དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་2022ལོའི་བོད་རིག་པའི་ཆེད་མཁས་ཀྱི་དཔྱིད་གསར་ཇ་སྟོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-24



        སྤྱི་ཟླ1པའི་ཚེས20ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་2022ལོའི་བོད་རིག་པའི་ཆེད་མཁས་ཀྱི་དཔྱིད་གསར་ཇ་སྟོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱི་འགོ་ཁྲིད་འཇིགས་མེད་རྡོ་རྗེས་ཇ་སྟོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཤིས་ཚིག་ཕུལ། སྤོས་ལྡན་གྲོང་ཁྱེར་དུ་འཚོ་བཞུགས་གནང་པའི་དཀར་མཛེས་བོད་རིག་པ་ཞིབ་འཇུག་གི་ཆེད་མཁས་པ་མི10ལྷག་ཇ་སྟོན་ཚོགས་འདུར་ཞུགས་ནས་ལོ་གསར་བསུ་བ་དང་ཆབས་ཅིག་འབྱུང་འགྱུར་གྱི་འཕེལ་རྒྱས་ཐད་གླེང་མོལ་མཛད།

        འཇིགས་མེད་རྡོ་རྗེས་ཐོག་མར་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་ཚབ་བྱས་ནས་ཚོགས་འདུར་ཕེབས་པའི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་ལྷན་རྒྱས་ནས་སྔར་མུས་བཞིན་དཀར་མཛེས་ཁུལ་གྱི་བོད་རིག་པ་ཞིབ་འཇུག་བྱ་གཞག་འཕེལ་རྒྱས་ཐད་རང་ནུས་གང་ཡོད་བཏོན་པ་དང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས།
        འཇིགས་མེད་རྡོ་རྗེས་བོད་རིག་པ་ཞིབ་འཇུག་ཁང་གི་ལོ་གཅིག་རིང་གི་གྲུབ་འབྲས་ཁག་ངོ་སྤྲོད་བྱས་པ་དང་། བོད་རིག་པ་ཞིབ་འཇུག་ཁང་གི་མ་འོངས་པའི་འཕེལ་རྒྱས་ཐད་ཞིབ་འཇུག་གཙོ་བོ་འཛིན་རྒྱུ་དང་། ཁུལ་ཡོངས་ཀྱི་བོད་རིག་པ་ཞིབ་འཇུག་ཐད་གོམ་སྟབས་གསར་བ་ཞིག་སྤོ་བར་སྣེ་ཁྲིད་དང་མཐུན་སྦྱོར་གྱིས་ཡུན་ཕན་ལམ་སྲོལ་སྔར་བས་བརྟན་པོ་ཞིག་ཆགས་པ་བྱེད་དགོས་ཤིང་། ཞིབ་འཇུག་ལས་གཞིའི་གྲུབ་འབྲས་སྤུས་གཙང་མངོན་གསལ་དོད་པ་དང་། རིག་གཞུང་བྱེད་སྒོའི་ཤུགས་རྐྱེན་རྒྱ་ཆེ་བ། བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་བཤད། ཁོང་གིས་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་ལྷན་རྒྱས་ནས་སྔར་རྒྱུན་བཞིན་བོད་རིག་པ་ཞིབ་འཇུག་ཁང་གི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་རྩ་ཆེའི་བསམ་འཆར་དང་གྲོས་གཞི་མང་ཙམ་འདོན་རྒྱུའི་ཐུགས་རེ་གནང་པ་རེད།


        སྤྲོ་སྣང་གིས་ཁེངས་པའི་ཇ་སྟོན་ཚོགས་འདུའི་ཐོག་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་བ་ཚོས་ཅི་དྲན་ལྷུག་པོར་གླེང་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འོག་བོད་རིག་པ་ཞིབ་འཇུག་གི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱིས་བོད་རིག་པའི་ཞིབ་འཇུག་ལས་དོན་ཐད་ལ་གལ་ཆེའི་རང་བཞིན་དང་། བོད་རིག་པ་ཞིབ་འཇུག་ལས་དོན་གྱིས་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་ཇི་ལྟར་བསྟུན་ཐབས་བྱེད་པ་སོགས་ཕྱོགས་མང་པོ་ནས་རྒྱ་ཁྱབ་ཏུ་བསམ་བློ་བརྗེ་རེས་བྱས་པ་བརྒྱུད། ཆེད་མཁས་པ་དང་དགེ་རྒན་ཆེན་མོ་བ་ཚོས་བོད་རིག་པ་ཞིབ་འཇུག་ཁང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། བོད་རིག་པ་ཞིབ་འཇུག་པ་མང་ཆེ་བའི་ལས་གཅེས་ལས་བརྩོན་ལ་ཚད་མཐོའི་བསྔགས་བརྗོད་གནང་པ་མ་ཟད། བོད་རིག་པ་ཞིབ་འཇུག་ཁང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་། ཉམས་མྱོང་སྤེལ་རེས་ཀྱི་ལས་སྟེགས་སྒྲིག་འཛུགས། ཞིབ་འཇུག་བྱ་གཞིའི་ལས་གཞི་འཛུགས་པ་སོགས་ཀྱི་ཐད་ཐབས་འདོན་ཇུས་འབུལ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1