སའི་ཆགས་ཚུལ་ཤིན་ཏུ་རྙོག་འཛིང་ཆེ་བའི་གྲོག་རོང་ཆེན་མོ་ཞིག་གི་བར་ན་ངོགས་གཉིས་ལ་བགྲོད་བྱེད་ཀྱི་ལྕགས་ཟམ་ཆེན་པོ་ཞིག་ཡོད། ཟམ་འོག་ན་དྲག་ཏུ་རྒྱུག་པའི་ཆུ་བོའི་བཞུར་སྒྲས་རྣ་རྩ་འགས་པར་བྱེད་ཅིང་དྲག་ཏུ་འཕྱོ་བའི་རྦ་རླབས་ཀྱིས་སྙིང་རྩ་འདར་བར་བྱེད། ཟམ་ཆེན་དེ་བརྒལ་ཐུབ་པའི་མི་ཤིན་ཏུ་ཉུང་ཞིང་བརྒལ་ན་ཉེན་ཁ་ཆེ་བས་མི་རྣམས་ཀྱིས་དེ་ལ་གཤེད་མའི་གྲོག་རོང་ཞེས་སུ་འབོད།
ཉིན་ཞིག མནའ་བཅད་གྲོགས་པོ་གཉིས་ཡོད་པ་དོན་དག་ཅིག་གི་ཕྱིར་དུ་ངེས་པར་དུ་གྲོག་རོང་ན་ཡོད་པའི་ལྕགས་ཟམ་དེ་བརྒལ་དགོས་པ་བྱུང་བས། ཁོ་གཉིས་ཀྱིས་ལག་པ་རེ་རེས་ལྕགས་ཟམ་གྱི་དཔྱངས་ཐག་ལ་འཇུས་ཤིང་། ཡང་ལག་པ་རེ་རེས་ཕན་ཚུན་ལ་འཇུས་ནས་གོམ་པ་རེ་རེ་སྤོས་ཏེ་ཟམ་པའི་ཕ་རོལ་བརྒལ། ཟམ་པ་དང་ཐག་མི་རུང་བའི་སར་ན་ཡོད་པའི་ན་གཞོན་ཞིག་གིས་མནའ་བཅད་གྲོགས་པོ་དེ་གཉིས་དཀའ་ཚེགས་ཆེན་པོ་མེད་པར་ཟམ་པ་བརྒལ་བ་མཐོང་ནས་བསམ་བློ་ཅི་ཡང་མི་གཏོང་བར་རང་ཉིད་ཀྱང་ཟམ་པ་བརྒལ་བ་ན། བར་མཚམས་ཤིག་ལ་ཐོན་དུས་ཆུ་བོའི་བཞུར་སྒྲ་དང་རྦ་རླབས་དྲག་པོའི་གནོན་ཤུགས་འོག་ན་གཞོན་དེའི་རྐང་པར་འདར་ཟུག་བརྒྱབ་ནས་འགྲོ་མ་ཕོད། ཡང་བསྐྱར་རྦ་རླབས་དྲག་པོ་ཞིག་འཕྱུར་བྱུང་། ཁོ་རང་སྐྲག་ནས་མིག་གཉིས་བཙུམ་པ་དང་ལག་པ་གཉིས་ཀྱིས་རྣ་བ་བཀབ་པ་ན་རྦ་རླབས་དང་ལྷན་དུ་ལྡིང་བའི་དྲག་རླུང་ཞིག་གིས་ན་གཞོན་དེ་ལྕགས་ཟམ་གྱི་འོག་ཏུ་གཡུགས་པ་དང་། ན་གཞོན་གྱི་ཚེ་སྲོག་ཀྱང་སྐད་ཅིག་ལ་བཅོམས་ནས་མི་སྣང་བར་གྱུར།
མནའ་བཅད་གྲོགས་པོ་གཉིས་ཀྱིས་ལྕགས་ཟམ་འདི་བརྒལ་ཐུབ་པའི་གནས་ཚུལ་ལ་མི་རྣམས་ཡ་མཚར་ནས་སྔར་ཡིན་ན་ལྕགས་ཟམ་དེ་བརྒལ་ཐུབ་མཁན་ཕལ་ཆེར་མེད་པ་དང་ཉེན་ཁ་ཤིན་ཏུ་ཆེ། ཁྱེད་གཉིས་ལ་ཐབས་ཤེས་ཅི་འདྲ་ཡོད་ཅེས་དྲིས་པ་ན།
མནའ་བཅད་གྲོགས་པོ་གཉིས་ཀྱིས་ཟམ་པ་ཞིག་བརྒལ་བ་ལ་དེ་འདྲའི་ཡ་མཚར་དོན་ཅི་ཡོད་ཅེས་ལན་བཏབ།
ཅང་མ་འགོར་བར་དེའི་ནང་གི་གྲོགས་པོ་གཅིག་གིས་ང་ནི་ལོང་བ་ཞིག་ཡིན། ས་བབ་ཀྱི་གནས་ཚུལ་གཅིག་ཀྱང་མི་ཤེས་ཟེར།
ཡང་གྲོགས་པོ་གཞན་ཞིག་གིས་ང་ནི་འོན་པ་ཞིག་ཡིན། ཆུ་སྒྲ་ཅི་ཙམ་ཡོད་པ་ཚོར་མི་ཐུབ་ཅེས་ལན་བཏབ།
ཡིན་ནའང་བལྟས་བལྟས་རིག་རིག་ལ་ཆུ་ནང་དུ་ལྷུང་བའི་ན་གཞོན་དེ་ནི་མིག་ཟུང་གསལ་ཞིང་རྣ་བས་ཀྱང་གོ་ཐུབ་པ་ཞིག་ཡིན་འདུག
རྒྱུན་ལྡན་འཚོ་བའི་ནང་། བལྟས་ན་འཇིག་ཉམས་ཆེ་ཞིང་སྐྱུར་ཡ་བའི་དཀའ་སྡུག་གི་ཕྱི་ཚུལ་དེས་མི་རྣམས་ལ་སྐྲག་སྣང་དང་གཉའ་འཁུམས་པའི་གནོན་ཤུགས་སྤྲད་ཀྱི་ཡོད། ཡིན་ན་ཡང་མཐོང་ཡང་མ་མཐོང་བར་འདུག་པ་དང་། གོ་ཡང་མ་གོ་བར་འདུག་ནུས་ན། ཁྱོད་ཀྱིས་ལག་པའི་ཕྱི་ནང་བརྗེས་པ་ལྟར་དཀའ་སྡུག་ལ་གདོང་གཏོད་ཐུབ་པ་ཡིན།
དཀའ་ཁག་གིས་ཕྱིའི་རྣམ་པ་དེས་མི་རྣམས་ལ་འཇིགས་སྣང་སྣ་ཚོགས་སྟེར་གྱི་ཡོད། མཐོང་ཡང་མ་མཐོང་བ་ལྟར་བྱེད་པ་དང་ཐོས་ཀྱང་མ་གོ་བ་ལྟར་“ལོང་བ་འོན་པ་”ཞིག་བྱེད་ཐུབ་ན། ཁྱོད་རང་ལས་སླ་བོར་འཇིགས་སྣང་གི་བགེགས་ལས་ཐར་ཐུབ།