༄༅། །སློབ་ཆུང་སློབ་མའི་སྦྱོང་ཚན་གྱི་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ། པད་མ་སྒྲོལ་དཀར། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 02-15
སྦྱོང་ཚན་ནི་དགེ་རྒན་གྱི་ངོས་ནས་བཤད་ན་སློབ་མས་སྦྱངས་ཟིན་པའི་ཤེས་བྱ་དག་ཁོང་དུ་ཆུད་མིན་ལྟ་བའི་བྱ་ཐབས་ཤིག་དང་། སློབ་མའི་ངོས་ནས་བཤད་ན། སློབ་ཁང་དུ་སྦྱངས་པའི་ཤེས་བྱ་དག་རང་སྐྱ་འཕེར་པོས་དོན་དངོས་ལག་ལེན་དུ་སྤྱོད་ཐུབ་མིན་ལྟ་བའི་ཐབས་ལམ་ཞིག་རེད། སྦྱོང་ཚན་གྱིས་དེ་ལྟ་བུའི་ནུས་པ་ཐོན་ཐུབ་མིན་དེ་ཡང་དགེ་རྒན་གྱིས་སྦྱོང་ཚན་སྐུར་བའི་ཐབས་ཤེས་ལ་རག་ལུས་ཤིང་། སྦྱོང་ཚན་གནད་ལ་འཁེལ་ཞིང་ཚད་དང་རན་པ་ཞིག་བསྐུར་ཐུབ་ན་དགེ་སློབ་གཉིས་ཀར་ཕན་པའི་དགེ་མཚན་མངོན་གསལ་དོད་པོ་ཐོན་ཐུབ་ཅིང་། གལ་སྲིད་དགེ་རྒན་གྱིས་བསྐུར་བའི་སྦྱོང་ཚན་ལ་དམིགས་བྱ་དམིགས་ཡུལ་གང་ཡང་མེད་པར་གྲངས་ཚད་དང་མང་ཉུང་ཁོ་ནས་ཐག་བཅད་པ་ཞིག་ཡིན་ན། དེས་དྲང་ཕྱོགས་ཀྱི་ནུས་པ་མ་ཐོན་པར་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སྲིད། དེས་ན། དགེ་རྒན་གྱིས་དགོས་པ་དང་དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་མར་སྦྱོང་ཚན་སྐུར་བ་ནི་གལ་འགངས་ཤིན་ཏུ་ཆེ་བས། འདིར་གུས་མོས་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་ནས་སློབ་ཆུང་སློབ་མའི་སྦྱོང་ཚན་སྐོར་རགས་ཙམ་གླེང་བར་འདོད།
དང་པོ། དགེ་རྒན་གྱིས་སློབ་མར་སྦྱོང་ཚན་བཀོད་སྒྲིག་བྱ་ཚུལ།
དགེ་རྒན་གྱིས་སློབ་མར་སྦྱོང་ཚན་བཀོད་སྒྲིག་བྱེད་སྐབས། གནད་འགག་ཆེ་ཞིང་དོན་སྙིང་ཡོད་པ་དང་། སྤུས་ཚད་ལྡན་ལ་མང་ཉུང་འཚམ་པ། བསམ་བློ་གཏོང་རྒྱུ་ཡོད་ལ། བློ་རྒྱ་བསྐྱེད་ཐུབ་པ་བཅས་ཀྱི་སྦྱོང་ཚན་བཀོད་སྒྲིག་བྱེད་དགོས་པ་ལས། ཟ་ཆོག་ཆོག་དང་འཐུང་ཆོག་ཆོག་གི་ཟས་རིགས་སྦྱིན་པ་ལྟར་མ་ཡིན་པ་བྱེད་དགོས། གཅིག་ནས་གཅིག་ལ་ཐད་ཀར་བཤུ་འབྲི་བྱེད་པའི་སྦྱོང་ཚན་དང་འབྲི་ཐབས་རྩ་བ་ནས་མེད་པའི་སྦྱོང་ཚན་སོགས་བཀོད་སྒྲིག་བྱས་ཚེ། དེ་ནི་དུས་ཚོད་འཕྲོ་བརླག་ཙམ་དུ་མ་ཟད་ཁུར་པོ་ཡང་དུ་གཏོང་བར་ཕན་ནུས་ཡེ་ནས་མེད་པའི་སྦྱང་ཚན་ཞིག་ཡིན་སྟབས། དགེ་སློབ་གཉིས་ཀ་ཇོ་ལགས་སྐུ་ཐང་མཉེལ་རོགས་དང་ཤ་ཁྱི་རྐང་པ་ཚ་རོགས་ཀྱི་དཔེ་ཟླར་འགྱུར་རྒྱུ་ལས་མ་འདས།
གཉིས་པ། སྦྱོང་ཚན་བཀོད་སྒྲིག་བྱེད་སྐབས་བསམ་གཞིག་ནན་པོ་བྱེད་དགོས་པ།
སྦྱོང་ཚན་བཀོད་སྒྲིག་མང་ན་སློབ་མས་ཁྲལ་མངོན་སླ་བཅོས་བྱེད་པ་དང་། བཅོས་རྒྱག་སྐབས་དཀའ་ལས་ཁག་ལ་སྤུས་ཚད་མེད་པར་འགྱུར་སྲིད། དགེ་རྒན་ལ་སློབ་ཁྲིད་བྱེད་པ་ཕུད། དེ་མིན་གྱི་ལས་ཀ་ཙག་ཙིག་ཀྱང་མང་པོ་ཡོད་པར་བརྟེན་སྤུས་ཚད་ལྡན་པའི་སྦྱོང་ཚན་ཞིག་བཀོད་སྒྲིག་བྱེད་དགོས་ན། དགེ་རྒན་གྱིས་སྔོན་ལ་ཕྱོགས་མང་དག་ལ་དབྱེ་ཞིབ་ནན་ཏན་བྱེད་དགོས་པ་སྟེ། རིག་ཚན་གཞན་དག་གི་དགེ་རྒན་གྱིས་བཀོད་སྒྲིག་ལ་བལྟ་དགོས་པ་དང་དེ་རྗེས་རང་ཉིད་ཀྱི་དབྱེ་ཞིབ་ཏན་ཏིག་བྱས་པ་བརྒྱུད། ད་གཟོད་སྦྱོང་ཚན་བཀོད་སྒྲིག་བྱེད་དགོས། དེ་རིང་བཀོད་སྒྲིག་བྱས་པའི་སྦྱོང་ཚན་དག་དགེ་རྒན་གྱིས་དུས་ཐོག་ཏུ་བཅོས་རྒྱག་དགོས་ལ། བཅོས་རྒྱག་རིང་སློབ་ཕྲུག་རེ་རེའི་སྦྱོང་ཚན་ལ་དགེ་རྒན་གྱིས་དཔྱད་འཇོག་གི་ཡིག་ཐུང་འགོད་དགོས་པ་མ་ཟད། ཟིན་བྲིས་དེབ་ལ་གནས་ཚུལ་ཁག་ཐོ་བཀོད་བྱས་ཏེ་ཚོགས་ཐུན་རྗེས་མའི་ནང་ཕུལ་བྱུང་སློབ་མར་བསྔགས་བརྗོད་དང་། སྦྱོང་ཚན་ཞན་ཙམ་བྲིས་པའི་སློབ་མ་རྣམས་ལ་སྐྱོན་བརྗོད་ཡོ་བསྲང་བྱས་ནས་རྗེས་སུ་སྣང་ཚུལ་དེ་རིགས་མི་ཐོན་པའི་ལེགས་སྤེལ་ཉེས་འགོག་གི་སློབ་གསོ་གཏོང་དགོས།
དེ་ལྟར་སྦྱོང་ཚན་བཅོས་རྒྱག་གི་ལས་འགན་མཐའ་དག་ལེགས་གྲུབ་ཟིན་རྗེས་ཡང་བསྐྱར་སློབ་མར་རང་ཉིད་ཀྱི་སྦྱང་ཚན་གང་དེ་ཉིད་འགོ་ནས་མཇུག་བར་ནན་ཏན་གྱིས་བཟོ་བཅོས་བྱེད་དུ་འཇུག་དགོས་ལ། དགེ་རྒན་གྱིས་སྦྱོང་ཚན་གྱི་ཆེད་དུ་སྦྱོང་ཚན་བཀོད་སྒྲིག་བྱ་མི་རུང་ལ། སློབ་ཕྲུག་ཚོས་སྦྱོང་ཚན་གྱི་ཆེད་དུ་སྦྱོང་ཚན་འབྲི་མི་རུང་ངོ་། །
གསུམ་པ། སྦྱོང་ཚན་བསྐུར་ཟིན་ཕྱིན་བཅོས་རྒྱག་དགོས་པ།
སློབ་ཕྲུག་ལ་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་སྦྱོང་ཚན་རིགས་མང་བ་སྟེ། སློབ་ཁང་སྦྱོང་ཚན་དང་། ཁྱིམ་སྦྱོང་དཔོད་བྲིས་ངག་བྲིས། དཔར་སློག་ཤོག་ལྷེའི་སྦྱོང་ཚན། མཉམ་འགྲོས་སྦྱོང་ཚན་སོགས་ཡོད་པ་མ་ཟད། ད་དུང་བྱེ་བྲག་ཏུ་རིགས་ཧ་ཅང་མང་པོ་ཡོད།
གོང་གསལ་སྦྱོང་ཚན་ཁག་དེ་དག་ལས་གང་ཞིག་གཙོ་བོ་དང་གང་ཞིག་ཕལ་པར་འཇོག་དགོས་མིན་ལ་དགེ་རྒན་གྱིས་སྔོན་ཚུད་ནས་འཆར་གཞི་ལེགས་པོ་འདིང་དགོས་པ་ལས་ཧོལ་རྒྱུག་སྣང་མེད་ཀྱི་སྣང་ཚུལ་མེད་པར་བྱེད་དགོས་པ་མ་ཟད། སྦྱོང་ཚན་བཀོད་སྒྲིག་བྱས་ཟིན་ཕྱིན་དགེ་རྒན་གྱིས་ངེས་པར་དུ་བཅོས་རྒྱག་དགོས་པ་ལས། སྣག་ཚ་དམར་པོ་ཡིན་པའི་སྨྱུ་གུའི་རྩེ་མོ་ཙམ་ཡང་མ་བཙུགས་པར་བཞག་ན་དེ་ནི་ཆེས་འཇིགས་སུ་རུང་བའི་ཉེན་ཁ་ཞིག་དང་། སྐྱི་གཡའ་དགོས་པའི་རྣམ་པ་ཞིག་ལས་མ་འདས། དེ་ནས་སྦྱོང་ཚན་བཀོད་སྒྲིག་བྱེད་པའི་སྐབས་སུ་ཡང་། དགེ་རྒན་གྱིས་འཛིན་གྲྭའི་འགན་འཁུར་མཁན་གྱི་སློབ་མ་ཞིག་བོས་ནས་དེ་རིང་གི་སྦྱོང་ཚན་ཤོག་གྲངས་འདིའི་ནང་གི་དྲི་བ་ག་གེ་མོ་ཞིག་བཏོན་ནས་འདི་ཡིན་ཞེས་ཁ་ལན་ཙམ་བསྐུར་བ་མ་ཡིན་པར། སྔོན་ཚུད་ནས་སྟ་གོན་ལེགས་པར་བྱས་ཏེ་སྦྱོང་ཚན་གྱི་རེ་བ་ཁག་གསལ་བར་བརྗོད་དགོས་པ་མ་ཟད། འཛིན་གྲྭའི་སློབ་མ་ཚང་མའི་རྣ་ལམ་དུ་ཐོས་ཐུབ་པ་ཞིག་དགོས།
བཞི་པ། དགེ་རྒན་གྱིས་སློབ་མའི་སྦྱོང་ཚན་བཟོ་བཅོས་རྒྱག་སྟངས་སྐོར།
སློབ་མའི་སྦྱོང་ཚན་ལའང་ཁྱིམ་སྦྱོང་དང་། སློབ་ཁང་གི་སྦྱོང་ཚན། མཉམ་འགྲོས་སྦྱང་གཞི་སོགས་མང་བས། དེ་དག་སོ་སོའི་བཟོ་བཅོས་རྒྱག་ཐབས་ལའང་ཁྱད་པར་ཡོད། ཁྱིམ་སྦྱོང་ནི་ཁྱིམ་དུ་འབྲི་བའི་སྦྱོང་ཚན་ཞིག་ཡིན་སྟབས། སློབ་མ་ལ་ལས་རང་ཉིད་ཁེར་རྐྱང་དུ་འབྲི་བ་དང་། འགའ་ཤས་ཀྱིས་ཁྱིམ་བདག་དང་མཉམ་ལས་ཀྱིས་འབྲི་བ། འགའ་ཞིག་གིས་སློབ་མ་གཞན་དང་འབྲེལ་བ་བྱེད་པའི་རྣམ་པར་བརྟེན་ནས་འབྲི་བ། ལ་ལས་རྩ་བ་ནས་མི་འབྲི་བ་སོགས་ཀྱི་རྣམ་པ་སྣ་ཚོགས་ཐོན་གྱི་ཡོད། མདོར་ན། ཁྱིམ་སྦྱོང་ནི་སྦྱོང་ཚན་ཁག་གི་ནང་ནས་ཞན་ཆ་མང་ཤོས་ཀྱི་སྦྱོང་ཚན་ཞིག་ཡིན་པར་བརྟེན། དགེ་རྒན་གྱིས་ཕྱི་ཉིན་ཞོགས་པ་སྦྱོང་ཚན་བསྡུས་ཟིན་རྗེས་སློབ་མ་རེ་རེ་བཞིན་ལ་གསལ་བཤད་བྱེད་པ་དང་སྦྲགས་བླང་བྱ་འདོན་དགོས། སྐྱོན་དང་ནོར་འཁྲུལ་རྣམས་འཛིན་གྲྭའི་སློབ་མ་ཚང་མའི་རྣ་ཅོག་ཏུ་གོ་རུ་འཇུག་དགོས་ལ། ཁྱིམ་སྦྱོང་དེ་ཡང་ཁྱིམ་བདག་གིས་འབྲི་བ་མ་ཡིན་པར་སློབ་ཕྲུག་རང་ཉིད་ཀྱིས་རང་རྐྱ་འཕེར་བའི་སྒོ་ནས་འབྲི་དགོས་པ་ནན་བཤད་བྱེད་དགོས།
སློབ་ཁང་སྦྱོང་ཚན་ནི་སློབ་ཁང་དུ་བྲི་བྱའི་ནང་དོན་ཡིན་ཞིང་། དགེ་རྒན་འཁྲིས་སུ་ཡོད་སྟབས་སློབ་མའི་སྦྱོང་ཚན་རྣམས་སྤུས་དག་ལ་འབྲི་ནོར་ཉུང་བ། ཡིག་གཟུགས་ལེགས་པ། སྣ་མང་སྦྱོང་ཚན་གྱི་ཁྲོད་ན་ཆེས་ལེགས་ཤོས་ཀྱི་སྦྱོང་ཚན་ཞིག་རེད། དགེ་རྒན་གྱིས་སྦྱོང་ཚན་བཀོད་སྒྲིག་བྱས་ཟིན་རྗེས། སློབ་མས་བྲིས་ཚར་རིམ་བཞིན་བཅོས་དགོས་པ་དང་སློབ་མ་སོ་སོའི་སྦྱོང་ཚན་གྱི་ནང་དུ་ལྷག་པའི་གནད་དོན་ཐམས་ཅད་སློབ་མ་མདུན་དུ་བོས་ནས་ཡོ་བསྲང་བྱེད་དགོས་ཚུལ་དང་། ནོར་འཁྲུལ་ཤོར་ཚུལ་སོགས་ཇི་མ་ཇི་བཞིན་དུ་ཐད་ཀར་སློབ་མའི་རྣ་ལམ་དུ་བརྗོད་དགོས་ལ། དེ་བས་བཟོ་བཅོས་བྱེད་དུ་འཇུག་དགོས།
མཉམ་འགྲོས་སྦྱོང་གཞི་མ་བྲིས་གོང་དུ་སློབ་མ་རེ་རེ་ནས་མཉམ་འགྲོས་ལ་བལྟས་ཏེ་ངག་ཐོག་ནས་ལན་འདེབས་སུ་འཇུག་དགོས། དེས་སློབ་མའི་ཤེས་ཚད་ལ་རྒྱུས་ལོན་རགས་ཙམ་བྱེད་ཐུབ། ངག་ཐོག་ནས་ལན་ཡག་པོ་འདེབས་ཐུབ་པའི་རྨང་གཞིའི་འོག་ད་གཟོད་མཉམ་འགྲོས་ཀྱི་སྦྱོང་ཚན་འབྲི་རུ་འཇུག་དགོས། དེས་སློབ་མའི་འབྲི་རྩལ་གོང་མཐོར་གཏོང་ཐུབ།
མདོར་ན། དགེ་རྒན་གྱི་སློབ་མའི་སྦྱོང་ཚན་བཅོས་སྐབས། ཁྱིམ་སྦྱོང་དང་སློབ་ཁང་སྦྱོང་ཚན། ངག་ཐོག་ཡིག་ཐོག མཉམ་འགྲོས་སྦྱོང་གཞི་གང་ཡིན་རུང་འགན་འཁྲིའི་བསམ་པ་བཅངས་ནས་གཟབ་གཟབ་ནན་ནན་གྱིས་བཅོས་དགོས་པ་ལས། ཁྲལ་མངོན་སླ་བཅོས་ཅི་ནས་ཀྱང་བྱ་མི་རུང་།