གྲོང་གསེབ་དར་རྒྱས་འཕེལ་རྒྱས་མགྱོགས། མི་རིགས་འཆམ་མཐུན་བདེ་ཞིང་སྐྱིད་།

སྒྲོལ་མ་ཚེ་བརྟན། དོན་གྲུབ་ཆོས་སྒྲོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-19


མི་རིགས་འཆམ་མཐུན་བདེ་ཞིང་སྐྱིད། སོར་རྩེའི་འཐག་དྲུབ་དར་ཞིང་རྒྱས།
2021ལོའི་སྤྱི་ཟླ་12པའི་ཚེས་27ཉིན། གསར་འགོད་ཚོ་ཆུང་བརྒྱད་ཟིལ་རྫོང་གྲོང་དུ་གནས་པའི“སོར་རྩེའི་བོད་ཀྱི་མེ་ཏོག”བརྒྱད་ཟིལ་རྫོང་བོད་རིགས་དང་དབྱི་རིགས་ལག་རྩལ་འཁེལ་འཐག་འཚེམ་དྲུབ་གླིང་དུ་འབྱོར།

འཁེལ་འཐག་དང་འཚེམ་དྲུབ་ཀྱི་ལག་རྩལ་འདི་སྔར་ལས་འཕེལ་རྒྱས་ལེགས་པོ་ཡོང་བ་དང་། ཞིང་འབྲོག་ཁུལ་གྱི་ཁྱིམ་སྡོད་བུད་མེད་སྟབས་བསྟུན་ལས་ཞུགས་ཐུབ་པ། དབུལ་གྲོལ་འགག་སྒྲོལ་ལ་རམ་འདེགས་ཡོང་བ་བཅས་བྱ་ཆེད། དཀར་མཛེས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ཀྱི་འཁེལ་འཐག་དང་འཚེམ་དྲུབ་ཐོན་ལས་ནི་སླད་ཕྱིན་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་གཙོ་གནད་རྣམ་གྲངས་ཤིག་ཏུ་འགྱུར་བར་བྱ་དགོས་ཞེས་གཏན་འཁེལ་གསལ་པོ་བྱས་ཤིང་། བརྒྱད་ཟིལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཀྱང་རྫོང་དེ་གའི་བུད་མེད་སྣེ་ཁྲིད་པ་སྟེ། སྐབས་དེར་བརྒྱད་ཟིལ་རྫོང་གི་ལུང་ཡུན་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་སྤྱི་གཉེར་ཁང་གི་ཁྲིམས་མི་ཡིན་པའི་ཚེ་རིང་ལྷ་མཚོ་གདན་ཞུ་བྱས་ནས “སོར་རྩེའི་བོད་ཀྱི་མེ་ཏོག”སྤུས་རྟགས་གསར་འབྱེད་བྱས། སྤུས་རྟགས་དེ་ལ་བརྟེན་ནས་བོད་རིགས་དང་དབྱི་རིགས་ཀྱི་ལག་ཤེས་བཟོ་རྩལ་འཁེལ་འཐག་དང་འཚེམ་དྲུབ་གླིང་བཙུགས་ནས། བརྒྱད་ཟིལ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་། བུད་མེད་དབུལ་པོའི་ཁྱིམ་སྡོད་ལས་ཞུགས། ཉེ་འཁོར་གྱི་མི་རྣམས་ལས་ཞུགས་དང་གོང་འཕེལ་བཅས་ལ་གཞི་གཅིག་ཏུ་སྐུལ་ཁྲིད་བྱས་ཏེ་ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་དང་གྱོན་གོས་སྣ་ཚོགས་གསར་དུ་བཏོད།
བརྒྱད་ཟིལ་རྫོང་དུ་མ་གཞི་ནས་དུས་ཡུན་རིང་པོའི་ནང་མི་རིགས་ཕན་ཚུན་མཉམ་འབྲེལ་སྒོས་ཐུན་མོང་འཕེལ་རྒྱས་གཏོང་ཞིང་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གོམས་སྲོལ་ལྡན་པའི་རིག་གནས་ཤིག་གྲུབ་ཡོད་ཅིང་། གནས་དེར་བོད་རིགས་དང་དབྱི་རིགས། རྒྱ་རིགས། དེ་བཞིན་མི་རིགས་གཞན་པ་མང་པོ་ཞིག་གནའ་ནས་བཟུང་གཅིག་འདུས་ངང་འཚོ་བ་རོལ་བཞིན་ཡོད། གལ་སྲིད་བརྒྱད་ཟིལ་རྫོང་ཧྲིལ་པོ་ནི་མི་རིགས་མཉམ་འདྲེས་ཀྱི་ཁྱིམ་རྒྱུད་ཆེན་མོ་གཅིག་གི་དབང་དུ་བཏང་ན། “སོར་རྩེའི་བོད་ཀྱི་མེ་ཏོག”བོད་རིགས་དང་དབྱི་རིགས་ཀྱི་འཁེལ་འཐག་དང་འཚེམ་དྲུབ་ལག་ཤེས་བཟོ་རྩལ་གླིང་དེ་ཉིད་ནི་ཁྱིམ་རྒྱུད་ཆེན་མོ་དེའི་འཆམ་མཐུན་སྲོལ་བཟང་ཡོངས་སུ་རྒྱུན་འཛིན་བྱས་པའི་ཁྱིམ་ཚང་ཆུང་ཆུང་ཞིག་གམ་གང་དེའི་བསྡུས་རིས་ལྟ་བུ་ཞིག་ཡིན་ངེས་ཏེ། ཚེ་རིང་ལྷ་མཚོས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལག་ཤེས་བཟོ་རྩལ་གླིང་དེའི་ལས་མིའི་གྲུབ་ཚུལ་ཐད་བོད་རིགས་ཀྱིས་བརྒྱ་ཆ་དྲུག་ཅུ་དང་དབྱི་རིགས་ཀྱིས་བརྒྱ་ཆ་སུམ་ཅུ་ལྷག་ཙམ་ཟིན་ཡོད་པ་དང་། གཞན་རྒྱ་རིགས་སོགས་མི་རིགས་གཞན་དག་གི་ལས་མི་མི་ཉུང་བ་ཞིག་ཀྱང་ཡོད། ལག་ཤེས་ཐོན་རྫས་ཐད་ལ་དབྱི་རིགས་ཀྱི་རྒྱན་གོས་དང་བོད་རིགས་ཀྱི་རུམ་གདན་དང་རྒྱན་གོས། དེ་བཞིན་རྒྱ་རིགས་ཀྱི་གནའ་བོའི་འཚེམ་དྲུབ་ཐོན་རྫས་སོགས་ཐོན་སྐྱེད་བྱེད་ཀྱི་ཡོད་པས། མི་རིགས་ས་ཁུལ་དུ་མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་ཀྱི་དཔེ་བཟང་བཏོད་ཡོད།
ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཇུས་ཆེན་འོག །བརྒྱད་ཟིལ་རྫོང་གིས་བོད་རུམ་འཁེལ་འཐག་དང་བོད་ཀྱི་འཚེམ་དྲུབ་ཐོན་ལས་དེ་ཉིད་མི་རིགས་རིག་གནས་ཀྱི་ཕྱུག་འགྱུར་ཐོན་ལས་ཤིག་ལ་བརྩིས་ནས་འདེགས་སྐྱོར་དང་དར་སྤེལ་གང་ལེགས་གཏོང་བཞིན་ཡོད་ལ། སྲིད་ཇུས་འདོན་པ་དང་མ་རྩའི་འདེགས་སྐྱོར་བྱེད་པ། དཔེ་སྟོན་ཁུལ་གསར་གཏོད་བྱེད་པའི་ཐབས་ལ་བརྟེན་ནས་མི་རིགས་ཀྱི་ཐོན་ལས་སྔར་ལས་གོང་འཕེལ་གཏོང་བཞིན་ཡོད།
ད་ལྟ། མི་རིགས་འཐག་དྲུབ་ལས་སྣོན་དེ་ཉིད་བརྒྱད་ཟིལ་ས་ཁུལ་གྱི་ཕྱུག་འགྱུར་ཐོན་ལས་གལ་ཆེན་ཞིག་ལ་གྱུར་ཟིན་པ་དང་། ཚེ་རིང་ལྷ་མཚོས་གཙོས་པའི་བློ་གྲོས་ལྡན་ཞིང་ལག་རྩལ་ལ་འཇོན་པའི་འཐག་དྲུབ་བུད་མེད་ཚོས་ཚོན་མདངས་རྣམ་པར་བཀྲ་བའི་སྐུད་པ་རེ་རེ་ཐབས་མཁས་ངང་བརྒྱུས་ནས་རང་ཉིད་ཀྱི་འཚོ་བར་དགའ་ཞེན་དང་རང་བྱུང་ལ་གུས་བཀུར་བྱེད་པའི་འདུན་པ་མཐའ་དག་རྣམ་པར་བཞད་པའི་སོར་རྩེའི་མེ་ཏོག་ཏུ་བཙེམས་དང་ཚེམ་མུས་ཡིན། ཁོང་ཚོའི་ཕྱག་སོར་ཡང་མོས་བཞད་ཁ་ཕྱེ་བ་ནི་བོད་ཀྱི་འཐག་འཚེམ་གྱི་ཐུན་མིན་ཁྱད་ཆོས་ལྡན་པའི་མེ་ཏོག་རྐང་གཅིག་དེ་ཁོ་ནས་ག་ལ་ཚད། དེ་ནི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དང་རིག་གནས་དར་སྤེལ་གྱི་མེ་ཏོག ། བདེ་སྐྱིད་འཚོ་བར་སྙེག་པའི་ཡིད་འོང་གི་མེ་ཏོག་ཆུན་པོ་དེའང་ཡིན་ངེས་སོ། ། 
ཇ་ལོའི་ལས་དེ་འཕེལ་རྒྱས་མགྱོགས། གྲོང་གསེབ་དར་ལ་འབངས་རྣམས་སྐྱིད།
2021ལོའི་སྤྱི་ཟླ་12པའི་ཚེས་27ཉིན། གསར་འགོད་པའི་ཚོ་ཆུང་བརྒྱད་ཟིལ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསེར་གྱི་མེ་ཏོག་ལྔའི་ཡ་གྱལ་དུ་གྱུར་པའི་“སྤྲིན་སྟེང་གི་ལྷ་ཡུལ་•ཇ་ལོ་ཡི་ཁེ་རྡོ”ཞེས་པའི་ཁེ་རྡོ་གྲོང་རྡལ་དུ་སོང་།
ཁེ་རྡོ་གྲོང་རྡལ་ལ་ཇ་ལོ་འདེབས་འཛུགས་ཀྱི་ལོ་རྒྱུས་རིང་པོ་ཡོད་ལ། དེ་ཡང་སྤྱི་ལོ་སྔོན་གྱི་760ལོའི་ཡར་སྔོན་དུ། རི་སུལ་དེ་རུ་ས་གནས་མང་ཚོགས་ཀྱིས་སྤང་རྩི་དཀར་པོ་“仙山瑞草”རུ་འབོད་པའི་ཇ་སྡོང་བཙུགས་པ་དང་། དུས་དེ་རིང་ཇ་ལོ་དེ་བརྒྱད་ཟིལ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསེར་གྱི་མེ་ཏོག་ལྔའི་ཡ་གྱལ་དུ་གྱུར་ཡོད།

བརྒྱད་ཟིལ་རྫོང་གི་ཁེ་རྡོ་གྲོང་རྡལ་ནི་དག་གཙང་གྲ་འགྲིག་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གསར་དར་གྲོང་རྡལ་ཆུང་ངུ་ཞིག་ཡིན། དེ་ཡང་སྨུག་སྤྲིན་ལྷོད་ལྷོད་རྒྱུ་བའི་སྔོ་ལྗང་ལྗང་གི་རི་བོའི་ཁྲོད་དུ་གནས་ཡོད་ལ། སྔོ་ལྗང་སྣུམ་ཤིག་ཤིག་གི་ཇ་ཞིང་ར་བ་དང་ཚོན་མདོག་དཀར་པོ་བྱུགས་པའི་ཁང་པ་གཉིས་ལས་རང་བྱུང་གི་སྣུམ་ཚོན་རི་མོ་ཞིག་མ་བཅོས་ལྷུན་གྱིས་གྲུབ་འདུག །

ཁེ་རྡོ་གྲོང་རྡལ་གྱིས“ཐོན་ལས་འཕེལ་རྒྱས་གཙོ་བོར་འཛིན་པ་དང་། མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏང་རྒྱུ་དེ་དམིགས་འབེན་དུ་འཛིན་པ། གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏང་རྒྱུ་དེ་དམ་འཛིན་བྱེད་པ”བཅས་དོན་དངོས་དང་དམ་པོར་སྦྲེལ་ནས། བར་སྟོང་བཀོད་སྒྲིག་དང་ཐོན་ལས་འཕེལ་རྒྱས། འཚོ་སྡོད་ཁོར་ཡུག་དང་རྨང་གཞིའི་སྒྲིག་བཀོད་སོགས་ལ་ཁྱོན་ཡོངས་ནས་འཆར་འགོད་བྱས་ཏེ། བློ་གཅིག་སེམས་གཅིག་གིས་ཁུལ་གཉིས་དང་ཁུལ་གསུམ་གྱི་སྤྱིའི་བཀོད་སྒྲིག་གི་གྲུབ་ཆ་གྲུབ་པ་དང་དེ་དག་རིམ་པ་བཞིན་སྐུལ་འདེད་བྱེད་བཞིན་ཡོད།

མིག་སྔར་གྲོང་གསེབ་དར་རྒྱས་སུ་གཏོང་བའི་འཆར་འགོད་གཞིར་བཟུང་ནས། གློག་ཤུགས་དང་འཕྲིན་གཏོང་། སྡོད་ཁང་དང་བགྲོད་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང“གསང་སྤྱོད་གསར་བརྗེ”ཡུར་ཆུ་བཅོས་སྒྲིག་དང་གད་སྙིགས་རྫིང་བུ་འཛུགས་སྐྲུན་སོགས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལེགས་སྒྲུབ་བྱས།

ཐེན་ཤང་རྟགས་ཅན་གྱི་ཇ་ལོའི་ཚོང་རྟགས་ལ་བརྟེན་ནས། “སྤྲིན་སྟེང་གི་ལྷ་ཡུལ་•ཇ་ལོ་ཡི་ཁེ་རྡོ”ཞེས་པའི་ཚོང་རྟགས་ཁྱབ་གདལ་གཏོང་བར་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད་ལ། གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཇེ་མགྱོགས་སུ་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། གོམ་གང་མདུན་སྤོས་ཀྱིས་ཕཱོ་མིའི་རིག་གནས普米文化དང་། ཁི་ཅཱ་རིག་གནས།客家文化 ཇ་རྟའི་གནའ་ལམ་བཅས་ཀྱི་རིག་གནས་སྔོག་འདོན་བྱས་ནས“དར་རྒྱས་ལྔའི”ལས་དོན་འཕེལ་རྒྱས་མགྱོགས་མྱུར་ངང་སྤེལ།

2021ལོར་ཁེ་རྡོ་གྲོང་རྡལ་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཡིད་དབང་འཕྲོག་པའི་ཤང་གྲོང་གི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སི་ཁྲོན་ཞིང་ཆེན་གྱི་ཆེས་ཐོག་མའི་ཡིད་དབང་འཕྲོག་པའི་ཤང་གྲོང་བརྒྱ་ཡི་མཚན་སྙན་དང་སི་ཁྲོན་རིག་གནས་དར་སྤེལ་དཔེ་སྟོན་གྲོང་རྡལ་གྱི་མཚན་སྙན་ཐོབ།

ཉེ་བའི་ལོ་ཤས་རིང་། བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ཡིག་འབྲུ་20ཡི་བྱེད་ཕྱོགས་ལག་ལེན་དུ་བསྟར་ནས། “ཏང་འཛུགས་སྐྱོང་ལ་གཅིག་འདོམས་དང་། ཐོན་ལས་འཕེལ་རྒྱས་དེ་གཙོ་བོར་འཛིན་པ་དང་། མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏང་རྒྱུ་དེ་དམིགས་འབེན་དུ་འཛིན་པ། གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏང་རྒྱུ་དེ་དམ་འཛིན་བྱེད་པ”བཅས་རྒྱུན་འཁྱོངས་བྱས་ནས། ཁྱོན་ཡོངས་དང་བརྟན་བརླིང་། གོ་རིམ་ཡོད་པ་བཅས་ཀྱི་སྒོ་ནས་གྲོང་གསེབ་དར་རྒྱས་གཏང་རྒྱུ་སྐུལ་འདེད་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་ཡོད། །

ཐོན་ལས་དཔལ་འབྱོར་གྱི་སྣེ་ཁྲིད་འོག །མི་དམངས་མང་ཚོགས་ཀྱི་འཚོ་བ་ནི་ཁེ་རྡོ་གྲོང་རྡལ་རི་སུལ་གྱི་ཇ་ལོ་དང་འདྲ་བར། ཚེ་སྲོག་ལ་ལང་ཚོའི་དཔལ་ཡོན་རྒྱས་བཞིན་འདུག་གོ ། 
གྲོང་གསེབ་ཐོན་ལས་འཕེལ་རྒྱས་ལས། གྲོང་གསེབ་དཔལ་འབྱོར་དར་རྒྱས་བྱུང་།
021ལོའི་སྤྱི་ཟླ་12པའི་ཚེས་27ཉིན། གསར་འགོད་པའི་ཚོ་ཆུང་བརྒྱད་ཟིལ་རྫོང་གི་འུ་ལ་ཤིས་གྲོང་རྡལ་ཕན་ཆའོ་གྲོང་ཚོར་གནས་པའི་ལུའུ་ཅ་ཁུག་ཞིས་ཡུན་ཞིང་གྲོང་(乌拉溪镇偏桥村的鲁家湾溪农庄)དུ་སོང་།

འུ་ལ་ཤིས་གྲོང་རྡལ་ཕན་ཆའོ་གྲོང་ཚོར་གནས་པའི་ལུའུ་ཅ་ཁུག་ཞིས་ཡུན་ཞིང་གྲོང་(乌拉溪镇偏桥村的鲁家湾溪农庄)དེ་བརྒྱད་ཟིལ་རྫོང་དུ་སྐད་གྲགས་ཆེན་པོ་ཡོད། རྒྱལ་ལམ་248ཡི་ཉེ་འགྲམ་གྱི་ཞིང་གྲོང་དེ་མིག་སྔའི་བར་རྒྱས་སྐྲུན་ཐེངས་5བྱས་ཟིན་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རོགས་རམ་འོག་སྟབས་བདེའི་ཁང་པ་ཁ་ཤས་ནས་ད་ལྟ་སྡོད་གནས་དང་སྐྱིད་པོ་གཏོང་ས། ཟས་ལ་རོལ་ས་བཅས་གཅིག་ཏུ་འདུས་པའི་མུའུ་50ལྷག་ཟིན་པའི་ཕྱོགས་བསྡུས་རང་བཞིན་གྱི་ཞིང་གྲོང་སྤྲོ་སྐྱིད་གླིང་ཞིག་ཏུ་གྱུར་ཡོད་ལ། ཞིས་ཡུན་ཞིང་གྲོང་དེ་འུ་ལ་ཤིས་གྲོང་རྡལ་དང་། ཐ་ན་བརྒྱད་ཟིལ་རྫོང་གི་གྲོང་གསེབ་ཡུལ་སྐོར་གྱི“གསེར་གྱི་སྒོ་བྱང་”ལྟ་བུ་ཞིག་ཏུ་གྱུར་ཡོད། ལུའུ་ཅ་ཁུག་ཞིས་ཡུན་ཞིང་གྲོང་འཛུགས་སྐྲུན་དང་འཕེལ་རྒྱས་གཏང་རྒྱུ་ནི་འུ་ལ་ཤིས་ཏང་ཨུ་དང་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་ནས་བཏོད་པའི“ཞིང་ལས་ཡུལ་སྐོར་གྲོང་རྡལ་ཆུང་ངུ”གཏོད་པའི་དཔེ་མཚོན་གྱི་གྲས་ཤིག་ཡིན་ལ། བརྒྱད་ཟིལ་རྫོང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་པའི་བསྡུས་གཟུགས་ཤིག་ཀྱང་རེད། འུ་ལ་ཤིས་གྲོང་རྡལ་དུ་སྤུས་ལེགས་གྲོང་གསེབ་མགྲོན་ཁང་གསུམ་བསྐྲུན་ཡོད་པ་དེ་ས་གནས་དེ་གའི་གྲོང་གསེབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་དཔེ་སྟོན་དུད་ཚང་དུ་གྱུར་ཡོད།

2021ལོའི་སྤྱི་ཟླ་12པའི་ཚེས་27ཉིན“གསར་བརྗེའི་རྗེས་ཤུལ་འཚོལ་བ། ཞིང་ཆེན་དང་ཁུལ་གྱི་སྨྱན་སྦྱོར་གཙོ་བོ་དཀར་མཛེས་སུ་སྐྱོད”ཅེས་པའི་སྨྱན་སྦྱོར་ཚོ་ཆུང་འུ་ལ་ཤིས་ལུའུ་ཅ་ཁུག་ཞིས་ཡུན་ཞིང་གྲོང་དུ་ཡོང་ནས་ཧ་ཅང་བར་ཐག་ཉེ་བའི་ངང་འུ་ལ་ཤིས་ཀྱི “ཞིང་ལས་ཡུལ་སྐོར་གྲོང་རྡལ་ཆུང་ངུ”འཛུགས་སྐྲུན་གྱི་སྙིང་སྟོབས་དང་ཡིད་ཆེས་ལ་རྒྱུས་ལོན་བྱས།

ཞུས་ཡུན་ཞིང་གྲོང་གི་སྦྱིན་བདག་ལུའུ་ཀྲི་ཞཱ་ཡིས་“གཟའ་མཇུག་ཏུ་ཟ་མ་ཟ་བ་དང་ཞག་སྡོད་བྱེད་མཁན་སོགས་མི་ཡོང་མཁན་ཧ་ཅང་མང་པོ་འདུག་”ཅེས་བཤད། ལོ་བཅུ་ལྷག་ཙམ་གྱི་གོང་རོལ་དུ་རང་ཉིད་ཀྱིས་སྐྱུར་ཚལ་ཉ་དང་ཁྱོ་གས་ལམ་འགྲམ་དུ་ཁང་མིག་ཁ་ཤས་བཟོས་ནས་འཚོ་བ་རོལ་བ་རེད། རྗེས་སུ་ཚོང་རིམ་བཞིན་ཇེ་བཟང་དུ་སོང་བ་དང་བསྟུན་ནས་ཁང་མིག་སོགས་རྒྱས་སྐྲུན་གྱི་བསམ་ཚུལ་སྐྱེས། མ་ཟད་སྲིད་གཞུང་གི་རོགས་རམ་འོག་བཟའ་མི་གཉིས་ཀྱིས་དངུལ་ཁང་ནས་བདེ་བླག་ངང་དངུལ་བུན་གཡར་བ་དང་རང་ཉིད་ཀྱི་གསོག་འཇོག་བསྣན་ནས་རྒྱས་སྐྲུན་ཐེངས་མང་བྱས་རྗེས། གཞི་ནས་ད་ལྟའི་གཞི་ཁྱོན་འདི་གྲུབ་པ་དང་། གླེང་རིན་ཡོད་པ་ཞིག་ནི་ལུའུ་ཅ་ཁུག་ཞུས་ཡུན་ཞིང་གྲོང་རིམ་བཞིན་རྒྱ་ཆེར་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གའི་གྲོང་མིའི་ལས་ཞུགས་ལ་སྐུལ་ཁྲིད་ཀྱི་ནུས་པའང་ཐོན།

ཞིང་གྲོང་དུ་འོ་ཇ་ཁང་ཕྱེས་ཡོད་པའི་ལས་ཀ་བ་ལའོ་ཧྲང་གིས་“ང་གནས་འདིར་ཡོང་ནས་ལོ་བཞི་ནས་ལྔ་ཡིན་ལ། ད་ལྟའི་ལས་ཀ་འདི་ཞིང་གྲོང་གི་འཕེལ་རྒྱས་ལ་རག་ལས་ཡོད། ཞིང་གྲོང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ང་ཚོའི་འཚོ་བ་ཡང་ཇེ་བཟང་ནས་ཇེ་བཟང་རེད”ཅེས་བཤད། ལའོ་ཧྲང་ནི་འུ་ལ་ཤིས་གྲོང་རྡལ་གྱི་མི་ཞིག་ཡིན་ཞིང་། ཞིང་གྲོང་དུ་མ་ཡོང་བའི་སྔོན་དུ་ས་གནས་དེ་ག་ནས་ལས་ཀ་ཙག་ཙིག་རེ་བཙལ་ནས་ལས་ཀ་བྱེད་བཞིན་ཡོད་མོད། ཡོང་འབབ་བརྟན་པོ་མེད། ལའོ་ཧྲང་གིས་“ཐོག་མར་གནས་འདིར་ལས་ཀར་ཡོང་དུས། སྦྱིན་བདག་གིས་དལ་ལྷོད་ཀྱིས་ང་ཚོར་ཇི་ལྟར་བྱ་དགོས་པ་དང་། གང་ལྟར་བསྒྲུབ་དགོས་པ་སོགས་སློབ་ཁྲིད་བྱས་ལ། ང་ཚོ་མི་མང་ཆེ་བས་གོམ་པ་དང་པོ་ནས་སྦྱངས་པ་ཡིན”ཞེས་བཤད། འོ་ཇ་ཇ་ཕོར་གང་བཟོས་ཚར་བ་ནས་ད་ལྟ་ལའོ་ཧྲང་རང་ཉིད་ཀྱི་ལས་ཀར་ཧ་ཅང་བྱང་ཆ་ལྡན་ལ་རྒྱུས་མངའ་ཡོད་འདུག་པ་དང་། ལའོ་ཧྲང་གིས་“ད་ཆ་ཡོང་འབབ་བརྟན་པོ་ཡོད་ལ་ལས་ཀའི་ཁོར་ཡུག་སྐྱིད། ལས་ཀའི་མཁའ་དབུགས་ཀྱང་ཡག་པས་བློ་ཡིད་ཚིམ་པོ་འདུག”ཅེས་བཤད། རྒྱུས་ལོན་བྱུང་པ་ལྟར་ན། མིག་སྔར་ཞིང་གྲོང་དེས་ཁྱོན་ལས་མི་30ལྷག་བསྡུ་ལེན་བྱས་ཡོད་པ་དང་ཆ་སྙོམས་ཟླ་རེར་གླ་ཆ་སྒོར་3000ལྷག་ཡོད་འདུག །

ཞིང་གྲོང་གི་མ་འོངས་པའི་འཕེལ་རྒྱས་གླེང་སྐབས། ལུའུ་ཀྲི་ཞཱ་ཡིས་ང་ཚོས་ཡུལ་སྐོར་ལས་རིགས་དང་འདེབས་འཛུགས་ལས་རིགས། གསོ་སྤེལ་ལས་རིགས་སོགས་རྣམ་པ་མི་འདྲ་བར་ཟུང་འབྲེལ་བྱས་ནས་ནུས་པ་མང་བའི་སྣོད་བཅུད་ཀྱི་ཞིང་གྲོང་འཛུགས་སྐྲུན་དང་། དུས་མཚུངས་སུ་ཏང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་པ་དང་། མིག་དཔེའི་ནུས་པ་ཡག་པོ་བཏོན་ནས་ང་ཚོའི་གྲོང་རྡལ་ཡོངས་ཀྱི་མི་ཚང་མར་ཕན་པ་ཐོབ་རྒྱུ་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད། མ་ཟད་“ང་ཚོས་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་བཏོན་ནས་དུས་ཡུན་རིང་པོར་གྲོང་གསེབ་ཡུལ་སྐོར་གྱི་ལས་ཀ་ལས་ན་འདོད་པའི་གྲོང་མི་ཚོར་ཉམས་མྱོང་བརྒྱུད་སྤྲོད་བྱས་ཏེ། དེ་ལས་མང་བའི་ཡུལ་མིར་སྐུལ་འདེད་བྱས་ནས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་གང་ཐུབ་བྱ་རྒྱུ་ཡིན”ཞེས་བཤད།

“འུ་ལ་ཤིས་གྲོང་རྡལ་གྱིས་ནུས་ཤུགས་ཡོད་རྒུས་ཞིང་ལས་ཡུལ་སྐོར་གྱི་སྤྲོ་གསེང་ཕྱོགས་བསྡུས་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས‘གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག’ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མུའུ་300ཡི་ཁམ་བུའི་རྟེན་གཞི་ལྟེ་བར་བྱས་ནས‘བརྩེ་སེམས་འུ་ལ་ཤིས་ལ་རྒྱུས་པ་དང་འཆར་ཡན་ཁམ་བུའི་མེ་ཏོག་གི་འབྱུང་ཁུངས’ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཡུལ་སྐོར་སྤུས་རྟགས་གཏོད་བཞིན་ཡོད། མིག་སྔར་འུ་ལ་ཤིས་གྲོང་རྡལ་དུ་ཞིང་ལས་ཡུལ་སྐོར་སྤྲོ་གསེང་ཡུལ་སྐོར་གྱི་སྒྲིག་ཆས་ཆ་ཚང་བ་དང་སྤྱི་ལེ་1.2ཟིན་པའི་རྐང་ཐང་སྐོར་ལམ་དང་སྣོད་བཅུད་སྤྲོ་གསེང་རླངས་འཁོར་འཇོག་ས་1དང་། ཡུལ་སྐོར་རླངས་འཁོར་འཇོག་ས་1དང་། ཐེངས་གསུམ་པའི་ལུའུ་ཅ་ཁུག་ཞུས་ཡུན་གླིང་ག་དང་དེ་བཞིན་ཧོ་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཆུ་རྐྱལ་རྫིང་བུ་དང་། ཤིང་འབྲས་གླིང་སོགས་ཡོད”ཅེས་འུ་ལ་ཤིས་གྲོང་རྡལ་ཏང་ཨུའུ་ཧྲུའུ་ཅི་གཞོན་པ་ཀྲང་ཚུང་ཞན་གྱིས་ངོ་སྤྲོད་བྱས། མ་ཟད། འུ་ལ་ཤིས་གྲོང་རྡལ་གྱིས་ལག་ལེན་བསྟར་བཞིན་པའི་རྣམ་གྲངས་ལ། སྤྱི་སྤྱོད་རླངས་འཁོར་གྱི་ཞབས་ཞུའི་ས་ཚིགས་དང་ཞིང་ལས་ཐོན་རྫས་བྲིན་ཚོང་ལྟེ་གནས། མང་ཚོགས་ཀྱི་ཕྱོགས་བསྡུས་རིག་གནས་ཐང་ཆེན། མཚན་ལྗོངས་གློག་འོད་འཛུགས་སྐྲུན་སོགས་ཡོད་པ་མ་ཟད། ད་དུང་སྤུས་ལེགས་སྡོད་ཁང་གསུམ་འཛུགས་སྐྲུན་བྱེད་པར་སྐུལ་ཁྲིད་བྱས་ནས། ཞིང་ལས་ཐོན་རྫས་ཀྱི་ཡུལ་སྐོར་ཕན་འབྲས་དང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་། ཐོན་ལས་གྲུབ་ཆ་སྲོལ་རྒྱུན་གྱི་སོ་ནམ་ལས་རིགས་ནས་རིམ་བཞིན་“ཁྱད་ལྡན་ཞིང་ལས་ཡུལ་སྐོར་དང་གློག་རྡུལ་ཚོང་དོན་འགྲོ་རྒྱུགས”ཀྱི་སྣ་མང་འཕེལ་རྒྱས་ལ་བསྒྱུར།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། བརྒྱད་ཟིལ་རྫོང་གི་གྲོང་གསེབ་དར་རྒྱས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ། མང་ཚོགས་ཀྱི་འཚོ་བ་དེ་བས་སྟབས་བདེ་དང་སྤྲོ་སྐྱིད་འཛོམས་པ་བཅས་བྱུང་ཡོད། འབྱུང་འགྱུར་བརྒྱད་ཟིལ་རྫོང་གིས་རྒྱུན་མཐུད་ངང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཟུང་འབྲེལ་བྱས་ནས་རིག་གནས་ཡུལ་སྐོར་གྱི་མཆོང་སྤྱོད་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་སྤེལ་ཏེ་འཆར་འགོད་དང་འཛུགས་སྐྲུན། གཉེར་ཚོང་སྐུལ་འདེད་བཅས་དམིགས་འབེན་དུ་བཟུང་ནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་དང་ཐེག་ནུས། འགྲན་རྩོད་ནུས་པ་བཅས་ཚད་བརྒལ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རྫོང་ཧྲིལ་པོའི་ཡུལ་སྐོར་གྱི་སྤྱིའི་འཆར་འགོད་ལེགས་པོ་བཟོ་རྒྱུ་རེད། །

མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག །གྲོང་གསེབ་དར་རྒྱས་མྱུར་ཞིང་བརྗིད།
ཧ་ཁྱུང་གྲོང་ཚོའི་དུས་བཞིའི་མཛེས་སྡུག་ལྟ་ན་སྡུག་ལ། རྫོང་གྲོང་དང་བར་ཐག་སྤྱི་ལེ་5ལས་མེད་པ་དང་“ལྷ་ཡི་ཞིང་ཁམས་”ཞེས་པའི་མཚན་སྙན་ཡང་ཐོབ་ཡོད། 2016ལོར་གྲོང་ཚོ་དེར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་དང་སི་ཁྲོན་ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་ཚོའི་མཚན་སྙན་ཐོབ་ལ། 2017ལོར་སི་ཁྲོན་ཞིང་ཆེན་རིམ་པའི“ཡག་པོ་བཞི”དང་2019ལོར་དཀར་མཛེས་ཁུལ་གྱི་གྲོང་ཚོ་མཛེས་ཤོས། 2021ལོར་དཀར་མཛེས་ཁུལ་གྱི་གྲོང་གསེབ་རིག་གནས་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོར་བདམས།

ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྐུལ་ཁྲིད་འོག་ཁམས་གསོའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། དུད་ཚང་ཚང་མས་ས་གནས་དེ་གའི་ཐོན་ཁུངས་གང་ལེགས་སྤྱད་དེ་ས་གནས་དེ་གའི་མང་ཚོགས་ཀྱི་སྡོད་ཁང་སོགས་གཙང་སྦྲ་ཡག་པོ་བྱས་ནས། ཡུལ་སྐོར་བར་ཁོ་ཧྥེ་དང་ཇ། དེ་བཞིན་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་བཅས་གྲ་སྒྲིག་བྱས་ཏེ་དམངས་འཚོའི་སྡོད་ཁང་སོགས་ཀྱི་ཚོང་ལས་ལ་འབད་བཞིན་ཡོད། ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ས་གནས་དེ་གའི་གྲོང་མིས་ཁྲེང་ཏུའུ་གྲོང་ཁྱེར་ཆིན་པའེ་ཅང་ཁུལ་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་འོག་སྔོན་ནས་ཇུས་འགོད་བྱས་ཏེ་སྤྲོ་གསེང་ཞིང་ལས་དང་ཡུལ་སྐོར་ལས་རིགས། ཁམས་གསོའི་འཕྲོད་སྦྱོར་སོགས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རེད།

དམིགས་བསལ་ཁྱད་ཆོས་ལྡན་པའི་གནམ་གཤིས་ཀྱི་དགེ་མཚན་དང་ཁོར་ཡུག་གི་དགེ་མཚན། ས་བབ་ཀྱི་དགེ་མཚན། ཐོན་ཁུངས་ཀྱི་དགེ་མཚན་བཅས་ལ་བརྟེན་ནས། ཧ་ཁྱུང་གྲོང་ཚོས་ཁེ་ལས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཚན་རྩལ་ཁྲིད་སྟོན་རྣམ་པའི་ཀྲུང་ལུགས་དང་བོད་སྨན་ཐོན་ལས་ཀྱི་རྣམ་པ་གཏོད། ད་ལོ་ཧ་ཁྱུང་གྲོང་ཚོས་གྲོང་ཚོས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས། གྲོང་ཚོ་ནས་པའེ་ཧྲའུ་མུའུ་200བཏབ་པ་དང་། 2022ལོ་དང་2023ལོར་ད་དུང་ལོ་ལྟར་མུའུ་300ཡི་གཞི་ཁྱོན་ལ་བརྟེན་ནས་འདེབས་རྒྱ་ཆེ་རུ་གཏང་རྒྱུ་དང་། སྔོན་དཔག་བྱས་ན་མ་དངུལ་སྒོར་ཁྲི་76གཏང་རྒྱུ་དང་། མིག་སྔར་ཀྲུང་ལུགས་དང་བོད་སྨན་རྟེན་གཞིའི་ད་ཡོད་ཀྱི་མཛེས་ལྗོངས་བསྐྲུན་ཟིན་པ་དང་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བཏང་།

མིག་སྔར་ཧ་ཁྱུང་གྲོང་ཚོའི་ཀྲུང་ལུགས་སྨན་རྩྭའི་རྟེན་གཞིར་མ་དངུལ་ཐོབ་ཟིན་པ་དང་། གཞུང་ལས་ཐོག་ཁང་བསྐྲུན་རྒྱུ་དང་རྣམ་གྲངས་ཚང་མ་རིགས་གཅིག་མཁས་པའི་རྒྱབ་སྐྱོར་འོག་རིམ་བཞིན་བསྒྲུབས་ཚར་ལ། གཞི་གྲངས་ཅན་གྱི་ཞིབ་འཇུག་གསར་སྤེལ་དང་སྤུས་ལེགས་འདེབས་འཛུགས་བྱ་རྒྱུ་ཁྱབ་སྤེལ་བྱས། མ་ཟད་རྫོང་གིས་ཀྱང་ཀྲུང་ལུགས་དང་བོད་སྨན་ཐོན་ལས་ཁུལ་འཛུགས་སྐྲུན་དང་ཧ་ཁྱུང་གྲོང་ཚོའི་གྲོང་གསེབ་དར་རྒྱས་གཏོང་བའི་གཅིག་སྡུད་སྐུལ་སྤེལ་ཚོགས་འདུ་བསྡུས་ནས། 2022ལོ་དང་2023ལོའི་གཙོ་གནད་རྣམ་གྲངས(ཐོན་ལས་རིམ་སྤོར་ཀྱི་རིགས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་རིགས། རིག་གནས་ཡུལ་སྐོར་གྱི་རིགས། གཞི་རིམ་བཅོས་སྐྱོང་གི་རིགས)25ཁྱོན་ཡོངས་ནས་འཆར་འགོད་བྱས།

རྣམ་གྲངས་རེ་རེ་རིམ་བཞིན་དོན་འཁྱོལ་བྱུང་བ་དང་། ཀྲུང་ལུགས་དང་བོད་སྨན་ཐོན་ལས་རྒྱུན་ཆད་མེད་པར་རྒྱ་ཆེ་ནས་འཕེལ་རྒྱས་སོང་ནས་ཐོན་ལས་གཞན་སྒྱུར་བྱས་པ་བརྒྱུད་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་བྱུང་བའི་གྲོང་མི་མང་ལ། ཡུལ་སྐོར་བ་ཚོས་མཛེས་ལྗོངས་ལ་ལྟ་སྐོར་དང་རང་གིས་དངོས་སུ་སྨན་རྩྭ་འཐུ་བ་ཉམས་སུ་མྱོང་ཐུབ་པར་མ་ཟད། ཕ་ཡུལ་གཅིག་པའི་ཡུལ་མི་ཚོས་རང་གི་སྒོ་འགྲམ་ནས་ལས་ཀའང་ལས་ཐུབ། ད་དུང་ས་གནས་དེ་གའི་གྲོང་མིས་ཚོང་ལས་ཞོར་ལ་བཟའ་བཏུང་དང་ཞག་སྡོད་སོགས་ཀྱི་སྒྲིག་ཆས་ཡང་འཐུས་སྒོ་ཇེ་ཚང་ཇེ་ལེགས་སུ་བཏང་ཆོག །

གྲོང་གསེབ་དར་རྒྱས་གཏོང་བའི་སྣེ་ཁྲིད་འོག །སྔོན་ཆད་རི་མཐོ་ལུང་ཟབ་ཁུལ་དུ་གཉིད་ལ་གཡུར་བའི་ཞིང་གྲོང་དེ་གཉིད་ལས་བསླངས་ཏེ། ནུས་པ་ཡོད་པའི་སྒོ་ནས་འབངས་མི་སེར་གྱི་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་བཟོས། 2024ལོར་སླེབས་སྐབས་ཧ་ཁྱུང་གྲོང་ཚོས་སྤྱིའི་ཆ་ནས་“ཡོད་པ་ལྔའི”རྣམ་པ་གཏོད་རྒྱུ་སྟེ། “ལྟ་རྒྱུ་ཡོད་པ་དང་ཡོང་འབབ་ཡོད་པ། བཟའ་རྒྱུ་ཡོད་པ་དང་རྩེད་རྒྱུ་ཡོད་པ། སྡོད་གནས་ཡོད་པ”བཅས་ཀྱི་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་གནས་འཕྲོད། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན་བཅས་ཀྱི་སྤྱིའི་བླང་བྱ་མངོན་འགྱུར་བྱ་རྒྱུ་རེད། ད་དུང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་དང་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་གཏོད་པའི་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུ་རེད། གྲོང་གསེབ་དར་རྒྱས་གཏང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་ཆབས་ཅིག་གྲོང་གསེབ་ཀྱི་མཛེས་ཆས་ཡུལ་སྐོར་དར་རྒྱས་དང་སྤྲོ་གསེང་ཞིང་ལས། ཁམས་གསོ་འཕྲོད་སྦྱོར་སོགས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་པར་སྐུལ་ཁྲིད་བྱས་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་ཟམ་མི་ཆད་པར་བཏོད་དེ་གྲོང་གསེབ་དར་རྒྱས་ཡོང་རྒྱུར་སྒུལ་ནུས་གསར་པ་བསྣན་ཡོད། ། 


རྩོམ་ཡིག་སྔོན་མ།
སྤྱིའི་དེབ་45པ།
རྩོམ་ཡིག་རྗེས་མ།
ཆུང་འདྲིས་བྱམས་པ་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1