ཁྱིས་བྱིས་པར་རྨུགས་ཚེ་འགན་འཁྲི་སུ་ཡིས་འཁུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-19


  བློ་མཐུན་རྩོམ་སྒྲིག་པ་ལགས། ད་ལྟ་གནོན་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་ཀྱི་གོམ་འགྲོས་ཁྲོད། མགོན་པོས་ནམ་ཡིན་ཡང་རང་ཉིད་ཀྱི་ནུས་པར་བརྟེན་ནས། རང་ཉིད་ཁོ་ནར་དབང་བའི་ལྷོག་གཡེང་བག་ཕེབས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་རྒྱུ་ནི་ཧུར་གྱིས་འབད་པའི་དམིགས་འབེན་ཞིག་ཏུ་བཟུང་ཡོད། ལན་རེར་འཚོ་བའི་བྲེལ་འཚུབ་གྱི་ཁྲོད་ནས་ཁོམ་སྐབས་རེ་བྱུང་ཚེ་རང་ཉིད་ཀྱི་ཁྱི་ཕྲུག་ཆུང་ཆུང་དེ་ཁྲིད་དེ། གཞིས་ཁུལ་གྱི་ར་སྐོར་དུ་འཆམ་འཆམ་བྱེད་དུ་འགྲོ་བར་གོམས་ཡོད། དོན་དག་ཆེ་མ་ཆུང་གསུམ་གང་ཞིག་བསྒྲུབས་ཀྱང་ཤིན་ཏུ་ཞིབ་ཚགས་དང་ནན་ཏན་ཡིན་པ་ནི་ཁོའི་ཆེས་ལེགས་པའི་བྱ་སྤྱོད་ཅིག་ཡིན་ལ། ཁོས་ད་དུང་རང་ཉིད་ཀྱི་ཁྱི་ཕྲུག་དེ་ལའང་འབྲེལ་ཡོད་ལག་ཁྱེར་གྱི་འགྲོ་ལུགས་ཡོད་ཚད་བསྒྲུབས་ཚར་ཡོད། ཉེ་ལམ་ཁོས་ཕྱི་དྲོ་ཞིག་གི་ཁོམ་སྐབས་བེད་སྤྱད་དེ་ཁྱི་ཕྲུག་ཁྲིད་ནས་གཞིས་ཁུལ་དུ་འཆམ་འཆམ་བྱེད་དུས། བྱིས་པ་འགའ་ཁྱི་ཕྲུག་གི་མཐའ་རུ་རུབ་སྟེ་ཁ་རྩེ་སྐབས་བྱིས་པ་གཅིག་ལ་རྨུགས་ནས་རྨས་སྐྱོན་བཟོས། ད་ལྟ་བྱིས་པའི་ཁྱིམ་བདག་གིས་མགོན་པོར་རྨས་སྐྱོན་བཟོས་པར་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་མགོན་པོས་བྱིས་པས་ཁྱི་ཕྲུག་གི་ཁ་རྩེ་བ་ནི་རྨས་སྐྱོན་གྱི་འབྱུང་རྐྱེན་གཙོ་བོ་ཡིན་པས་འགན་ཡོད་ཚད་འཁུར་མི་དགོས་པར་སྙམ། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་འབྲེལ་ཡོད་ཀྱི་སྐྱིན་ཚབ་གཞལ་འགན་ཇི་ལྟར་འཁུར་དགོས། ཞེས་བན་ཆུང་གིས།
  བློ་མཐུན་བན་ཆུང་ལགས། རང་རྒྱལ་གྱི《 དམངས་དོན་ཁྲིམས་གཞུང》གི་གཏན་འཁེལ་ལྟར་ན། “སྒོ་ཕྱུགས་ཀྱིས་མི་གཞན་ལ་གནོད་འཚེ་བཟོས་ཚེ། སྒོ་ཕྱུགས་གསོ་སྐྱོང་མཁན་ནམ་ཡང་ན་དོ་དམ་མཁན་གྱིས་དབང་གནོད་འགན་འཁྲི་འཁུར་དགོས། ཡིན་ན་ཡང་གནོད་འཚེ་བཟོས་པ་ནི་དབང་གནོད་མཁན་གྱིས་བསམ་བཞིན་ནམ་ཡང་ན་ལས་འཛོལ་ཚབས་ཆེན་ལ་རྐྱེན་བྱས་ཏེ་བཟོས་པ་བདེན་དཔང་བྱེད་ཐུབ་ཚེ། སྒོ་ཕྱུགས་གསོ་སྐྱོང་མཁན་ནམ་ཡང་ན་དོ་དམ་མཁན་གྱིས་འགན་འཁྲི་འཁུར་མི་དགོས་པའམ་ཡང་ན་ཇེ་ཡང་དུ་བཏང་ཆོག” ཅེས་བཀོད་ཡོད། དོ་དམ་དང་འགལ་བའི་གཏན་འཁེལ་ལྟར་ན། “སྒོ་ཕྱུགས་ལ་བདེ་འཇགས་བྱེད་ཐབས་ཅི་ཡང་མ་སྤྱད་པར་མི་གཞན་ལ་གནོད་འཚེ་བཟོས་ཚེ། སྒོ་ཕྱུགས་གསོ་སྐྱོང་མཁན་ནམ། ཡང་ན་དོ་དམ་མཁན་གྱིས་དབང་གནོད་འགན་འཁྲི་འཁུར་དགོས། ཡིན་ན་ཡང་གནོད་འཚེ་བཟོས་པ་ནི་དབང་གནོད་མཁན་གྱིས་བསམ་བཞིན་དུ་བཟོས་པ་ཡིན་པ་བདེན་དཔང་བྱེད་ཐུབ་ཚེ། འགན་འཁྲི་ཇེ་ཡང་དུ་བཏང་ཆོག” ཅེས་བཀོད་ཡོད། དེར་བརྟེན། དོན་དག་འདིའི་འགན་འཁྲིའི་སྐོར་གྱི་འབྲེལ་ཡོད་དོན་དངོས་ལ་སྣ་འཛོམས་སྒོས་བརྟག་དཔྱད་བྱས་རྗེས་ད་གཟོད་བརྡར་ཤ་གཅད་དགོས་ཤིང་། དེར་ནང་གསེས་སུ་ཁྱི་ཕྲུག་ལ་ལག་ཁྱེར་ཡོད་མེད་དང་ཐག་པས་ཁྲིད་ཡོད་མེད། བྱིས་པས་ཁ་རྩེ་བའི་བྱེ་བྲག་གི་བྱ་སྤྱོད། བྱིས་པའི་ཁྱིམ་བདག་ཡུལ་དངོས་སུ་ཡོད་མེད། ཁྱི་ཕྲུག་གི་གསོ་སྐྱོང་མཁན་གྱིས་བྱིས་པས་ཁ་རྩེ་བར་བཀག་འགོག་གམ། ཡང་ན་གསལ་འདེབས་བྱས་ཡོད་མེད་བཅས་འདུས། དེ་བས་གོང་གི་གྱོད་དོན་འདིར་གཞིགས་ན། མགོན་པོ་ནི་ཁྱི་ཕྲུག་གི་གསོ་སྐྱོང་མཁན་ཡིན་པའི་ཆ་ནས་འགན་འཁྲི་གཙོ་བོ་འཁུར་དགོས་སོ། །ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1