༄༅།། ཀརྨ།

པདྨ་ནོར་བུས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-21


སྡེ་དགེ་རྫོང་བོད་སྨན་རྩིས་ཁང་དང་སྨན་ལས་པ་ཀརྨ་ལགས་ཀྱི་ངོ་སྤྲོད།

      

སྡེ་དགེ་རྫོང་བོད་སྨན་རྩིས་ཁང་དང་སྨན་ལས་པ་ཀརྨ་ལགས་ཀྱི་ངོ་སྤྲོད།

   སྡེ་དགེའི་བོད་སྨན་ལ་ཟུར་ལུགས་བོད་སྨན་དང་། སྡེ་དགེའི་བོད་སྨན་ཞེས་ཟེར་སྲོལ་ཡོད། སྡེ་དགེའི་བོད་སྨན་ལ་སྤྱི་སྒེར་གཉིས་ཀྱི་སྨན་ཁང་ཡོད་ཅིང་།   སྲོལ་རྒྱུན་སྨན་ལས་ལག་རྩལ་ཐད་འཕེལ་རྒྱས་ཡག་པོ་ཕྱིན་ཡོད།   ཕྱག་རྒྱུན་གཙོ་བོ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སློབ་རྒྱུད་གཙོ་བོ་འཛིན་ཏེ་ལག་ལེན་བྱེད་སྲོལ་ཡོད།   སྤྱི་ལོ་1959ལོར་སྡེ་དགེའི་པར་ཁང་ནང་དུ་བོད་སྨན་གྱི་སྡེ་ཁག་ཅིག་བཙུགས་ཡོད་པ་མ་ཚད། སྤྱི་ལོ1978ལོར་སྡེ་དགེའི་པར་ཁང་སྒོ་འབྱེད་སྐབས་སུ།  སྡེ་དགེ་རྫོང་བོད་སྨན་ཁང་ཞེས་སྨན་ཁང་དང་པར་ཁང་སོ་སོ་ཕྱེས་པ་རེད་འདུག  སྡེ་དགེའི་བོད་སྨན་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་།  ལག་ལེན་གྱི་རྒྱུན་ཟམ་མ་ཆད་པའི་སྨན་པ་མཁས་པའི་ཕྱག་རྒྱུན་མ་ཉམས་པ་གནས་འདུག 

    སྡེ་དགེའི་བོད་སྨན་ལ་བོད་ཡུལ་གྱི་ས་ཆ་མང་པོ་ནས་དགའ་བསུ་ཐོབ་མྱོང་ཡོད། ས་གནས་ཞིང་འབྲོག་མང་ཚོགས་ཀྱིས་སྡེ་དགེའི་བོད་སྨན་ལ་ཕན་ནུས་མངོན་གསལ་ཆེ་བའི་གདེང་འཇོག་ཚད་མེད་བྱེད་ཀྱིན་ཡོད། ལྷག་པར་དུ་འདབ་པ་དང་ལི་ཐང་སོགས་རང་ཁུལ་གྱི་རྫོང་ཁག་སོ་སོ་དང་། ལྷ་ས་དང་མཚོ་སྔོན་སོགས་ཀྱི་ས་གནས་ཁ་ཤས་ནས་སྡེ་དགེའི་བོད་སྨན་ཞེས་རྩིས་མཐོང་ཆེན་པོ་བྱེད་སྲོལ་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད། 

སྡེ་དགེའི་བོད་སྨན་ཁང་དུ་སྨན་སྦྱོར་ལྟེ་གནས་ཤིག་ཡོད་ལ། སྨན་སྦྱོར་ལྟེ་གནས་དེའི་ལག་ལེན་གཙོ་བོ་སྲོལ་རྒྱུན་སྨན་སྦྱོར་ཡིན་ལ། སྨན་སྦྱོར་ལྟེ་གནས་དེ་རུ་ལོ་ངོ་བཞི་བཅུ་ལྷག་ལ་སྨན་སྦྱོར་གྱི་ལས་དོན་སྒྲུབ་པའི་སྨན་པ་རྒན་པ་ཞིག་ཡོད་པ་ནི་སྨན་ལས་པ་ཀརྨ་རེད། 

སྡེ་དགེ་རྫོང་བོད་སྨན་རྩིས་ཁང་དང་སྨན་ལས་པ་ཀརྨ་ལགས་ཀྱི་ངོ་སྤྲོད།
སློབ་མ་ཚོ་དང་མཉམ་དུ་སྨན་རྩྭ་འཐུ་བར་ཕེབས་པ།

སྡེ་དགེ་རྫོང་བོད་སྨན་ཁང་གི་སྨན་ལས་པ་ཀརྨ་ལགས་ཀྱི་ངོ་སྤྲོད་མདོར་བསྡུས་སུ་བཀོད་པ། 

      སྡེ་དགེ་རྫོང་བོད་སྨན་ཁང་གི་སྨན་ལས་པ་ཀརྨ་ལགས་ནི་རབ་བྱུང་བཅུ་དྲུག་ལོའི༼  སྤྱི་ལོ༡༩༥༠ལོར༽ མདོ་ཁམས་སྡེ་དགེའི་ཆར་གཏོགས་དཔལ་སྤུངས་ཤང་དཔལ་སྨད་གྲོང་ཚོ་གནས་འབུམ་མོའི་ཉེ་སར། ཡབ་བཀྲ་ཤིས་ཚེ་རིང་དང་། ཡུམ་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཁོང་གིས་མི་ལོ་བཞི་བཅུ་ལྷག་ལ་བོད་སྨན་ལས་རིག་པའི་ཕྱག་ལས་མཛད། གཙོ་བོ་བོད་སྨན་སྨན་རྫས་ངོས་འཛིན་རིག་པ་དང་།  སྨན་རྫས་སྦྱོར་བཟོ་དང་འདུལ་སྦྱོང་རིག་པ་སོགས་ལ་ཕྱག་ལས་རྒྱ་ཆེར་མཛད་དེ། སྔ་རྗེས་སུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། རིན་ཆེན་གྲང་སྦྱོར། མུ་ཏིག་བདུན་ཅུ་སོགས་ཕྱག་ལེན་དུ་མ་མཛད་མྱོང་ཡོད།

     ལས་ཁུངས་གང་ཞིག་ཡིན་ཡང་ཐུན་མོང་གི་ཁོར་ཡུག་ནང་དུ་ཐུན་མོང་གི་ངལ་རྩོལ་ལ་བརྟེན་ནས་འཕེལ་རྒྱས་བྱུང་ཡོད་པ་དངོས་པོའི་ཆོས་ཉིད་ཅིག་ཡིན་ཡང་།  སྨན་ལས་པ་ཀརྨ་ལགས་ཀྱིས་སྔ་ཕྱི་བར་གསུམ་དུ་ངལ་རྩོལ་དང་ལག་ལེན་ཟུང་འབྲེལ་གྱིས་བོད་སྨན་རིལ་བུ་རེ་རེ་དང་རྔུལ་ཆུའི་ཐིགས་པ་རེ་རེ་བརྗེས་ནས་མི་ཚེ་གསོ་རིག་གི་ལས་དོན་ལ་ཕུལ་མྱོང་།  ཁོང་གིས་ལོ་ངོ་ཧྲིལ་པོ་བཞི་བཅུ་ལྷག་ལ་སྡེ་དགེ་རྫོང་བོད་སྨན་ཁང་དུ་བོད་སྨན་རྫས་རིག་པའི་ཕྱག་ལས་མཛད་པ་མ་ཚད།  ཁོང་ནི་སྨན་རྫས་འདུལ་སྦྱོང་དང་། སྨན་རྩྭ་ངོ་སྤྲོད་སྐབས་སུ་སྨན་སྣ་རེ་རེའི་སྤུས་ཀ་དང་། ལས་སྣོན་སོགས་ལ་ནན་ཏན་བྱེད་མཁན་ཞིག་ཀྱང་ཡིན། རྒྱུ་མཚན་དེ་དག་གིས་སྡེ་དགེའི་བོད་སྨན་ཞེས་པའི་མིང་དེ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་ཞིག་ཀྱང་ཅི་ལ་མིན། སྤྱི་ལོ2014ལོའི་ལོ་འགོ་ནས2018ལོའི་ལོ་མཇུག་བར་དུ་ཁོ་བོ་ཡང་སྨན་ལས་པ་རྒན་གྲས་རྒན་ཀརྨ་ལགས་དང་མཉམ་དུ་སྡེ་དགེ་རྫོང་བོད་སྨན་ཁང་གི་སྨན་སྦྱོར་ལྟེ་གནས་སུ། ཕལ་ཆེར་མི་ལོ་ལྔ་ཙམ་སྨན་ལས་དོན་སྒྲུབ་པའི་གོ་སྐབས་ཞིག་བྱུང་ལ།  ཁོང་ནི་མི་གཤིས་དྲང་ལ་ལག་ལེན་མཁས་པ། སྨན་སྦྱོར་ཐད་ངལ་རྩོལ་བྱེད་ཐུབ་པ། ལྷག་པར་དུ་སྨན་རྫས་ངོས་འཛིན་དང་། སྨན་རྩ་ངོ་སྤྲོད་སོགས་ལ་མཁས་པའི་སྨན་པ་རྒན་གྲས་ཤིག་ཡིན། ཁོང་གིས་རྒྱུན་པར་གསུང་རྒྱུར། སྨན་ནི་ཟ་མ་ལས་ཀྱང་གཙང་སྦྲ་བྱེད་དགོས་ལ། སྤུས་ཀ་དང་ཕན་པ་ཡོད་པ་ཞིག་ལ་བསམ་བློ་གཏོང་དགོས། འདི་ཟ་མཁན་ནི་ནད་པ་རེད་ཅེས་པ་དང་། སྨན་རྫས་དེ་དག་སྤྱོད་དགོས་ཚེ་ཐོག་མར་གཞན་གྱིས་སྤྱོད་མྱོང་མིན་དང་ས་ཆ་དེའི་སྐྱེ་དངོས་ལ་དུག་ཤས་ཡོད་མེད་སོགས་ལ་དཔྱད་པ་གལ་ཆེ། གང་བྱུང་དུ་སྤྱོད་ཚེ་ཕན་པ་ལས་ཀྱང་གནོད་པ་རུ་འགྱུར་ཉེན་ཆེ་བས་གཟབ་དགོས། བཟོས་མའི་སྨན་ལས་རང་བྱུང་གི་སྨན་རྣམས་དམན་པ་ཡིན་རུང་རྫས་འགྱུར་གྱི་བསྲེས་ལྷད་མེད་ཁར་ཞོར་སྐྱོན་ཆུང་ཚུལ་སོགས་ཉམས་མྱོང་གི་བསྡོམས་ཚིག་མང་པོ་ཞིག་གསུང་རྒྱུ་ཡོད།  ད་དུང་ཁོང་ལ་ནམ་མཁའི་བྱ་རིགས་ཀྱི་མིང་དང་། ས་འོག་འབུ་ཡི་རིགས་ཀྱི་དབྱེ་བ་སོགས་སུས་ཀྱང་ངོས་འཛིན་དཀའ་བའི་རིགས་ལ་ཞིབ་ཕྲ་མང་པོ་གསུང་རྒྱུ་ཡོད།

དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་སྨན་རྒྱུད་ཀྱི་སྡོམ་པ་ཐོབ་ཚུལ་ཉུང་བསྡུས་ཤིག 

     ཁོར་ཡུག་གི་ཤུགས་རྐྱེན་འོག་ནས་སློབ་གྲྭ་ཆེ་ཁག་འགྲིམས་པའི་གོ་སྐབས་དང་། ལག་ཁྱེར་མཐོན་པོ་ལེན་པའི་སྐལ་བ་མ་ཐོབ་ཀྱང་། སྨན་པ་མཁས་པ་དང་། སྨན་པ་རྒན་རབས་པ་མང་པོའི་མན་ངག་དང་། ལག་ལེན་གྱི་བདུད་རྩི་དྭངས་མོ་མཉམ་གཅིག་དུ་འཐུང་བའི་གོ་སྐབས་ནི། རབ་འབྱམས་དང་འབུམ་རམས་པའི་སློབ་དཔོན་དག་ལ་ཐོབ་མ་མྱོང་བའི་གོ་སྐབས་ཞིག་ཐོབ་པ་རེད་ཅེས་བཤད་ན་མི་ཆོག་པ་མེད། ཁོང་ལ་སྔ་ཕྱི་བར་གསུམ་དང་། སྔོན་རྗེས་མཇུག་གསུམ་དུ་ཁྲོ་རུ་མཁན་ཆེན་ཚེ་རྣམ་རིན་པོ་ཆེ་གཙོ་བོར་བྱས་པའི་སྨན་གྱི་གཞུང་ལུགས་དང་ལག་ལེན་ལ་མཁས་པའི་སྨན་པ་རྒན་རབས་པ་མང་བོ་ཞིག་གིས་དངུལ་ཆུ་བཙོ་བཀྲུ་དང་། ལྕགས་ཁམས་ཐལ་བཟོ། རིན་ཆེན་གྲང་སྦྱོར་དང་། མང་སྦྱོར། མུ་ཏིག་བདུན་ཅུ་སོགས་རིན་ཆེན་རིགས་དང་།  སྔོ་སྦྱོར། ཐང་སྦྱོར་སོགས་ཞི་བྱེད་སྨན་སྦྱོར་སྐོར་ལ་དམིགས་བསལ་ལག་ལེན་གྱི་ཁྱད་ཆོས་ལྡན་པ། དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞིའི་ཁྲིད་ལུང་། ལག་ལེན་མཛུབ་ཁྲིད་སོགས་བོད་སྨན་ལག་ལེན་ཐད་ནས་གསེར་ཞུན་ལྟ་བའི་སྙིང་བཅུད་མང་པོ་ཞིག་བསྡུ་གསོག་བརྒྱབ་ཡོད།

སྡེ་དགེ་རྫོང་བོད་སྨན་རྩིས་ཁང་དང་སྨན་ལས་པ་ཀརྨ་ལགས་ཀྱི་ངོ་སྤྲོད།
སྡེ་དགེ་རྫོང་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་བདུད་བྷེ་དང་མཉམ་དུ་སྨན་རྫས་ངོས་འཛིན་ལ་ཕེབས་པ།

སྨན་ལས་པ་ཀརྨ་ལགས་ཀྱིས་བོད་སྨན་ལག་ལེན་བྱེད་པའི་བརྒྱུད་རིམ་གླེང་བ། 

    སྨན་ལས་པ་ཀརྨ་ལགས་ནི་གསོ་རིག་ལག་ལེན་ལ་བྱས་རྗེས་ཆེ་ཞིང་།  ཟུར་ལུགས་བོད་སྨན་རྒྱུན་སྐྱོང་བྱེད་པའི་སྨན་ལས་པ་རྒན་གྲས་ཤིག་ཀྱང་རེད།  ཁོང་གིས་ལོ་མང་རིང་བོད་ཀྱི་སྨན་ལས་རིག་པའི་ཕྱོགས་ནས།  མེས་པོ་གོང་མ་རྣམས་ཀྱི་ལག་ལེན་རྒྱུད་འཛིན་དང་། དར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ཡོད། རང་ལོ16ཐོག་ཐང་ག་ལྷ་རྗེ་སོགས་བོད་སྨན་མཁས་པ་ཁག་ཅིག་གི་མདུན་ནས། སྨན་རྩྭ་འཐུ་སྒྲུབ་སོགས་ཀྱི་ལག་ལེན་དངོས་སུ་བྱས།  སྤྱི་ལོ1970ལོར་སྡེ་དགེ་རྫོང་པར་ཁང་ནང་དུ་བོད་སྨན་ཚན་ཁག་ཅིག་ཡོད་པ་དེ་རུ། སྨན་རྩྭ་འཐུ་སྒྲུབ་ཀྱི་ལས་ཀ་བྱེད་པའི་ཞོར་དུ་སྨན་རྫས་ངོས་འཛིན་དང་། སྨན་གྱི་ཕན་ནུས་སོགས་ལ་སྦྱོང་བ་བྱས། སྤྱི་ལོ1978ལོར་དངོས་སུ་སྨན་པའི་ལས་དོན་བསྒྲུབས་པ་ནས་ད་ལྟའི་བར་སྡེ་དགེ་རྫོང་བོད་སྨན་ཁང་དུ་ཕྱག་ལས་མཛད་པའི་ཞོར། རྒན་བཟང་རྒྱ༼ བཟང་པོ་རྒྱ་མཚན༽ ལགས་དང་།ནང་ཆེན་ལྷ་རྗེ་ངག་དབང་ཤེས་རབ་ལགས་ཀྱི་མདུན་ནས་ལག་ལེན་དང་རིག་གཞུང་ཁ་གསབ་ཀྱི་ཚུལ་དུ་དཔྱད་ཞིབ་དཀའ་གནད་ཀྱི་རིགས་རྣམས་མྱོང་བ་ཕྱོགས་བསྡོམས་བྱས། སྤྱི་ལོ1980ལོའི་ཟླ5པའི་ཚེས16ཉིན་སྡེ་དགེ་རྫོང་བོད་སྨན་ཁང་གིས་གདན་ཞུ་ལྟར་ལྔ་རིག་པཎྜི་ཏ་ཁྲོ་རུ་མཁན་ཆེན་ཚེ་རྣམ་རིན་པོ་ཆེའི་མདུན་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་རྒྱུན་དང་། ལྕགས་ཁམས་ཐལ་བཟོ། དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞིའི་ཁྲིད་ལུང་། ཕྱི་རྒྱུད་སྨན་མར་གྱི་ལག་ལེན་མཛུབ་ཁྲིད་ཞུས། 1985ལོར་ཆབ་མདོ་ས་ཁུལ་གྱི་སྨན་པ། ཁྱུང་པོ་སྟེང་ཆེན་ནས་ཡིན་པའི་གཡུ་འབྲུག་ཉི་མའི་མདུན་ནས་རིན་ཆེན་གྲང་སྦྱོར་དང་མུ་ཏིག་བདུན་ཅུ། ཛཱ་དངུལ། དངུལ་ཆུ་རིན་ཆེན་བཅོ་བརྒྱད། འབའ་སམ་སྨན་མར་སོགས་ལག་ལེན་དམར་ཁྲིད་དང་། 1980ལོར་འཇོ་མདའ་འཛི་སྒར་ནས་ཡིན་པའི་སྨན་པ་འཇམ་ཆོས་ལགས་ཀྱི་མདུན་ནས་རིན་ཆེན་མང་སྦྱོར་དང་། བཙོ་བཀྲུ་ཟླ་འོད་སོགས་རིན་ཆེན་རིགས་ཀྱི་འདུལ་སྦྱོང་ལག་ལེན་ཆ་ཚང་བསྐྱར་སྦྱོང་དང་ཁ་གསབ་བྱས་པ་རེད། དུས་རབས་བཅུ་དགུ་པའི་ལོ་རབས་བརྒྱད་ཅུ་པའི་དཀྱིལ་དུ་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོའི་དབུ་ཁྲིད་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་གདན་ཞུ་བྱས་པ་ལྟར་མཛེས་ཕུ་བཤད་གྲྭ་རུ་སླར་ཡང་ཁྲོ་རུ་མཁན་རིན་པོ་ཆེའི་མདུན་ནས་རིན་ཆེན་མུ་ཏིག་བདུན་ཅུ་དང་། རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ། རིན་ཆེན་མང་སྦྱོར། ཛཱ་དངུལ་སོགས་དཀའ་གནད་ཀྱི་གདམ་པ་དུ་མའི་མན་ངག་གི་སྙིང་བཅུད་བླངས། མདོར་ན་མི་ལོ་བཞི་བཅུ་ལྷག་གི་རིང་ལ། ཉམས་མྱོང་གི་སྙིང་བཅུད་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ལས་སྒྲུབ་ཀྱི་དཀའ་ངལ་ལ་མི་འཛེམས་པར། ལས་ཞུགས་ངལ་གསོའི་རྗེས་སུའང་སྡེ་དགེ་རྫོང་བོད་སྨན་ཁང་གི་གདན་ཞུ་ལྟར། ཁ་སེམས་གཙང་མས་ཉམས་ཆུང་ནད་པ་དག་གི་བདེ་སྡུག་ལ་བསམས་ནས། སྨན་རྫས་རེ་རེའི་སྤུས་ཀ་དང་། སྨན་སྣ་རེ་རེའི་ཕན་ནུས་ལ་དོ་ཁུར་ནན་མོ་བྱས་ཏེ། ཟབ་སྦྱོང་དང་དངོས་སྦྱོང་སློབ་མ།  ལས་སྒྲུབ་མི་སྣ་སོགས་ལ་སྨན་རྫས་ངོ་སྤྲོད་དང་།  བོད་སྨན་འདུལ་སྦྱོང་ལག་ལེན་སོགས་མན་ངག་མཛུབ་ཁྲིད་ཀྱིས་སློབ་བུ་མང་པོའི་སློབ་སྦྱོང་གི་ཆུ་ཚད་ཇེ་མཐོར་བཏང་བ་སོགས་བོད་སྨན་ལག་ལེན་ཐད་དུ་བྱས་རྗེས་རླབས་ཆེན་བཞག་ཡོད། 

     སྤྱི་ལོ2019ལོའི་ལོ་མགོ་ཙམ་ནས་ལས་འཁྱུར་ངལ་གསོ་བྱས། མདོར་ན་དམ་པ་ཁོང་གིས་བོད་ལུགས་གསོ་བ་རིག་པའི་ལག་ལེན་ཀྱི་ཐད་དུ་ལེགས་སྐྱེས་རྒྱ་ཆེར་ཕུལ་ཡོད། ཁོང་ལ་སྔ་རྗེས་སུ་སྡེ་དགེའི་མཛངས་མི་དང་།  དཀར་མཛེས་ཁུལ་གྱི་ཕུལ་བྱུང་ངལ་རྩོལ་མི་སྣ་སོགས་ཀྱི་མཚན་སྙན་དང་གཟེངས་བསྟོད་གནང་མྱོང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1