སྤྱོད་ལམ་དང་ཁྲིམས་ལུགས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-19
སྤྱིར་བཏང་གི་བྱས་ཉེས་ཡོད་ཚད་མི་སོ་སོའི་སྤྱོད་ལམ་མ་འགྲིག་པ་ལས་བྱུང་བ་ཞིག་རེད། དེ་ནི་བཤད་དགོས་པའི་དོན་ཞིག་ལར་ནས་མིན། དེ་བཞིན་དུ་སྤྱི་ཚོགས་ལུགས་མཐུན་ཅན་དང་ཚུལ་ལྡན་ཅན་དུ་ཕྱོགས་པ་ལ་ཐོག་མར་མི་ཚོའི་སྤྱོད་ལམ་ཚུལ་ལྡན་ཅན་དང་ལུགས་མཐུན་ཅན་དུ་བཅའ་དགོས་པ་འདི་ཡང་བཤད་མི་དགོས་པར་ཤིན་ཏུ་གསལ་པོ་ཞིག་ཡིན་མོད། དེ་ཡང་བསམ་པ་དང་སྤྱོད་ལམ་གྱི་གནད་དོན་ཁོ་ན་ཉིད་དུ་ནི་སྨྲ་ཁག་པ་ཡིན་ཏེ། ལམ་ལུགས་ག་འདྲ་ཞིག་ཡིན་ན་མི་དམངས་ཀྱང་དེ་འདྲ་ཡིན་ཟེར་བ་ལྟར། སྤྱོད་ལམ་ཕལ་མོ་ཆེ་ནི་སྐབས་བབས་སྤྱི་ཚོགས་གནས་སྟངས་ཀྱིས་གཞི་ནས་ཐག་བཅད་ནས་ཡོད་པ་ཡིན་པས། སྤྱོད་ལམ་གྱི་ཚད་ཐིག་དེ་སྤྱི་ཚོགས་སྔོན་འགྲོར་བཟུང་བའི་སྒོ་ནས་ལམ་དུ་འཇོག་དགོས་པ་ཞིག་རེད། ཡང་ན་འུ་ཚོ་ནི་སྔར་སོང་གི་གོམས་སྲོལ་དང་ཡུལ་ལུང་གི་ལམ་ལུགས་ག་གེ་མོ་ཡི་རྗེས་འདེད་མཁན་ཡིན་པས། ཕྱོགས་མང་པོ་ཞིག་ནས་ཚུལ་མཐུན་གྱི་སྤྱི་ཚོགས་ངོ་བོ་དང་ཉེ་བར་མ་བཅར་བའི་བྱ་སྤྱོད་སྣང་ཚུལ་མང་པོ་དོད་ནས་ཡོད་པ་སྟེ། སྤྱོད་ལམ་ལ་ཡུལ་ལུང་རང་བཞིན་གྱི་ཆ་ཤིན་ཏུ་ཆེ། དེའི་ཕྱིར། སྡོད་སྟངས་ཡག་པོ་མིན་པའི་ཡུལ་ལུང་རང་བཞིན་ཅན་གྱི་སྤྱི་ཚོགས་ཤིག་ལ་མཚོན་ན། སྐབས་སུ་བབས་པའི་ཉེ་བའི་གནད་དོན་ནི་སྤྱོད་ལམ་གྱི་གནད་དོན་མ་ཡིན་པར་སྤྱི་ཚོགས་ཀྱི་གནད་དོན་རེད། སྤྱི་ཚོགས་གང་དེ་ཡུལ་ལུང་རང་བཞིན་ཅན་ནས་ཁྲིམས་ཀྱི་གཏན་འབེབས་འོག་ཏུ་ཚུད་ཐབས་བྱས་ན་སྤྱི་ཚོགས་སྒྲིག་འཛུགས་ཅན་དུ་བསྒྱུར་དགོས་པ་དེ་རེད། དེ་བས། ཁྲིམས་བཅའ་བ་ནི་ཡུལ་ལུང་རང་བཞིན་གྱི་སྒྲིག་འཛུགས་བསལ་ནས་དཔལ་ཡོན་རང་བཞིན་གྱི་སྤྱི་ཚོགས་གཏན་འབེབས་བྱེད་པ་དེ་ཡིན།
དེ་ལྟ་ནའང་། ཁྲིམས་ཡོད་པ་ཁོ་ནས་སྤྱི་ཚོགས་འཁྱོངས་སོང་བ་ཡང་མ་ཡིན་ཏེ། ཁྲིམས་ནི་སྤྱི་ཚོགས་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ཙམ་པོ་བ་ཞིག་ལས་དེས་སྤྱི་ཚོགས་སྤྱོད་ལམ་གྱི་ཚབ་བྱེད་ཐུབ་པ་མ་ཡིན། དེ་ཡང་མི་ཞིག་གི་བྱས་པ་ཕྲན་བུ་ཚུན་ཆོད་ལ་ཉེས་པ་བགྲངས། ཆད་པ་བཅད་ནས་ཡོང་དོན་ནི་སྒེར་གྱི་ཁེ་དབང་ལ་ཁྲིམས་ཀྱིས་རྒྱབ་སྐྱོར་དང་ཞབས་འདེབས་ཞུ་ཚུལ་ཙམ་ཡིན་པ་ལས། སྤྱི་ལམ་གྱི་ཉེས་པ་སྔར་བྱུང་བ་དག་སྔར་ཡང་མི་འབྱུང་བར་བཟློག་ཕྱིར་ཡིན་ཞེས་ཟེར་ཁག་པ་ཡིན་ཏེ། སྤྱོད་ལམ་གསོ་སྐྱོང་བྱེད་པ་ནི་ཁྲིམས་ཀྱི་བྱ་བ་མ་རེད། དེ་གང་ཞེ་ན། ཁྲིམས་ནི་དྲག་ཐབས་ལ་བརྟེན་ནས་སྤྱོད་ལམ་གཅུན་ཐབས་ཤིག་ཡིན་པས་རེད། དེས་བསྡམས་པའི་ཀུན་སྤྱོད་དེ་ཡང་འཇིགས་སྐྲག་ཙམ་ལས་ཡོད་པ་མ་རེད། དེས་ཀུན་སྤྱོད་གསོ་སྐྱོང་ཐུབ་པ་མ་རེད། དཔེར་ན། ཁྲིམས་ཡོད་པའི་སྤྱི་ཚོགས་སུ་རྐུན་ཇག་ཁྲམ་ལས་སོགས་སྤྱོད་ལམ་གྱི་གནད་དོན་སྔར་བཞིན་ལྷགས་ཡོད་པ་ལྟ་བུ་རེད། སྤྱོད་ལམ་ཟེར་བ་ནི་ག་འདྲ་ཞིག་རེད་ཅེ་ན། དེ་ནི་བླང་དོར་གྱི་ཆ་དང་ལྡན་པ་ཞིག་རེད། སྒྲིག་འཛུགས་ལ་བརྩི་སྲུང་བྱེད་པ་ཙམ་དང་འཇིགས་སྐྲག་ལ་སྡོམ་གཅུན་བྱེད་པ་ཙམ་ནི་སྤྱོད་ལམ་དུ་ནམ་ཡང་ཡོང་ཐབས་མེད།
འོ་ན། ཁྲིམས་ཡོད་པས་སྤྱི་ཚོགས་སུ་དགོས་པ་ཆེར་མི་འདུག་ཨང་ཟེར་ན། དེ་ཡང་མ་ཡིན་ཏེ་སྤྱི་ཚོགས་སྒྲིག་འཛུགས་ཅན་གྱི་འོག་ཏུ་མིའི་སྤྱོད་ལམ་འཆོས་སླ་པོ་དང་ཚུད་བདེ་བོ་ཡོད་པའམ། ཡང་ན་ཁྲིམས་ཀྱིས་སྤྱོད་ལམ་གཏན་འབེབས་ཅན་དུ་འགྲོ་ཐུབ་པས་ཡིན། དེ་མིན་ཚད་ངེས་ཅན་ཞིག་ནས་བཤད་ན་ཁྲིམས་ནི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་སུ་བསྙད་ཆོག་པའི་སྟེང་དུ་ཁྲིམས་ཀྱིས་འགོག་སྲུང་གི་བྱ་ལས་རང་ཁུར་དུ་བགྱི་བཞིན་ཡོད་སྟབས། ཁྲིམས་ཡོད་པས་གཞན་གྱི་སྤྱོད་ལམ་ལ་སྒྲིག་འཛུགས་གཏན་འབེབས་ཀྱི་འོག་ནས་ཚོད་འཛིན་དང་སྒེར་གྱི་ཁེ་དབང་ལ་སྲུང་སྐྱོང་གི་ནུས་པ་ཐོན་བཞིན་ཡོད་པ་ཡིན། ཁྲིམས་ཡོད་པས་ཁྱོད་ཀྱིས་སྤྱི་ཚོགས་སུ་མུ་རུ་འཚོ་བ་རོལ་ཆོག་པའི་ཁེ་དབང་ལ་རྒྱབ་སྐྱོར་འཐོབ་ཐུབ་པ་ཡིན། དེ་ལྟ་དེ་ལྟར་སྤྱོད་ལམ་ལོག་མཐའ་བ་དང་འཆལ་སྤྱོད་པ་གནས་བཅའ་བའི་སྤྱི་ཚོགས་ཀྱི་གནས་བབས་ཁྲོད་དུ་ཁྲིམས་ནི་སྒེར་གྱི་ཁེ་དབང་གི་དོན་དུ་མ་ཡོད་ཐབས་མེད་ཅིག་ཡིན་པ་དེའོ། །
སྒེར་གྱི་ཁེ་དབང་མ་བོར་བ་བྱ་རྒྱུ་ནི་སྤྱི་ཚོགས་ཀྱི་རྩ་བ་ཡིན་པས། དེ་ཉིད་སྲུང་ཞིང་མ་བརླག་པ་གནང་རྒྱུ་ཡང་ཁྲིམས་ཀྱི་འགན་བབས་གཅིག་པུ་རུ་ཆགས་ཡོད་པ་ཡིན།
སྒེར་གྱི་ཁེ་དབང་སྤྱི་ཚོགས་ཀྱི་རྩ་བ་ཡིན་ཟེར་དོན་ནི་མི་བུ་གསོ་སྐྱོང་དང་རིག་གནས་དཔལ་འབྱོར་སོགས་གང་ལ་མཚོན་ནའང་། དེ་ཉིད་འཛུགས་སྐྲུན་གྱིས་འཕེལ་རྒྱས་སུ་གཏོང་བ་ནི་ཁྲིམས་ལྡན་ངོས་གཙང་གི་སྤྱི་ཚོགས་སྒྲོམ་གཞིའམ་སྒེར་གྱི་ཐོབ་ཆ་མ་བརླག་པའི་སྤྱི་ཚོགས་ཁོར་ཡུག་ཚུལ་ལྡན་ཞིག་ཡོད་མེད་ལ་རག་ལས་པ་ཡིན། མི་བུ་གསོ་སྐྱོང་ལྟ་བུ་མ་མཚོན་ན། བུ་ཕྲུག་དང་སློབ་མ་འཇོན་ནུས་ཅན་དང་སྤྱང་གྲུང་ཅན་དུ་ནར་སོན་པ་ལ་རང་དབང་མ་བརླག་པའི་ཁོར་ཡུག་ཅིག་མེད་ཐབས་མེད། ཁྲིམས་ལ་དོ་ཁུར་ཆེ་བའི་སྤྱི་ཚོགས་སུ་ཕ་མ་དང་དགེ་རྒན་གྱིས་ཅི་ལ་གང་འདོད་ཀྱིས་བྱིས་པར་རྡུང་རྡེག་གཏོང་ཆོག་གི་མེད། དེ་བས། ཁྲིམས་ཀྱིས་བྱིས་པ་ཚོར་ཕ་མ་དང་དགེ་རྒན་གྱི་མདུན་དུའང་རང་ཉིད་མི་ཞིག་ཡིན་པའི་བརྩི་བཀུར་འབོར་དུ་བཅུག་མེད། མི་ཞིག་ལ་མཚོན་ན་ངོ་སོ་འདི་ཡོད་པས་ད་གཟོད་མགོ་བོ་འདེགས་ཐུབ་པ་དང་སེམས་འཕང་མ་ཆག་པ་ཡོང་བཞིན་ཡོད། རང་ཉིད་ཀྱི་རྒུད་པ་སེལ་ཐུབ་བཞིན་ཡོད།
དེ་ལྟར་སྤྱི་ཚོགས་ཁྲིམས་ཡོད་པ་དང་སྤྱོད་ལམ་ཅན་དུ་ཕྱོགས་པ་ནི་སྤྱི་ཚོགས་ཀྱི་བརྟན་བརླིང་ཞི་འཇགས་ཁོ་ན་མ་ཡིན་པར། སྤྱི་ཚོགས་དེར་སྲིད་འབྱོར་རིག་གསུམ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཁོར་ཡུག་བཟོ་བ་ཡང་ཡིན་ནོ། །