཟས་རིགས་འདི་ནི1950ལོར་བཅིངས་འགྲོལ་དམག་གི་འབུམ་ཤོག་བཅོ་བརྒྱད་པ་འབའ་ཐང་དུ་ཡོང་སྐབས། གནས་འདིའི་སྲིད་གཞུང་དང་ཡུལ་མི་དག་གིས་དགའ་བསུ་མཚོན་བྱེད་དུ་སྟོན་མོ་སྤེལ་དུས། གསར་དུ་ཐོན་པའི་ཕོ་ལོག་བཅའ་སྟངས་ཤིག་ཡིན་པར་བཤད་ཅིང་། ཡང་འདོད་ཚུལ་གཞན་ཞིག་ནི་སྐབས་དེར་དམར་སྒར་དུ་མ་བྱན་ཁར་ཁེར་གྱིས་གསར་དུ་བཏོད་རྗེས་ཤུལ་དུ་ལྷག་པའི་རིག་གནས་སམ་ལག་རྩལ་ཞིག་ཡིན་པ་ཡང་མང་པོ་ཞིག་གིས་འདོད་མོད། བདག་གིས་ཡུལ་འདིའི་རྒས་འཁོགས་ཁ་ཅིག་ལ་དྲིས་པའི་ལན་དུ་ནི་དམར་དམག་ཡོང་སྐབས་གཞི་ནས་དར་བ་མ་ཡིན་པར་སྔོན་ནས་ཡོད་པར་ནན་གྱིས་བསྙད། དེང་སྐབས་འདིའི་སྐོར་གྱི་ཡིག་ཆ་སོགས་གསལ་བོ་མི་རྙེད་པ་ཡང་སྔོན་ཆད་ཟས་རིགས་འདི་འདྲ་བཟོ་བར་རྒྱུ་ཆ་མང་བ་དང་ཆ་རྐྱེན་གང་ལེགས་དགོས་ཕྱིར་མང་ཚོགས་དབུལ་པོ་དག་གི་ཟས་སྐལ་མིན་པར། དུད་ཚང་དམིགས་བསལ་ཁ་ཅིག་གིས་ལོངས་སུ་སྤྱོད་ཡུལ་ཙམ་ཡིན་པས་ན། ལོ་རྒྱུས་ཡིག་ཆ་དག་ཏུ་ཡང་རབ་རིབ་ཅིག་ལས་མེད་པ་ཡིན་སྙམ་ཞེས་གསུངས། ལར་ནས་རང་རེའི་ཡིག་རྙིང་གཅིག་གཉིས་ལས་ཕོ་ལོག་དང་རྗེན་སྲེག་ཅེས་པའི་ཐ་སྙད་སྐམ་པོ་རེ་བྱུང་ཡང་དེའི་འགྲེལ་བ་དང་ལོ་རྒྱུས་སོགས་བྲིས་ཡོད་པ་ནི་ཉིན་མོའི་སྐར་མ་ལྟར་རོ།།

དེ་བས་སྔོན་གྱི་རྒྱའི་ལོ་རྒྱུས་ཡིག་ཚང་དག་ཞིབ་ཏུ་མཇལ་ཚེ། ཕོ་ལོག་ཅེས་པའི་ཟས་རིགས་འདི་ཐོག་མར་བྱུང་སའི་ཡིག་ཆའི་མིང་ལ《བག་ཟན་གྱི་རབ་བྱེད།》 (饼赋)ཞེས་འབོད་ཅིང་། རྩོམ་མཁན་ནི་ཞི་ཅིན(西晋)སྐབས་ཀྱི་ཧྲུའུ་ཞི(束皙)ཞེས་འབོད་པའི་རྩོམ་མཁན་གྲགས་ཅན་ཞིག་རེད། དེབ་འདི་རུ་གྲོ་ཕྱེ་འམ་རྗེན་རིགས་ཀྱི་ཟས་རིགས་ངོ་སྤྲོད་མང་པོ་བྱས་ཡོད་པར་མ་ཟད། “དབྱར་གསུམ་དུས་ཀྱི་སྟོན་མོ་ལ།། ཕོ་ལོག་གསོལ་ཚེ་ཁམས་དང་འཕྲོད།།” ཅེས་པའི་ཕོ་ལོག་གི་ཐ་སྙད་འདི་ཐོག་མར་ཡིག་ཚང་ལས་མངོན། དེ་བཞིན་སུང་རྒྱལ་རབས་སྐབས་ཀའོ་ཁྲེང(高承)ལགས་ཀྱིས་མཛད་པའི《བྱ་དངོས་ཀྱི་ཟིན་བྲིས།》 (事物原纪)སོགས་ཀྱི་ནང་དུ་ཡང་ཕོ་ལོག་ཅེས་པ་འདི་དུས་རབས་གསུམ་པའི་མགོ་རུ་ཀྲུའུ་ཀུ་ལཱང་གིས(诸葛亮)གསར་དུ་བཏོད་པ་ཞིག་ཡིན་ཞེས་རྒྱའི་ཡིག་ཚང་དུ་འདིའི་སྐོར་གྱི་གནས་ཚུལ་དང་དཔྱད་པ་ཤིན་ཏུ་མང་པོ་ཡོད་ཀྱང་། རང་རེའི་ཡིག་ཚང་དག་ཏུ་བོད་ཀྱི་ཟས་རིགས་འདིའི་སྐོར་གྱི་ཡིག་ཆ་ཁུངས་བཙན་ཞིག་ཕལ་ཆེར་མ་མཐོང་བ་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ་ཡང་ཤིན་ཏུ་ཉུང་བར་བསྟུན། སྐབས་སུ་བབས་པའི་འབའ་ཐང་ཕོ་ལོག་གི་ལོ་རྒྱུས་ཀྱང་ངག་རྒྱུན་ནམ་བཤད་རྒྱུན་རབ་རིབ་ཅིག་ལས་གནས་སྐབས་མེད་པས། བདག་གིས་ཟས་རིགས་འདིའི་མིང་གི་རྣམ་གྲངས་དག་བཀོད་ནས་དཔྱད་གཞི་ཙམ་ཕུལ་བ་ལགས་ན་གཟུར་གནས་མཁས་པ་དག་གིས་ཡུན་གྱིས་དཔྱད་པར་འཚལ་ལོ།།

མིང་གི་རྣམ་གྲངས།མཐུན་སྒྲིལ་ཕོ་ལོག

མིང་འདི་ནི་འབའ་ཐང་གི་ཁྱད་ཟས་འདིའི་རྒྱ་སྐད་ཀྱི་འབོད་མིང་གཙོ་བོ་རུ་ཆགས་ཡོད་ཅིང་། འདི་ཡང་གོང་གི་དམར་དམག་འབའ་རུ་ཡོང་བའི་བཤད་རྒྱུན་དེ་ལ་འབྲེལ་བ་ཏོག་ཙམ་ཡོད་དེ། སྐབས་དེ་དུས་མི་རིགས་མཐུན་སྒྲིལ་གྱི་ཨ་ལོང་དམ་པོར་ཡོང་བ་དང་། དམག་མི་དང་བོད་དམངས་བར་ལ་མཐུན་སྒྲིལ་གྱི་ཉི་མ་ཤར་བའི་སྨོན་འདུན་དང་རྟེན་འབྲེལ་ཚུལ་དུ་དེ་འདྲར་བཏགས་པར་གྲགས།

སྤྲིན་རུབ།

ཡུལ་འདིའི་རྒན་པ་དང་མི་སེར་དག་གིས་ཟས་རིགས་འདི་ལ་སྤྲིན་རུབ་ཅེས་རྟག་པར་འབོད་ལ། མིང་འདི་ལ་བཤད་རྒྱུན་ཡང་མི་འདྲ་བ་གཉིས་འདུག་སྟེ། གཅིག་ནི་ཕོ་ལོག་གི་དབྱིབས་ཀྱི་ཁྱད་ཆོས་ཏེ་སྤྲིན་ལྟར་རུབ་རུབ་གཅིག་ཏུ་སྤུངས་བས་ན་དེ་ལྟར་སྔོན་ནས་ཐོགས་པར་བཤད་ཀྱང་། ཡང་ཁ་ཅིག་ན་རེ། དེ་ནི་རྒྱའི་སྐད་དོད蒸肉ཞེས་པ་བོད་དུ་སྒྲ་སྒྱུར་དུ་ཡོང་བར་བཤད་ལ། ཕོ་ལོག་ཆེ་བའི་རྐྱེན་གྱིས་ནང་སྙིང་གི་ཤ་ཡང་ཤིན་ཏུ་ཆེན་པོར་མཐོང་བས་ན་ཤ་བཙོ་བ་ཞེས་པའི་རྒྱའི་ཐ་སྙད་དེ་ཐོགས་ཤིང་། དེ་རིམ་གྱིས་བོད་སྒྱུར་བྱས་པར་ཡང་གྲགས་སོ།།

ཇག་པ་ཕོ་ལོག

འདི་ལྟར་འབོད་མཁན་དེ་འདྲ་མང་པོ་ཆགས་མེད་ལ། འབའ་ཐང་གི་ལུང་ཁུག་ཁར་ཁེར་དུ་དེ་ལྟར་འབོད་བཞིན་ཡོད་པ་ལས་མང་ཆེ་བས་གོང་གི་དེ་གཉིས་རྒྱུན་ཆགས་ཀྱིས་འབོད་བཞིན་ཡོད། མིང་འདི་ཐོགས་སྟངས་ནི་འདི་ལྟར་ཏེ། སྔར་གྱི་རི་ཁུག་ལུང་ཁུག་དག་ཏུ་རྐུན་ཇག་སྐོར་གྱིས་རྟག་པར་ཕོ་ལོག་ཆེན་པོ་འདི་འདྲ་བཟོས་ནས་ཟ་བ་མཐོང་བས་ན་དེ་ལྟར་བཏགས་པའོ།། མིང་འདི་ཉིད་ད་དུང་ཟས་རིགས་འདི་ཇི་ལྟར་བྱུང་བའི་ལོ་རྒྱུས་ཀྱི་མི་སྣ་དེ་དག་ལ་ཡང་འབྲེལ་བ་ཡོད་པར་འདོད་མོད། འདིར་སྐབས་སུ་མ་བབས་པས་བསྐྱུར་རོ།།

མཇུག་བསྡུ་བ།

ཁམས་ཀྱི་ཡུལ་གཞན་པ་དང་བསྡུར་ན་འབའ་ཐང་ནི་ལྟོས་བཅས་ཀྱིས་བཤད་ན་རིག་གནས་གཞན་པའི་ཤུགས་རྐྱེན་ཐེབས་པ་སྔ་ཤོས་སུ་ཆགས་ཡོད་ལ། དུས་རབས་ཉི་ཤུའི་མགོ་ཙམ་དུ་ཡེ་ཤུའི་ཆོས་སྤེལ་བ་ཡོང་ནས་ཆོས་ལུགས་དང་སློབ་གསོ་ལ་ཇུས་གཏོགས་བྱས་པ་དང་། རྗེས་སུ་ཕྱི་ནང་གི་ཚོང་བ་སོགས་ཕེབས་ནས་ཚོང་གི་ལྟེ་བ་རུ་གྱུར། དེ་བཞིན་དུས་འགྱུར་རབ་དང་རིམ་པ་བྱུང་སའི་ས་གནས་ཀྱི་གཙོ་བོ་ལྟ་བུར་གྱུར་ཡོད་པར་བསྟུན་ནས་ཆེ་ས་ནས་ཆོས་ལུགས་དད་མོས། ཆུང་ས་ནས་ཟས་གོས་གཡོས་སྦྱོར་སོགས་ལ་ཡང་མི་རིགས་གཞན་པའི་ཤུགས་རྐྱེན་ཐེབས་ཡོད་པ་དང་འགྱུར་ལྡོག་བྱུང་ཡོད་པ་དེ་མངོན་གསལ་གྱིས་མཐོང་ཐུབ་པ་རེད། འོན་ཀྱང་རིག་གནས་སྐོར་ཞིག་ནི་རང་གི་ཡིན་བཞིན་དུ་གཞན་གྱི་རིག་གནས་ཀྱི་རླུང་འཚུབ་ཆེན་པོ་རུ་འཐིམ་བཞིན་ཡོད་པས། ལོ་རྒྱུས་པ་དག་གིས་རང་སྐལ་མ་ཤོར་བའི་སྒོ་ནས་སྟོང་ཆར་ལྷག་པའི་རིགས་ཚན་འདི་དག་གི་སྐོར་གྱི་ཡིག་ཆ་དང་ངས་བྲིས་པའི་རྩོམ་ཐུང་འདི་དག་ལ་དེ་བས་ཀྱང་ཁ་སྐོང་ཚད་ལྡན་དང་། ཞིབ་འཇུག་དཔྱིས་ཕྱིན་པ་བྱེད་པར་སྙིང་ནས་རེ་ཞིང་སྒུག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1