རོང་བྲག་རྫོང་གི་གློག་ཚུགས་ཆུ་བརྡོལ་དོན་རྐྱེན་ཁྲོད་མི་7རྐྱེན་ལམ་དུ་ཤོར་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-17



    ཟླ་1ཚེས་13ཉིན་གྱི་ཕྱི་དྲོར། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་རྫོང་གི་“1·12”ཀོན་ཀྲོའུ་ཆུ་གློག་ཁང་ཆུ་བརྡོལ་དོན་རྐྱེན་འཕྲལ་བསྟུན་ཐག་གཅོད་གཡུལ་སའི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཀོན་ཀྲོའུ་ཆུ་གློག་ཁང་གི་འཕྲུལ་འཁོར་ཚན་པ་གསུམ་པའི་ཆུ་སྦུག་འགོག་པའི་སྟེམ་སྒོར་གས་ཆག་ཤོར་ནས་ཆུ་བརྡོལ་བའི་དོན་རྐྱེན་བྱུང་ནས་མི་7རྐྱེན་ལམ་དུ་ཤོར་ཞིང་མི་2ག་སོང་ཆར་མེད་གྱུར་བ། མི་2ཀྱི་ཚེ་སྲོག་ལ་ཉེན་ཁ་མེད་པ་གཏན་འཁེལ་བྱུང་འདུག 
   དོན་རྐྱེན་ཐོན་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། སི་ཁྲོན། དཀར་མཛེས་ཁུལ་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས“1·12”ཀོན་ཀྲོའུ་ཆུ་གློག་ཁང་ཆུ་བརྡོལ་དོན་རྐྱེན་འཕྲལ་བསྟུན་ཐག་གཅོད་གཡུལ་སའི་བཀོད་འདོམས་པུའུ་འཕྲལ་མར་བཙུགས་ནས། དེའི་འོག་ལ་ཕྱོགས་བསྡུས་མཐུན་སྦྱོར་དང་། འཕྲལ་བསྟུན་རོགས་སྐྱོབ། རྗེས་འཇུག་ཐག་གཅོད། དོན་རྐྱེན་བརྟག་དཔྱད་སོགས་ཚོ་ཆུང་10བཙུགས་ཏེ། “འབྲེལ་ཆད་མི་སྣ་གཅིག་གཏན་ནས་མི་བསྐྱུར་བ་དང་། ལས་འཛོལ་གསར་པ་གཏན་ནས་མི་ཐོན་པ་བྱེད་པའི”ལས་ཀའི་བླང་བྱ་ལྟར་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་བ་རེད།
   ཚེས་13ཉིན་གྱི་ཆུ་ཚོད་15དང་སྐར་མ་30ཡི་ཐོག སི་ཁྲོན་ཞིང་ཆེན་དང་། དཀར་མཛེས་ཁུལ། རོང་བྲག་རྫོང་བཅས་ཀྱིས་སྔ་རྗེས་སུ་རོགས་སྐྱོབ་མི་སྣ་535དང་། རོགས་སྐྱོབ་རླངས་འཁོར་29 རྐོ་འདྲུའི་འཕྲུལ་འཁོར་8 ཆུ་འཐེན་འཕྲུལ་འཁོར་40བཅས་བཏང་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་རེད། མིག་སྔར། མི་11གི་ཁྲོད་ནས་སྐྱོབ་ཐུབ་བྱུང་བའི་མི་2ཀྱི་ཚེ་སྲོག་ལ་ཉེན་ཁ་མེད་པ། མི་7རྐྱེན་ལམ་དུ་ཤོར་བ། ད་དུང་མི་2གར་སོང་ཆ་མེད་གྱུར་ཡོད། 
    གཞན་ཡང་། ཞོར་ཐོན་གནོད་འཚེ་མི་ཐོན་པ་བྱ་ཆེད། ས་གནས་དེ་གའི་སྲིད་གཞུང་གིས་ཀོན་ཀྲོའུ་གློག་ཁང་གི་བཟོ་ཁང་དང་། ཉེ་འཁོར་གྱི་དམངས་ཁང་དང་དེ་བཞིན་གཞུང་ལམ་སོགས་ས་ཁོངས་སུ་བརྟག་དཔྱད་བྱས་ནས་ས་གཤིས་ཀྱི་གནོད་འཚེ་དང་ཁང་པའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལ་དཔྱད་དཔོག་བྱས་པ་རེད། དེ་དང་ཆབས་ཅིག ཀོན་ཀྲོའུ་གློག་ཁང་གི་སྟོད་རྒྱུད་དང་སྨད་རྒྱུད་དུ་སྐོར་སྐྱོད་ལས་དོན་སྤེལ་ནས་གནོད་འཚེ་ཕོག་ཚུལ་གྲལ་བཤེར་དང་འབྲེལ་ཡོད་འཚོལ་སྐྱོབ་བྱས་པ་རེད།

    མིག་སྔར་དོན་རྐྱེན་བརྟག་དཔྱད་ཚོགས་ཆུང་གིས་ཁྲིམས་དང་སྒྲིག་སྲོལ་ལ་གཞིགས་ཤིང་ཚན་རིག་དང་མཐུན་པའི་ངང་དོན་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། དོན་རྐྱེན་ཐོན་པའི་རྒྱུ་རྐྱེན་གང་མགྱོགས་རྩད་ཆོད་བྱུང་་རྗེས་དུས་ཐོག་ཏུ་སྤྱི་ཚོགས་ལ་གནས་ཚུལ་ཡོངས་བསྒྲགས་བྱ་རྒྱུ་རེད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1