བོད་ལྗོངས་ས་དགའ་རྫོང་ཤར་རུ་ཞང་གིས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་འགྲེམས་ཚོང་དང་ལོ་ཚོང་དུས་ཆེན་གྱི་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-17



          ཕྱི་ལོའི་ལོ་གསར་ཕར་འདས་ཤིང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཐོན་ལ་ཉེ་བའི་དུས་འདིར། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་དགའ་རྫོང་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་ལོ་གསར་གྱི་ཚོང་ཟོག་འཚོང་བའི་སྐད་སྒྲ་གང་སར་གོ་ཐུབ་ཀྱི་ཡོད།

           ལོ་གསར་གྱི་མཁོ་ཆས་ཉོ་བཞིན་པ།
           ཉེ་ཆར། ས་དགའ་རྫོང་ཤར་རུ་ཞང་ཞིང་འབྲོག་ལས་ཀྱི་སྤུས་རྟགས་ཕན་འབྲས་གཅིག་སྡུད་སྒོས་བསྐྲུན་པ་དང་། ཐོན་ལས་ཕྱིར་འཚོང་གི་ལམ་ཁ་ཇེ་ཡངས་དང་མང་ཚོགས་ཀྱི་ཡོང་འབབ་བསྟུད་མར་འཕར་བར་སྐུལ་འདེད་གཏོང་ཆེད། ཤར་རུ་ཞང་གིས་སྲིད་འཛིན་གྲོང་ཚོ་དྲུག་རྩ་འཛུགས་བྱས་ཏེ་ཁྱད་ལྡན་ཞིང་ལས་ཐོན་རྫས60ལྷག་ས་དགའ་རྫོང་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་འཁྱེར་ནས་གཅིག་སྡུད་ཀྱིས་འགྲེམས་ཚོང་བྱས་ཤིང་། ཐོན་རྫས་ཀྱི་རིགས་ཧ་ཅང་ཕུན་སུམ་ཚོགས་པ་སྟེ། ནོར་ལུག་གི་་ཤ་དང་། མར་རྩམ་ཕྱུར་གསུམ་བཅས་སྲོལ་རྒྱུན་གྱི་ཟས་མཆོག་ཡོད་པར་མ་ཟད། ད་རུང་རི་ཙོང་དང་། རི་སྐྱེས་སྔོ་ཚལ། ལྭ་ཕུག་སྐམ་པོ་སོགས་ཀྱི་རྫས་མེད་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱང་ཡོད་ཅིང་། བོད་བཟོས་ཉལ་གདན་དང་། འཐག་རས། གྱོན་ཆས་ལ་སོགས་པའི་ཁྱིམ་མཁོའི་བཀོལ་ཆས་ཀྱང་ཡོད།

           ལོ་གསར་གྱི་མཁོ་ཆས་ཉོ་བཞིན་པ།
           ཤར་རུ་ཞང་གི་ལས་བྱེད་ལས་བཟོ་པས་ཚོང་ར་བཤམས་པ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་རོགས་བྱས་ཤིང་། ཡུལ་དངོས་སུ་ཀི་འབོད་བྱེད་པ་དང་། དྲ་ཐོག་ཏུ་ཕྱིར་འཚོང་བྱས་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ངོ་མར་བརྟེན་ནས་འཛད་སྤྱོད་པའི་དགའ་མོས་ཐོབ་ཅིང་། མི་ཚང་མས་ཐོན་རྫས་འདི་དག་ལྷད་མེད་གནོད་མེད་དང་། འཚོ་བཅུད་ཀྱི་རིན་ཐང་མཐོ་བ། རང་གི་དགའ་ཕྱོགས་དང་མཐུན་པ་སོགས་ཀྱི་འདོད་བློ་བསྟན།

           ལོ་གསར་གྱི་མཁོ་ཆས་ཉོ་བཞིན་པ།
           ཤར་རུ་ཞང་གི་འགན་འཁུར་མི་སྣས་བསྟན་དོན། ལོ་ཚོང་དུས་ཆེན་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་གཞི་རིམ་མང་ཚོགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་འདུ་ཤེས་གསོ་སྐྱོང་དང་མཐོར་འདེགས་སུ་བཏང་ནས་མཉམ་ལས་ཁང་གི་ཚོང་རའི་དཔལ་འབྱོར་གཙོ་བོའི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། ཤར་རུ་ཞང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཇེ་མཐོར་བཏང་ནས་མང་ཚོགས་ཀྱི་ཕྱིར་འཚོང་ལམ་ཁ་སྔར་ལས་ལེགས་པོའི་སྒོ་ནས་ཇེ་ཡངས་དང་། དཔལ་འབྱོར་གྱི་ཡོང་འབབ་ཇེ་མཐོར་གཏོང་རོགས་བྱེད་པ་ཡིན། བྱ་འགུལ་ལེགས་འགྲུབ་བྱུང་བར་གྲོང་ཚོ་རིམ་པའི་མཉམ་ལས་ཁང་གིས་རྒྱ་ཁྱབ་དང་ལེན་དང་མང་ཚོགས་རྣམས་ཧུར་ཐག་གིས་་ནང་ཞུགས་བྱས་ཤིང་། ཉིན་གཉིས་རིང་གི་ལོ་ཚོང་དུས་ཆེན་བྱེད་སྒོའི་ཕྱིར་འཚོང་ཚད་སྒོར་ཁྲི13.5ཡན་ལ་སླེབས་ཡོད་ཅེས་བསྟན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1