གླུ་ཐ་ལ་ལ་མོ་ཐ་ལ་ལེན།། ཨ་ལ་ལ་མོ་ཨ་ལ་རེད།། ཤར་གཡུ་ལོ་བཀོད་པའི་ཞིང་ཁམས་སུ།། དུང་ལོ་འབར་བའི་ཕོ་བྲང་ན།། གསེར་ལོ་འབར་བའི་ཁྲི་སྟེང་ན།། མ་ཐུགས་རྗེ་སྒྲོལ་དཀར་ཚེ་ཡི་ལྷ།། རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས།། ཚོགས་ཟག་མེད་དགའ་སྟོན་སྩལ་ཏུ་གསོལ།། ས་འདི་ཡི་ས་ངོ་མ་ཤེས་ན།། གླིང་ཚོ་ཆེན་ལྷ་སྡེ་དཀར་པོ་རེད།། གླིང་འདུ་ཐང་སྤང་ལྗོངས་ཕྱུག་མོ་རེད།། གླིང་བདེ་སྐྱིད་ཆགས་པའི་གསེར་གཞོང་རེད།། མ་ང་དང་ང་ངོ་མ་ཤེས་ན།། ས་གླིང་དཀར་ཕུ་དྲུག་འདབས་དང་བདུན།། སྐྱ་རེངས་གད་པའི་རྔམ་དང་བརྒྱད།། དུང་མཚོ་དཀར་མོའི་རླབས་དང་དགུ།། ཕོ་བྲང་སྟག་རྩེ་ཟིལ་དང་བཅུ།། བཅུ་འཛོམས་བཀྲ་ཤིས་ར་བ་ནས།། དགའ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ཡིན།། གླུ་འདི་ཡི་གླུ་ངོ་མ་ཤེས་ན།། ཨ་སེར་མོའི་དགུ་སེང་དྲུག་འགྱུར་ཟེར།། ང་ཤ་ཁྲག་གཟུགས་སུ་གྲུབ་ན་ཡང་།། ལྷ་སྒྲོལ་མ་དཀར་མོའི་སྤྲུལ་པ་ཡིན།། སྐྱེ་སྔོན་མའི་ལས་དབང་སྨོན་ལམ་གྱིས།། ཡབ་སྐྱ་ལོ་སྟོན་པའི་སྲས་མོ་རེད།། གཟུགས་སྐྱེས་པ་མི་འདྲ་བྲིས་པ་འདྲ།། མིང་གཞན་འདོགས་མི་དགོས་རང་གྲུབ་ཡིན།། དཀར་ཡག་གངས་ནས་སེང་གེ་འགྱིང་།། དོག་མོ་ས་ནས་ལྕམ་དཀར་འཁྲུངས།། ལྷོ་སྤྲིན་གསེང་ནས་གཡུ་འབྲུག་གྲགས།། སེང་ལྕམ་འབྲུག་མོ་དེ་ནས་ཐོགས།། སྐྱ་ལོའི་སེང་ལྕམ་འབྲུག་མོ་ངས།། གླིང་སེང་ཆེན་རྒྱལ་པོར་ཞུ་བ་འབུལ།། མཐོན་པོའི་གཉའ་གནོན་གནང་མཁན་དགོངས།། དམའ་བའི་འདབས་ནས་སྐྱོང་མཁན་གསོན།། སྟོབས་བཅུ་རྫོགས་པའི་ཟིལ་གནོན་ཉོན།། ང་སྔོན་བསགས་ལས་ཀྱི་ཇ་མར་ཐོན།། རྐྱེན་ཚོགས་བསགས་ཆུང་བས་གསོན་སྐྱུར་རྒྱབ།། སྨན་ང་ལ་ཞྭ་ཅིག་ཡོད་པ་འདི།། ཕྱི་རི་མོ་གཡུ་འབྲུག་ཁ་སྤྲོད་བབས།། ནང་རི་མོ་བཀྲ་ཤིས་རྟགས་བརྒྱད་བབས།། ལོགས་རི་མོ་རྨ་བྱའི་འདབ་བརྒྱད་ཡོད།། ཞྭ་ཁ་རྒྱན་གླང་ཆེན་འགྱིང་འདྲ་ཡོད།། ཞྭ་ལུང་འཇའ་ཚོན་སྣ་ལྔ་ཡོད།། མི་སུ་ལ་མི་སྟེར་དམ་བཅའ་ཡོད།། གླིང་སེང་ཆེན་རྒྱལ་པོ་ཁྱེད་ལ་འབུལ།། ངའི་ལག་ན་ཡོད་པའི་ཆང་སྐྱེམས་དེ།། ཆང་འདི་ཡི་ལོ་རྒྱུས་བཤད་པས་ན།། གནམ་ཨ་སྔོན་སྤྲིན་གྱི་དབྱིངས་རུམ་ནས།། ལྷོ་གཡུ་འབྲུག་སྔོན་མོས་ངར་སྐད་བསྒྲགས།། གསེར་འོད་ཅན་གྱི་གློག་དམར་འཁྱུགས།། བདུད་རྩི་བསིལ་མའི་སྦྲང་ཆར་བབས།། སྦྲང་ཆར་དེ་ཡི་དྭངས་མའི་བཅུད།། ཆང་དེ་ནས་ས་གཞིའི་དཀྱིལ་ལ་བབས།། ས་དོག་མོ་རིན་ཆེན་གསེར་གཞོང་ན།། འབྲུ་སྣ་ལྔའི་ལོ་ཏོག་ཞིང་ལ་འཁྲུངས།། སྟོན་འབྲུ་དྲུག་ཡག་ལ་ཟོར་བས་བྲེག ། མཛོ་ཁྱུང་དཀར་ཡག་ལ་ཆ་མཉམ་བྱས།། རྡོ་གོར་མོ་ཡག་ལ་འུར་ཞིང་དྲུད།། ཤིང་ལྕང་དཀར་ཡག་ལ་ཁེམ་སྟེང་ནས།། རླུང་སྐྱི་སེར་ཡག་ལ་དགུང་དུ་ཕྱར།། ས་གྲུ་བཞིའི་བང་མཛོད་ཆེན་པོའི་ནང་།། སྨུག་སེང་ངེ་ནས་འབྲུའི་གང་ཞིང་དར།། ཆང་དེ་ནས་རྒྱ་ཐབ་བརྒྱུད་ནས་དར།། རྒྱ་ཐབ་ཁྲ་མོའི་ཁྲི་ཐོག་བརྒྱུད།། འཁར་ཟངས་བཀྲ་ཤིས་འཁྱིལ་བའི་ནང་།། སྣམ་དཀར་རས་ཀྱིས་དག་གཙང་བྱས།། སྔོན་མོ་ཆུ་ཡི་རླངས་ཀྱིས་བཙོས།། དམར་པོ་མེ་ཡི་ངར་ལས་དར།། དེ་ནས་བལ་གདན་དཀར་མོའི་སྟེང་།། ཉིང་ཁུ་ཕབ་ཀྱིས་ངར་ཞིག་བཏབ།། ཁྱོན་ཡངས་རྫ་མའི་ནང་དུ་བསྙལ།། དེ་ལོ་ལ་བསྙལ་བའི་ལོ་ཆང་རེད།། ལོ་ཆང་བདུད་རྩི་ཁམ་པ་ཟེར།། ཟླ་ལ་བསྙལ་བའི་ཟླ་ཆང་རེད།། ཟླ་ཆང་བདུད་རྩི་བསིལ་མ་ཟེར།། ཞག་ལ་བསྙལ་བའི་ཞག་ཆང་རེད།། ཞག་ཆང་བདུད་རྩི་འཁྱིལ་བ་ཟེར།། གླིང་གེར་འཛོ་གཉན་པོའི་ཚེ་ཆང་རེད།། སྐུ་སེང་ཆེན་རྒྱལ་པོའི་སྒྲུབ་ཆང་རེད།། ན་ནིང་གི་ལོ་ཆང་ཁམ་པ་ལ།། ད་ལོའི་འབྲས་ཆང་སིལ་མ་བཏབ།། སྦང་མ་ཁ་ལ་ལྡིང་བ་ལ།། བྱ་ཐང་དཀར་རྩེ་སྒྲོ་རྒྱས་པ་འདྲ།། བར་ལ་འཁོར་ལོ་འཁོར་བ་འདྲ།། འཁོར་ལོ་རླུང་གིས་བསྐྱོད་འདྲ་ཡིན།། གཏིང་ན་ཡོད་པ་ཉ་མོ་འདྲ།། ཉ་གསེར་མིག་ཆུ་ནས་བུད་འདྲ་ཡིན།། ཕར་ལ་ཕུས་ཤིག་བཏབ་ཙ་ན།། རི་སྲིབ་སྨུག་པས་བཟུང་འདྲ་ཡིན།། ཚུར་ལ་ཧུབ་ཅིག་འཐུང་ཙ་ན།། བྱིའུ་ནག་ཆུ་ལ་རུབ་འདྲ་ཡིན།། དབང་ཆེན་པོའི་དཔོན་གྱིས་བཞེས་པ་ན།། ཐུགས་རྒྱ་ཆེན་མཁའ་དང་མཉམ་པ་ཡིན།། ཕོ་སྙིང་མེད་ལམ་འགྲོའི་སྐྱེལ་མ་ཡིན།། དཔའ་དགྲ་ལ་མཆོང་པའི་ངར་མདོག་ཡིན།། སྟེང་ལྷ་ལ་མཆོད་ཕུལ་གྱུར་ན།། ལུས་ཁྲབ་ཆེན་རྨོག་དཀར་དབུ་འཕང་མཐོ།། གཡས་གཉན་ལ་མཆོད་ཕུལ་གྱུར་ན།། ཕྱག་གཡས་མཐེབ་རྩལ་མདའ་ཤུགས་ཆེ།། གཡོན་ཀླུ་ལ་མཆོད་ཕུལ་གྱུར་ན།། གཡོན་པའི་མཆོག་དཀར་གཞུ་མོ་བརྟན།། ཆང་འདི་བཞེས་ཡོན་ཏན་མང་པོ་ཡོད།། ཆང་འདི་འདྲ་བོད་ན་དཀོན་པ་ཡིན།། མཐོ་མི་ཆེན་དཔོན་པོའི་བཞེས་རྒྱུ་རེད།། སེམས་སྡུག་བསྔལ་ཅན་ལ་བདེ་བ་སྟེར།། སྐྱིད་གླུ་དང་གར་གྱི་འབྱུང་ཁུངས་རེད།། སྐུ་སེང་ཆེན་རྒྱལ་པོས་ཆང་འདི་བཞེས།། གླིང་གཙུག་རྒྱན་ནོར་བུ་བཞུགས་རོགས་མཛོད།། ༼ གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཆོས་སྒྲུང་དང་བཤད་པ་རྣམ་བདུན་ལས་དྲངས། ༽