ཆུང་འདྲིས་བྱམས་པ་།

སྐྱབས་ཆེན་བདེ་གྲོལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-19


(དེབ་གོང་མའི་འཕྲོར་མཐུད།) སྒྲོལ་མས་ང་ལ་ཁྱོད་ཀྱིས་ཁྱིམ་དེ་ནས་མགོ་བོ་ཐེངས་གཅིག་འགྱོག་ཐུབ་ཚེ་ཐེངས་རྗེས་མར་ཁྱོད་ཀྱི་རུས་པའང་ཅུང་སྲ་མོར་འགྱུར་ངེས་ཟེར། ཉིན་ཞིག་ལ། ངེད་ཚང་ལ་གཡུ་ལུང་སྤྲུལ་སྐུ་ཟེར་བ་རིམ་གྲོ་སྒྲུབ་པར་ཕེབས་པ་དང་གུང་ཚིགས་ཀྱི་སྐབས་སུ་ཁོང་དང་རྣམ་རྒྱལ་གཉིས་ཀྱིས་གནའ་རྫས་དང་རིན་པོ་ཆེའི་སྐོར་ནས་ཁ་བརྡ་སྣ་ཚོགས་བྱས་ཤིང་རིམ་གྱིས་གཟིའི་སྐོར་ཁོ་ན་གླེང་དུས་སྐབས་དེར་རྣམ་རྒྱལ་དང་གནའ་རྫས་ཚོང་པ་ཕུན་ཚོགས་གཉིས་ཀྱིས་ཚོང་ཕྲུག་འགའ་བཀུགས་ནས་ཕྱོགས་སོ་སོ་ནས་གནའ་རྫས་ཉོ་སྒྲུབ་བྱས་ཏེ་སླར་ཡང་གཞན་ལ་བཙོང་བཞིན་ཡོད་ལ། ཕུན་ཚོགས་ཀྱིས་རྣམ་རྒྱལ་ལ་གཡུ་དང་སྤོས་ཤེལ། བྱུ་རུ། གཟི་སོགས་བརྟག་ཚུལ་མང་པོ་ཞིག་བཤད་པས་སྐབས་འགར་རྣམ་རྒྱལ་གྱིས་ཕུན་ཚོགས་ལ“དགེ་རྒན་ཚང”ཞེས་འབོད་བཞིན་འདུག །རྣམ་རྒྱལ་གྱིས་གཡུ་ལུང་སྤྲུལ་སྐུར་ཧ་ཅང་ཤེས་མདོག་ཁ་པོས་གཟི་ཡི་རིགས་ནི་རྟ་མོག་མོག་གི་སྤུ་བཞིན་མང་བ་དང་། དེའི་གོང་ཚད་དང་རིན་ཐང་ལ་བརྟག་ཤེས་པའི་མཁས་པ་ནི་ཧ་ཅང་ཉུང་བ། གལ་སྲིད་འོལ་ཚོད་ཀྱིས་གང་འདོད་དུ་གཟི་ཉོས་ཚེ་རྫུན་མ་ཉག་གཅིག་ལས་རག་མི་ཐུབ་པ། ཁོ་རང་གི་གམ་དུ་ཕུན་ཚོགས་ཟེར་བའི་གནའ་རྫས་བརྟག་དཔྱད་ལ་མཁས་པ་ཞིག་ཡོད་ཚུལ་སོགས་བརྗོད། སྤྲུལ་སྐུས“ད་ལྟ་གཟི་རྡོ་རྗེ་ཁ་སྤྲོད་དངོས་མ་ཞིག་ཉོ་རྒྱུ་རྙེད་སྲིད་དམ། གལ་སྲིད་རྙེད་ན་གོང་ཚད་ཆེན་པོ་མིན་ན་ངས་ཉོ་འདོད”ཅེས་སྨྲས། དེ་ལ་རྣམ་རྒྱལ་གྱིས་མནོ་བསམ་ཡུན་རིང་བཏང་རྗེས“ཁྱེད་ཚང་ལ་དངོས་གནས་འདོད་པ་ཡོད་ཚེ་ང་རང་གི་ཕུགས་ནོར་དུ་གཅིག་ཉར་ཡོད་པ་དེ་མ་རྩ་བཅག་ནས་བཙོང་ཆོག”ཟེར། དེ་རྗེས་ཁོས་ཐབས་འཕྲུལ་སྣ་ཚོགས་སྟོན་བཞིན་ཕུན་ཚོགས་ཀྱི་ས་ནས་སྒོར་སྟོང་ལྔ་བྱས་ཏེ་ཉོས་པའི་གཟི་རྫུན་མ་ཞིག་ཡོད་པ་དེ་གཡུ་ལུང་སྤྲུལ་སྐུར་སྒོར་འབུམ་གཉིས་བྱས་ནས་བཙོངས་ཤིང་གཟི་དེ་དངོས་མ་ཡིན་པར་ཕུན་ཚོགས་ཀྱིས་ཀྱང་བདེན་དཔང་བྱས་སོང་ལ། ཁོང་གཉིས་ཀྱིས་ཁེ་སྤོགས་ཆེན་པོ་བླངས་པར་གཉེན་ཉེ་དང་གྲོགས་པོ་ཚོ་བོས་ནས་གསོལ་སྟོན་ཞིག་ཀྱང་བཤམས་སོང་།

ཉིན་འགའི་རྗེས་སུ་ཁོས་རླུང་ལང་བཞིན་ཁྱིམ་ནང་ནས་དངོས་པོ་ཞིག་ཡར་འཚོལ་མར་འཚོལ་བྱེད་ཀྱིན་འདུག་པས་ངས་ཁོར་དེ་ཅི་ཡིན་དྲིས་པ་ན། ཁོས་ཀོ་སྟོད་ཀྱི་ནང་དུ་ཤོག་དངུལ་སྟོང་གཉིས་ཡོད་པ་དེ་མི་འདུག་ཟེར་ཅིང་། ཤོད་བཞིན་ཤོད་བཞིན་ང་ལ་ཁྱོད་ཀྱིས་ཁྱེར་བ་མིན་ན་བུ་མོ་མཁའ་འགྲོས་ཁྱེར་བ་རེད་ཟེར། ངས་ཁོ་ལ་མནའ་བསྐྱལ་ནས་དེའི་སྐོར་དག་སེལ་བྱེད་སྒང་ལ། ཁོས་ངའི་བྲང་ལ་ཁུ་ཚུར་གྱིས་ལན་གཅིག་གཞུས་ཏེ་ང་རང་བསྒྱེལ་ཅིང་ཅུང་ཙམ་མིན་ན་བརྒྱལ་བར་གྱུར། ཁོས་སྡང་མིག་བགྲད་བཞིན་སླར་ཡང་ང་ལ་རྡུང་བར་རྩོམ་དུས་ངས་ཁོ་ལ“ད་ནས་ཁྱོད་ཀྱིས་ང་ལ་མཛུབ་མོ་གཅིག་གིས་བརྡུངས་ཙམ་བྱས་ཚེ་ངས་ཁྱོད་དང་ཕུན་ཚོགས་གཉིས་ཀྱིས་གཡུ་ལུང་སྤྲུལ་སྐུའི་མགོ་གཡོག་པ་དེ་ཁོང་ལ་བཤད་རྒྱུ་ཡིན”ཞེས་སྨྲས། སྐབས་དེར་ལྒང་བུའི་དབུགས་ཤོར་བ་བཞིན་ཁོའི་སེམས་ཀྱི་ཞེ་སྡང་དལ་མོར་ཞི་བ་དང་། འུ་ཐུག་པའི་མཛུམ་ཞིག་ཕྱུངས་ཏེ“ཁྱོད་ཀྱིས་དངོས་གནས་དེ་འདྲ་བྱས་ཚེ་འུ་ཅག་ཚང་མ་ཚར་སོང་བ་རེད། བྱིས་པ་འདི་གཉིས་ཀྱང་སྙིང་རེ་རྗེ། ཡ། ད་ཁོང་ཁྲོ་མ་ལངས། ངས་དངུལ་དེ་དག་འཇོག་ས་བརྗེད་སོང་བ་ཡིན་ངེས”ཟེར། ཉིན་དེའི་མཚན་མོར་ངེད་ཚང་ལ་འགྲུལ་པ་གཅིག་ཀྱང་མ་ཡོང་ཞིང་། ར་བའི་ཕྱི་ནང་ཐམས་ཅད་ལ་ཁ་བའི་གོས་དཀར་བཀླུབས། ཁྱིམ་ནང་དུ་སྔར་མེད་པའི་ལྷིང་འཇགས་ཤིག་བྱུང་ངས་ལྷིང་འཇགས་དེའི་ཁྲོད་ནས་རང་གིས་ཐེངས་དང་པོར་རྒྱལ་ཁ་བླངས་པའི་བདེ་སྣང་ལོངས་སུ་སྤྱད། ཕྱི་ཉིན་ངས་སྒྲོལ་མའི་སར་བཅར་ནས་དེ་དོན་བཤད་པ་ན། མོས“ཐེངས་འདིར་འུ་གཉིས་རྒྱལ་བ་བདེན་མོད། འོན་ཀྱང་ཧ་ཅང་གཟབ་གཟབ་མ་བྱས་ན་འབྲས་བུ་འདིའང་བརླག་ཉེན་ཡོད། ཕྱིན་ཆད་ཁོས་རང་གིས་ཉེས་སྐྱོན་མཐའ་དག་ཁྱོད་ལ་གསང་ངེས་ཡིན་པས་དེ་ཤེས་ཐབས་སུ་འུ་གཉིས་ཀྱིས་ཐབས་བཀོད་ཅིག་འཐེན་དགོས”ཟེར། ངས་སྒྲོལ་མའི་བློ་ཁ་གཞན་དུ་འགྱུར་བར་དོགས་ནས་མོ་ལ་གླ་ཆ་ཆེན་པོ་ཞིག་སྟེར་ཅིང་། མོས་དགའ་ཐག་ཆོད་དེ“ཁྱོད་ངོ་ཤེས་པ་ནི་ང་རང་ལ་རླུང་རྟ་བརྒྱུགས་པ་རེད”ཟེར།

གལ་སྲིད་ངོ་ཚ་དང་ཁྲེལ་གཞུང་གི་ཕྱི་གོས་ཀྱིས་ཡོངས་སུ་བཏུམས་ཡོད་ཚེ། ཕྱིས་སུ་བྱུང་བའི་དོན་འགའ་ཞིག་ནི་ཤོད་ཐབས་གཏན་ནས་མེད། འོན་ཀྱང་དང་པོ་ནས་ནོར་བ་ཚབས་ཆེན་བསགས་པའི་ངའི་གཉེན་དོན་དེ་ནི་སུ་ཕམ་སུ་རྒྱལ་གྱི་འཐབ་མོ་ཞིག་ལས་གཞན་ཅི་ཡང་མིན་པས། གཤམ་དུ་གསལ་བའི་དོན་རེ་འགའ་མི་ཆོས་ཀུན་སྤྱོད་ཀྱི་ཚངས་ཐིག་ལས་ཡོངས་སུ་འདས་ཚེ་ཀློག་མཁན་ཁྱེད་ཀྱིས་དགོངས་ཡངས་གནང་རོགས་ཞེས་ཞུ་བ་ལས་ཐབས་ཅི་ཡང་མི་འདུག

གཟི་རྫུན་མའི་ཚོང་དོན་གྱི་གནས་ཚུལ་ཕྱི་ལ་གྱར་བར་དོགས་ནས་རྣམ་རྒྱལ་གྱིས་ང་ལ་སྒོར་ཁྲི་གཉིས་གསུམ་ཅན་གྱི་རྡོ་རྗེ་ཕ་ལམ་གྱི་མཛུབ་དཀྲིས་ཤིག་ཉོས་པ་དང་། ཁོ་རང་གི་མོ་ཊ་རྙིང་ཤོས་དེ་ང་ལ་སྟེར་ནས་ཁྱོད་ཀྱིས་ཀྱང་མོ་ཊ་གཏོང་ཨེ་ཤེས་ལྟོས་ཟེར། ཡིན་ཡང་དུས་དེ་ནས་བཟུང་ཁོས་ང་ཡོད་ས་ནས་ཚོང་གི་སྐོར་མི་བཤད་ལ། ཕུན་ཚོགས་མ་གཏོགས་ཚོང་གྲོགས་གཞན་སུའང་ཁྱིམ་དུ་ཁྲིད་མི་ཡོང་། ང་ལ་ཧ་ཅང་མཐུན་པོ་བྱེད་ཀྱང་ཁྱིམ་ནས་སྡོད་པའི་དུས་ཚོད་ཇེ་ཉུང་དུ་ཇེ་ཉུང་དུ་འགྱུར་ལ། སྐབས་འགར་ཉེ་འཁོར་གྱི་གྲོང་ཁྱེར་དག་ཏུ་སོང་སྟེ་ཟླ་བ་གཅིག་གཉིས་ལ་ཕྱིར་མི་ཡོང་། ཁོ་ལ་དབྱངས་ཅན་ཟེར་བའི་དགའ་རོགས་གསར་པ་ཞིག་ཡོད་པ་དང་ཁོང་གཉིས་ཕྱི་ན་མཉམ་འགྲོ་མཉམ་འདུག་བྱས་ཡོད་པའི་གནས་ཚུལ་ཡང་བསྟུད་མར་ཐོས།

རིང་པོ་མ་ལོན་པར་གཡུ་ལུང་སྤྲུལ་སྐུར་འཁོར་བགེགས་བྱུང་སྟེ་སྐུ་གྲོངས་ཟིན་པའི་གཏམ་ངན་ཁྱབ་པར་གྱུར་ཅིང་། ངའི་སེམས་ལ་འཚུབ་ཆ་ལངས་ཏེ་ཅི་བྱེད་ཆ་མ་འཚལ་བར་གྱུར།

ཉིན་འགའི་རྗེས་སུ་རྣམ་རྒྱལ་ཁྱིམ་དུ་སླེབས་ཤིང་། ཁོས་འུ་གཉིས་འདི་ལྟར་ཕན་ཚུན་ལ་ཡིད་ཆེས་མེད་པར་དོགས་པ་དང་བཅས་ཁྱིམ་གཅིག་ཏུ་བསྡད་ཀྱང་སོ་སོ་སྡུག་ལ་གཏད་པ་ལས་མཇུག་འབྲས་ཅི་ཡང་མེད། དེ་བས་འཁོན་འཛིང་མེད་པར་གཉེན་འཐོར་ན་དགའ་ཟེར། ངས་གལ་སྲིད་གཉེན་འཐོར་ཚེ་ད་བར་དུ་ཁོའི་ས་ནས་བསྐྱལ་བའི་དུས་ཚོད་ཚང་མ་འཕྲོ་བརླག་བཏང་བ་ཡིན་ལ། ཁོས་སྔོན་ཆད་བརྙས་བཅོས་བཏང་བ་དག་ལ་སྐྱིན་པ་ཅི་ཡང་ལོན་མེད་པས་དེ་ག་ལ་རུང་སྙམ་ནས་རང་ཉིད་ཁྱིམ་འདིར་དུང་བ་ཡོད་པ་དང་། ཕྲུ་གུ་གཉིས་ཀྱི་མ་འོངས་པའི་ཆེད་དུ་ཁོ་དང་ལྷན་ཅིག་འཚོ་བ་རོལ་འདོད་ཡོད་པའི་བསམ་པ་བསྟན། ཉི་མ་དེར་ཁོས་ང་ལ་རྩུབ་སྤྱོད་ཅི་འདྲ་བཀོལ་ཡང་ང་ལ་ཁོ་གཅུན་བྱེད་ཀྱི་ཐབས་ཅི་ཡང་མེད་མོད། ཁོ་ང་ལ་ཡིད་ཆེས་པར་གྱུར། ངས་བསམ་ན་བུད་མེད་ཚོའི་ཟོལ་བཅོས་ཀྱི་རྣམ་འགྱུར་དེས་སྐྱེས་པ་ཚོ་སྐད་ཅིག་ཙམ་ལ་དགུག་ཐུབ་ཚེ་ཕྱིས་ཀྱི་དུས་ཚོད་ཐུང་ངུའི་ནང་ཁོ་ཚོའི་བློ་མི་འགྱུར་བར་ཨ་འཐས་སུ་གནས་ཐུབ་པར་འདུག་སྟེ་སྐབས་དེའི་རྣམ་རྒྱལ་ལ་མཚོན་ན་དེ་འདྲ་རེད་ལ་ཕྱིས་ཀྱི་བསྟན་འཛིན་ལ་མཚོན་ནའང་དེ་འདྲ་རེད།

སྐབས་དེར་ངས་མིའི་ལུས་པོའི་བདེ་ཐང་དང་འཚམ་པའི་ཟས་ཞིམ་པོ་གཡོས་སྦྱོར་བྱེད་ཚུལ་གྱི་དེབ་ཅིག་ཉོས་ཏེ་ཆེད་དུ་རྣམ་རྒྱལ་ལ་ཁ་ཟས་ཞིམ་པོ་ཅི་རིགས་བཟོས་པ་དང་། དེ་སྔ་ཁྲོས་འཁྲིགས་དང་ཁོག་རྩིས་ཀྱི་འཐབ་རར་གྱུར་པའི་ཁྱིམ་ནང་དུའང་སྔར་མེད་པའི་དྲོད་སྣང་གསར་པ་ཞིག་ཡོད་པར་བྱས། ཁོའི་སྡང་སྡིགས་དང་ལེ་བདའ་ཐམས་ཅད་ལ་བཟོད་བསྲན་བྱས་ཏེ་དགེ་ཡོད་ཚད་ཁོའི་ཡིན་པ་དང་སྐྱོན་མཐའ་དག་ངའི་ཡིན་པར་བྱས། དེ་ལྟར་ངའི་ཉམ་ཆུང་གི་བཟོ་ལྟ་རེ་རེས་ཁོའི་བག་ཟོན་གྱི་མདུད་པ་ཉིད་དལ་གྱིས་བཤིགས་ཤིང་། ཟླ་བ་འགའི་རྗེས་སུ་ཁོས་རང་གི་ཚོང་གྲོགས་དང་རྩེད་གྲོགས་བུ་མོ་དག་ཁྱིམ་དུ་ཁྲིད་ཡོང་ལ། སྐབས་འགར་དེ་ཚོའི་ཁྲོད་དུ་དབྱངས་ཅན་ཟེར་བའི་བུད་མེད་དེའང་འདུག ར་བཟི་སྟེ་མགོ་བོའང་ཡར་འགྱོགས་མི་ཐུབ་པའི་དུས་ཤིག་ལ་ཁོས་ངར“མཚོ་སྐྱིད། ཁྱོད་འགྱུར་འདུག ཁྱོད་ངོ་མ་ང་ལ་བྱམས་པོ་འདུག”ཟེར། ཡིན་ཡང་ཁོས་མི་དེ་ཚོའི་མདུན་ནས“ངའི་ཆུང་མ་ལྟ་བུའི་བཟང་མོ་ཞིག་འཇིག་རྟེན་ན་མེད། འུ་ཚོས་ཁྱིམ་འདི་ནས་ལས་ཅི་ཞིག་བསྒྲུབས་ཀྱང་མོ་ལ་འཛེམ་དོགས་བྱ་མི་དགོས། མོ་ཁྱིམ་འདིའི་ནང་གི་བྱི་ལ་ཡིན་པར་བལྟ་ཆོག”ཟེར་ཅིང་ཁོ་དང་དབྱངས་ཅན་གཉིས་ཀྱིས་མགོ་བོ་གཏུག་རེས་ཀྱིས་ཨ་རག་འཐུང་བར་བྱེད། དེ་ལྟར་ཁོའི་ཚོང་གྲོགས་དང་རྩེད་གྲོགས་དག་ནི་ངེད་ཚང་གི་རྒྱུན་མགྲོན་དུ་གྱུར་ཅིང་། དེ་ལས་ཁོའི་ཚོང་གྲོགས་ཕུན་ཚོགས་ཀྱིས་ང་ལ་བླ་ལྷག་ཏུ་བྱམས་པོ་བྱེད་ཅིང་རྣམ་རྒྱལ་མེད་དུས་ཀྱང་ང་སར་ཡོང་སྟེ་ཁ་བརྡ་སྣ་ཚོགས་བྱེད། ཁོས་ང་ལ་ཉེ་བོ་བྱེད་ཞོར་དུ་རྣམ་རྒྱལ་གྱི་སྐྱོན་འགའ་ཞིག་ཀྱང་ཤོད་པ་དང་། ཁོ་ང་སར་ཡོང་བའང་རྣམ་རྒྱལ་ལ་གསང་ཡོད་པ་འདྲ་བས་ངས་ཁོའི་སེམས་དོན་མང་པོ་ཞིག་ཁོང་དུ་ཆུད་པར་གྱུར། ཡིན་ནའང་ཁོ་ནི་རྣམ་རྒྱལ་གྱིས་ཆེད་དུ་ང་སར་བཏང་བའི་སོ་པ་ཡིན་མིན་ལ་བརྟག་དཔྱད་ཡག་པོ་ཞིག་བྱ་དགོས་པས། ངས“རྣམ་རྒྱལ་ཚོང་པ་གྲིམས་པོ་ཡོད་ཀྱང་སྐབས་འགར་ངས་ཁོས་ཚུལ་དང་མི་མཐུན་པའམ་རྒྱལ་ཁྲིམས་ལ་འགལ་བའི་ཚོང་ལས་རེ་ལྐོག་ཏུ་སྒྲུབ་བཞིན་ཨེ་ཡོད་དམ་སྙམ་ནས་སེམས་ཁྲལ་བྱེད་དགོས་འདུག གལ་སྲིད་ཁོ་རང་ལམ་ལོག་ཏུ་འཕྱན་ཚེ་ངེད་ཅག་མ་བུ་གསུམ་པོའི་མི་ཚེའང་ཚར་བ་རེད། ཁྱོད་ཀྱིས་མ་གསང་དྲང་མོར་ཤོད་དང་། ཁོས་རང་གཞན་གཉིས་ཀར་གནོད་པའི་ལས་རེ་སྒྲུབ་ཀྱི་ཨེ་འདུག”ཅེས་དྲིས་ཤིང་། ལུས་པོ་ཁོ་ལ་ཉེ་བར་བཅར། གལ་སྲིད་དྲི་བ་དེ་ལ་དྲིས་ལན་ཡག་པོ་ཞིག་ཡོད་ཚེ་ཁོའི་རེ་འདོད་བསྐང་སྲིད་པའི་རྣམ་འགྱུར་བསྟན།

ཁོ་ཐེ་ཚོམ་གྱི་གནས་སུ་གྱར་ཏེ་མིག་འབྱེད་མ་བཙུམ་དུ་ཅུང་ཙམ་རང་བསྡད་རྗེས་ངའི་ལག་པར་འཇུས་ཏེ། “ད་ངས་ཅི་ཟེར་དགོས་པའང་མི་ཤེས། གལ་ཏེ་ངས་ཁྱོད་ལ་བཤད་པའི་དོན་འདི་ཁྱོད་ཀྱིས་ཁོག་ལ་སྦ་ཐུབ་ཚེ་ངས་བཤད་ཆོག”ཟེར། ངས་རང་གིས་དེ་སྔ་བསྐྱལ་མ་མྱོང་བའི་མནའ་ཆེན་པོ་ཞིག་བསྐྱལ་བ་ན། ཁོས་ང་ལ་འཐམས་ཤིང་མལ་ཁྲིར་གཟས་ཏེ་ངའི་ལག་པ་ནས་འཐེན་ཞོར་དུ“ཁོས་ཐེངས་གཉིས་གསུམ་ཙམ་ལ་མེ་མདའི་ཚོང་བརྒྱབ་སོང་། དེ་ལས་ཁེ་ཆེན་པོ་རག་འདུག”ཟེར།

ཕུན་ཚོགས་ངའི་མིར་གྱུར་ཏེ་རིང་པོ་མ་ལོན་པར། ཁོས་དབྱངས་ཅན་ལ་མངལ་སྦྲུམ་ཟིན་ཅིང་ཕྲུ་གུའི་ཕ་ནི་རྣམ་རྒྱལ་ཡིན་ཚུལ་ཀྱང་བཤད་བྱུང་། དེ་དང་དེ་ལྟ་བུའི་དོན་འགའ་ཞིག་ནི་ང་ལ་མཚོན་ན་ལུས་སྲུང་གི་གོ་ཁྲབ་ཉག་གཅིག་ཡིན་ཏེ། གོང་དུ་སྨྲས་པ་ལྟར་ངས་ཡོད་ཚད་རྣམ་རྒྱལ་ལ་བསྟུན་ཐབས་བྱས་ཏེ་ཇི་ལྟར་མགོ་སྒུར་སྒུར་དང་སྒྱིད་པ་ཞ་ཞ་བྱས་ཀྱང་། ནམ་ཞིག་གི་ཉིན་མོར་ཁོ་རང་སྔར་གྱི་མི་དེ་མ་ཡིན་པར་ཧ་ཅང་གདུག་རྩུབ་ཆེ་བ་དང་། གནས་ལུགས་མི་རྩི་མཁན་ཞིག་ཏུ་འགྱུར་འགྲོ་བ་ནི་ཆོས་ཉིད་ཅིག་ཡིན་པ་འདྲ།

ང་དང་ཕུན་ཚོགས་ཀྱི་བར་ལ་འབྲེལ་བ་བྱུང་ནས་ལོ་གཅིག་ཙམ་འགོར་རྗེས་ཀྱི་དཔྱིད་ཀའི་མཚན་དཀྱིལ་ཞིག་ལ། རྣམ་རྒྱལ་གཅིག་པུར་ར་བཟི་སྟེ་ཁྱིམ་དུ་ལོག་པ་དང་། འབོལ་ཁྲིའི་སྟེང་བསྡད་རྗེས་གཡུག་ཐེངས་གཅིག་གིས་ཇ་ཕོར་བཅགས་ཏེ། “སྤྲང་ཕྲུག་དེ་ངའི་དངུལ་ཁྱེར་ནས་བྲོས་སོང་། ངས་ཁོ་གསད་མ་ཐུབ་ན་ཨ་མའི་བུ་མིན”ཟེར། ངས་ཁོ་ལ་རྒྱུ་མཚན་གསལ་པོར་དྲིས་པ་ན། མིང་ལ་དཀོན་མཆོག་ཏུ་འབོད་པའི་ཁོའི་ཚོང་ཕྲུག་ཅིག་ཡོད་པ་དེ་ཁོའི་ཚབ་ཏུ་འབྲོག་སར་མར་ཉོ་རུ་སོང་རྗེས་མར་དོས་སྐྱེལ་རླངས་འཁོར་བཅུ་ཡས་མས་ཉོ་བྱེད་ཀྱི་དངུལ་ཁྱེར་ནས་གར་སོང་ཆ་མེད་དུ་གྱུར་པ་དང་། ད་ལྟ་ཁོ་རང་བལ་ཡུལ་དུ་ཡོད་པའི་གནས་ཚུལ་ཁོས་གསར་དུ་ཐོས་ཚུལ་སོགས་བཤད་བྱུང་། ངས་བསམ་བཞིན་ཁོ་ཁོང་ཁྲོ་ལང་ཕྱིར་ཅི་མི་སྙམ་པའི་ཚུལ་གྱིས“ད་ཚར་ནི་ཚར་སོང་། དངུལ་ནི་ཕྱིར་ཡོང་མེད། རང་ཉིད་མི་སྐྱིད་པར་བཏང་ནས་ཅི་བྱ”ཞེས་སྨྲས་པ་ན། ཁོས“ཁྱོད་དངུལ་དེ་དག་ལ་ཕངས་སེམས་ཙམ་ཡང་མེད་དོན་ཅི་ཡིན། ཁྱོད་ལ་དེ་འདྲའི་གོ་རྟོགས་མཐོན་པོ་ཡོད་ན་ངའི་སྐྱིད་དེ་གང་ལ་འཇོག ཁྱོད་ཀྱི་སེམས་མ་གཞི་ནས་ཁྱིམ་འདི་ན་མེད། ཁྱོད་ཁྱིམ་འདི་དང་ཁ་འབྲལ་མི་ཐུབ་པ་ནི་ངའི་དངུལ་ལ་ཞེན་པས་རེད། ཁྱོད་ཀྱིས་ངན་པ་ཁོག་བཅངས་བྱས་ཏེ་དགའ་མདོག་མ་སྟོན་རོགས། ཁྱོད་འགྲོ་འདོད་ན་ད་ལྟ་འགྲོ་ཆོག དངུལ་འདི་དག་ཁྱེར་ཏེ་སོང”ཟེར་ཅིང་། འཁུར་ཁུག་ནང་ནས་བརྒྱ་ལོར་བསྡམས་ཆག་འགའ་བླངས་ཏེ་ང་ལ་གཞུས་ཤིང་ངའི་སྟེང་ལ་ཁ་ལུད་འཕངས། ངས་དེ་ལས་བསྡམས་ཆག་ཅིག་ཡར་བླངས་ཏེ་བརྒྱ་ལོར་འགའ་ཞིག་ཚལ་བར་གཤག་རྩིས་བྱེད་དུས་ཁོའི་ལག་གཡོན་པས་ངའི་སྐྲ་ལོ་ནས་བཟུང་སྟེ་རྒྱ་སྒོའི་ཕྱོགས་སུ་དྲུད་ཅིང་ལག་གཡས་པས་ང་ལ་ཁུ་ཚུར་གྱིས་གཞུས། སྐབས་དེར་ངས་སྔ་མོ་ནས་གྲ་སྒྲིག་བྱས་པའི་ཚིག་དག་སྒོར་ཕྱུངས་པ་སྟེ།

“ད་ནས་ཁྱོད་ཀྱིས་ང་ལ་མཛུབ་མོ་གཅིག་གིས་རྡུང་ཙམ་བྱས་ཚེ་ངས་ཁྱོད་ཀྱིས་མེ་མདའི་ཚོང་བརྒྱབ་པའི་དོན་དེ་ཉེན་རྟོག་པར་གཏུག་རྒྱུ།”

ཁོ་ཡིད་མི་ཆེས་པ་བཞིན་ལག་པ་གློད་ནས་ཧད་དེ་ལུས་པ་དང་། དེ་ནས་ཐབ་ཚང་དུ་བརྒྱུགས་ནས་ཚལ་གྲི་ཐོགས་ཏེ་ངའི་ཕྱོགས་སུ་བརྒྱུགས་ཡོང་མོད་གམ་དུ་སླེབས་དུས་གྲི་སར་འཕངས་ནས་ཧོ་རིང་ཞིག་བཏབ་པ་དང་། “ཨ། དཀོན་མཆོག་གསུམ་པོ། ངས་ལས་ངན་པ་ཅི་ཞིག་བསགས་སམ། ཁྱོད་ཀྱིས་དོན་དེ་ཇི་ལྟར་ཤེས་པ་ཡིན”ཟེར།

“ཁྱོད་ཐེངས་སྔོན་མར་བཟི་དུས་རང་གི་ཁ་ནས་ཤོར་བ་མིན་ནམ། ཁྱོད་ཀྱིས་ད་དུང་ང་ལ་བཙོང་ཡུལ་སུ་ཡིན་པའང་བཤད་སོང་།”

ངས་ཕུན་ཚོགས་ཀྱིས་བཤད་པའི་མི་དེའི་མིང་ནས་བོས་པ་ན། ཁོས་གྲང་འདར་ཞིག་བརྒྱབ་ནས“ཁྱོད་ཀྱིས་རྫུན་མ་བཤད”ཟེར།

དེ་ནས་ཁོ་བསྟུད་མར་བདུན་ཕྲག་འགའ་ལ་ཁྱིམ་དུ་ལོག་མ་བྱུང་། ཕུན་ཚོགས་དང་ངེད་གཉིས་ཀྱིས་མགྲོན་ཁང་ཞིག་ནས་དུས་བཏབ་ཅིང་ཕུན་ཚོགས་ཀྱིས་ང་ལ་རྣམ་རྒྱལ་གྱི་གནས་ཚུལ་བཤད།

“ཕར་བལྟས་ན་ཁོས་ང་ལ་དོགས་པ་མི་ཟ་བ་འདྲ། ཡིན་ཡང་ཉིན་འདི་གར་ཁོའི་སེམས་པ་སྐྱིད་པོ་མིན་པ་འདྲ་སྟེ། ཉི་མ་རེ་རེ་བཞིན་རྐྱལ་སྟོང་འགའ་གྲོགས་སུ་བསྡུས་ནས་ཆང་འཐུང་གི་འདུག ད་དུང་སྨྱོ་བཤད་གཟའ་བཤད་ཀྱང་བྱེད་ཀྱིན་འདུག ཡ་མཚན་བཟི་བའི་སྐབས་སུ་སྨྱོ་རྟགས་ཀྱང་སྟོན་གྱི་འདུག ཡིན་ཡང་ཁོ་ལ་ཅི་ཞིག་མ་འགྲིག་པ་སུ་ལའང་ཤོད་ཀྱིན་མི་འདུག གསང་བ་དེ་འདྲ་བསྲུང་ཐུབ་པར་བལྟས་ན་སྐྱོན་ཅི་ཡང་མེད་པ་འདྲ། ཁྱོད་གཉིས་མ་འཆམ་པ་ཡིན་ནམ།”

ངས་བུད་མེད་ཚོའི་ལུས་སྟེང་ན་ལྷན་སྐྱེས་སུ་འཛོམས་པའི་ཞི་དུལ་གཤིས་འཇམ་གྱི་མཚོན་ཆ་ཉིད་བཀོལ་ནས་ཕུན་ཚོགས་ལ་དོན་མཐའ་དག་དྲང་མོར་བཤད་ཅིང“ཡོད་ཚད་ང་ལན་པ་ཡིན། ཁྱོད་ཀྱིས་ང་ལ་ལེ་བདའ་བྱ་རོགས”ཞེས་སྨྲས། དང་པོ་ཁོ་ཁོང་ཁྲོ་ཅུང་ཙམ་ལངས་ནའང་ཁོའི་ཁོང་ཁྲོ་མེ་དེ་ངའི་འདོད་བརྩེའི་ཆུ་ཡིས་བཅིལ་བར་བྱས་རྗེས། ཁོས“ད་ཅི་ཞིག་བྱས་ན་དགའ་འམ། ཁྱོད་ལ་ཕན་ཐོགས་བྱེད་ཀྱི་དོན་ནི་ཅི་འདྲ་ཞིག་ཡིན་ཡང་ངས་བསྒྲུབ་ཆོག”ཟེར།

ངེད་གཉིས་ཀྱིས་མལ་ཁྲིའི་སྟེང་ནས་འདི་ལྟར་གྲོས་བྱས་པ་སྟེ། ཁོས་ཐབས་བརྒྱ་ཇུས་སྟོང་གིས་རྣམ་རྒྱལ་གྱི་ཁ་ནས་གསང་བ་བྲུས་རྗེས་ང་ལ་གནོད་པའི་ལས་སྒྲུབ་ཏུ་འཇུག་པ་དང་། དེ་ནས་ཁོས་ང་ལ་གནོད་པ་བཏང་བ་དེ་དཔང་དུ་བཟུང་ནས་ཁོར་ཡ་ལན་སྤྲད་པ་དེའོ། །

ཉིན་འགའི་རྗེས་སུ་ཕུན་ཚོགས་ཀྱིས་ཁ་པར་བཏང་སྟེ“ད་ལྟ་ཁོའི་ཟུར་མོ་དེ་ལའང་མངལ་སྦྲུམ་འདུག ཁོས་ང་ལ་ཡིད་ཆེས་བྱས་ཏེ་གསང་བ་ཐམས་ཅད་བཤད་བྱུང་། སྐབས་འདིར་ཁོས་ངག་འཇམ་པོས་བསླུ་བར་བྱས་ཏེ་ཁྱོད་འཆི་ལམ་དུ་བརྫང་ཡང་སྲིད། འུ་གཉིས་ཀྱིས་གྲོས་བྱས་པ་ལྟར་ཅིས་ཀྱང་གཟབ་གཟབ་བྱ་དགོས”ཟེར།

ཏག་ཏག་ཕུན་ཚོགས་ཀྱིས་བཤད་པ་ལྟར། རྣམ་རྒྱལ་གྱིས་དེ་སྔ་ང་ལ་རྩུབ་སྤྱོད་བཀོལ་བ་དེར་ཤིན་ཏུ་འགྱོད་པའི་རྣམ་པ་བསྟན་པ་དང་གནས་ལུགས་དང་རྒྱུ་མཚན་མང་དག་ཅིག་བཤད་ནས་ཕྱིན་ཆད་ངེད་གཉིས་ཅིས་ཀྱང་འཆམ་པོ་བྱ་དགོས་ཚུལ་གླེང་། ཁོས་ཕྱི་ན་ཚོང་ཆེན་པོ་ཞིག་རྒྱག་བཞིན་ཡོད་ཀྱང་ཁོམ་པ་བྱུང་དུས་རྒྱུན་པར་ཁྱིམ་དུ་ང་ལ་བལྟ་བར་ཡོང་ངེས་ཡིན། ཁོས་སྨྲས་པ་བཞིན་ཁོ་དངོས་གནས་ཁ་དན་ཚིག་ལ་གནས་བྱུང་། དེ་ནས་བརྩིས་ཏེ་ཁོ་ཁྱིམ་དུ་ཐེངས་དང་པོར་ཡོང་དུས་ཁོས་ང་ལ་ལོ་དེར་དར་སོ་ཆེ་བའི་iPhoneགསར་པ་དེ་ཁྱེར་ཡོང་བ་དང་། ཐེངས་གཉིས་པར་ཡོང་དུས་ཁཱ་ཐེ་ཨེ(Cartier)རྟགས་ཅན་གྱི་གསེར་གྱི་ལག་གདུབ་ཅིག་ཁྱེར་ཡོང་། ཐེངས་གསུམ་པ་ནི་དུས་ཀྱི་ཆ་ནས་དབྱར་ཟླ་ཐ་མ་ཡིན་ནའང་གནམ་གཤིས་ཀྱི་ཆ་ནས་སྟོན་རླུང་འུར་འུར་དུ་ལྡང་བའི་མཚན་མོ་ཞིག་ཡིན་ལ། མཚན་མོ་དེར་ཁོས་ང་སར་དུག་ཁྱེར་ཡོང་།

འོན་ཏེ། ཁོས་དུག་ནི་སྨན་གྱི་ཤེལ་དམ་ཆུང་ངུ་ཞིག་གི་ནང་བླུགས་ནས་ཁོ་རང་གི་རྐང་སྣམ་གྱི་ཁུག་མ་གཡས་པའི་ནང་བསྐུངས་ཡོད་ལ། ང་སར་བཤམས་པ་ནི་ཕྱི་གླིང་ཧྥ་རན་སེ་ནས་ཐོན་པའི་རྒུན་ཆང་རྩ་ཆེན་ཞིག་རེད། ཁོས་ང་ལ་དུག་འདྲེན་པ་དང་། ཕྱི་ཉིན་ང་རང་ཆང་བཏུང་དྲགས་ཏེ་དབུགས་འགག་ནས་ཤི་ཚུལ་བསྒྲག་པ། དེ་ལ་ཕུན་ཚོགས་ཀྱིས་རོགས་རམ་བྱ་བ་སོགས་འཆར་གཞི་རྣམས་ཚགས་སུ་ཆུད་པའི་ངང་བསྒྲིགས་ཟིན་ཡང་། ཁོའི་འཆར་གཞི་དེ་དག་གི་རྒྱབ་ན་ཕུན་ཚོགས་ཡོད་ལ། ཕུན་ཚོགས་ཀྱི་རྒྱབ་ན་ང་ཡོད་པ་ཁོས་གཏན་ནས་ཤེས་མི་འདུག

ཁོས་སྐྱིད་མདོག་ཁ་བོས་ཤེལ་དམ་རྐང་རིང་གཉིས་ཁྱེར་ཡོང་སྟེ་ནང་དུ་རྒུན་ཆང་ཕྱེད་ཙམ་རེ་བླུགས་རྗེས“མཚོ་སྐྱིད། ངས་ཁྱོད་ལ་གཏམ་སྙན་ཞིག་བཤད། ཐེངས་འདིའི་ཚོང་བྲིན་པོ་བྱུང་སྟེ་ཁེ་སྤོགས་འདི་ཙམ་ལོན་བྱུང”ཟེར་ཅིང་ལག་པ་གཡས་པའི་སྤར་ཁ་བྱས་ཏེ་མཛུབ་མོ་ལྔ་བོ་བསྲིངས་བྱུང་བས་ངས་ཁོས་ཟེར་བ་ནི་ཤོག་དངུལ་ས་ཡ་ལྔ་ཡིན་པར་གོ ཡང་ཁོས“གལ་སྲིད་ཁྱོད་ཀྱིས་སྔོན་ཆད་ལྟར་ངའི་གསང་བ་བསྒྲག་རྒྱུ་ཞེས་འཇིགས་མི་སྐུལ་ན་ས་ཡ་གཉིས་ཁྱོད་རང་གི་དངུལ་བྱང་ནང་བླུག་ཆོག”ཟེར། སྐབས་དེར་བྱིས་པ་གཉིས་ཀར་དབྱར་གནང་བཏང་ཡོད་ཅིང་ཁོང་གཉིས་ཉལ་ཁང་ནང་ད་དུང་རྩེད་བཞིན་འདུག་པས་ངས་འཆར་གཞི་བརླག་ངེས་རེད་སྙམ་སྟེ“བྱིས་པ་གཉིས་ཀ་གཉིད་དུ་བཅུག་རྗེས་ང་མྱུར་བར་སླེབ་ཡོང”ཞེས་སྨྲས། ༼མུ་འགོད ༽ 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1