༄༅།།ཐོག་ལྕགས་ཀྱི་རིགས་དང་དེའི་མཚོན་དོན་ཅུང་ཙམ་གླེང་བ།

རྩོམ་པ་པོ། ཟིང་ཆུ་བ་རྩེ་རྒྱལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 02-15



      ནང་དོན་གནད་བསྡུས། ཆེས་ཐོག་མའི་དུས་རིམ་ནས་མཐོ་སྒང་ཞང་བོད་ཀྱི་ས་གནས་ནས་བྱུང་བའི་དངོས་རྫས་ཐོག་ལྕགས་འདི། ཐོག་མར་ཇི་ལྟར་བྱུང་བའི་སྐོར་སྔ་མིའི་ངག་རྒྱུན་དང་དེང་གི་ཚན་རིག་པའི་ལྟ་བ་གོ་བསྡུར་གྱིས། ཐོག་ལྕགས་ཀྱི་གཟུགས་རིས་མི་འདྲ་བའི་དུས་རིམ་དང་འཕེལ་འགྱུར། ཁྱད་ནུས་སོགས་བྲིས་ཡོད།
བརྡ་ཆད་གཙོ་བོ། ཐོག་ལྕགས། ཁྲོ་ཆུ། རིག་དངོས། གདོད་མའི་སྤྱི་ཚོགས།

        དེ་ཡང་རང་རེའི་ལོ་རྒྱུས་དངོས་གཙོ་རིག་པའི་ཐོག་ལ་བྱུང་བའི་དངོས་རྫས་ཐོག་ལྕགས་ཞེས་པ་འདི་ལ། བོད་ཀྱི་དམངས་ཁྲོད་དུ་ཐོག་རྫས་དང་གནམ་ལྕགས་སམ་ཡང་ན་ཁྲོ་ཆུ་ཡང་ཟེར། ཐོག་ལྕགས་ཞེས་པ་འདི་བར་སྣང་ཁམས་ནས་གློག་རིགས་མི་མཐུན་པའི་ཚོགས་གློ་བུར་དུ་འདུས་པ་ལས་སྒྲ་དྲག་པོ་དང་གློག་འཚུབ་པ་ལས་བྱུང་བའི་གློག་ཞགས་དྲག་པོས་ས་སྟེང་གི་གཏེར་རྡོ་སིལ་བུར་གཏོར་ནས་དེ་ལས་བྱུང་བའི་ཁྲོ་ཆུ་སོགས་ས་འོག་ནས་ལོ་ངོ་བརྒྱ་ཕྲག་དུ་མར་གནས་པ་དང་། རྗེས་སུ་རང་བྱུང་ཁམས་ཀྱི་འགྱུར་བག་དང་བསྟུན་ནས་ག་ལེར་ས་ཁར་ཐོན་པའི་ལྕགས་རིགས་འདི་ལ་ཐོག་རྫས་སམ་ཐོག་ལྕགས་ཟེར་ཞིང་། བོད་མི་རྣམས་ཀྱིས་གདོད་མ་ནས་ངོས་འཛིན་བྱེད་སྟངས་ལ། གློག་ཞགས་དྲག་པོ་དང་སྒྲ་རླབས་ཤུགས་ཆེན་དེ་ལས་ལྕགས་ཀྱི་རིགས་སུ་གཏོགས་པའི་དངོས་རྫས་གང་རུང་ཞིག་སྐྱེད་སྲིད་ཅིང་། དེ་ཉིད་འོད་ཞགས་དྲག་པོ་དང་འབྲེལ་ནས་ས་ཐོག་ཏུ་བབས་པ་ལས་མི་ནོར་ཕྱུགས་གསུམ་གང་ལ་ཡང་གནོད་པ་ཚབ་ཆེན་བཟོ་བས། རང་བྱུང་ཁམས་ཀྱི་འཇིགས་པའམ་གནོད་འཚེའི་རིགས་ཤིག་ལ་ངོས་འཛིན་བྱེད་པ་མ་ཟད། འཇིགས་པ་དེའི་སྣེ་འདྲེན་མཁན་ཐོག་ལྕགས་དེ་ཉིད་ས་ལ་འཛུལ་ནས་བསྐལ་པ་ནས་བསྐལ་པར་ས་འོག་ཏུ་ལུས་སྲིད་ན་ཡང་། དེ་བཙའ་དང་གཤེར་ལ་སོགས་ལྕགས་རིགས་འཇིག་པར་བྱེད་པའི་རང་བྱུང་གི་གནོད་པ་དེ་དག་གིས་སྐྱོན་ཅི་ཡང་ཞུགས་མི་སྲིད་པ་མ་ཟད་མཐར་སླར་ཡང་ས་སྟེང་དུ་ཐོན་སྲིད། ས་སྟེང་དུ་ཐོན་པའི་ཐོག་ལྕགས་དེ་ལ་འགོག་སྲུང་གི་ནུས་པ་ཁྱད་པར་བ་ཞིག་ལྡན་ཏེ། དཔེར་ན་འབྱུང་བོའི་རིགས་ཀྱི་ཐོག་ལྕགས་དེ་ལ་འབྱུང་པོའི་རིགས་ཀྱི་གནོད་པ་འགོག་ཐུབ་པའི་ནུས་པ་དམིགས་བསལ་བ་ཞིག་ཡོད་པར་ཡིད་ཆེས་དང་ངོས་འཛིན་བྱེད་པར་མ་ཟད། ཡང་ཁ་ཤས་ཀྱིས་ཐོག་ལྕགས་ནི་ལྷ་ཀླུ་གཉན་བཙན་ཐེའུ་རང་ལ་སོགས་མི་མ་ཡིན་པའི་འབྱུང་པོ་གང་རུང་ཞིག་གིས་བཟོས་ཤིང། བར་སྣང་ཁམས་ནས་ས་ལ་ཐིམ་སྟེ་མཐར་ས་འོག་ནས་རང་བརྡོལ་བྱུང་བའི་གཏེར་རྫས་ཤིག་ལ་ངོས་འཛིན་བྱེད་མཁན་ཡང་འདུག། གང་ལྟར་ཐོག་ལྕགས་ནི་བོད་ཀྱི་གདོད་མའི་མི་རྣམས་ཀྱི་བསམ་བློའི་འཕེལ་འགྱུར་གྱི་སྣང་བརྙན་མཚོན་བྱེད་ཀྱི་རིག་དངོས་གཙོ་བོ་ཞིག་ཡིན་པར་མ་ཟད། དེ་ལས་བོད་ཀྱི་མེས་པོ་ཚོའི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་བའི་ལྕགས་རིགས་བཞུ་སྦྱངས་ལག་ཤེས་ཀྱི་གནས་ཚུལ་ཡང་གསལ་བོར་སྟོན་ཐུབ་པ་མ་ཟད་དད་མོས་ཡུལ་སྲོལ་སོགས་ལ་འབྲེལ་བ་ཡོད།   གཞན་ད་དུང་རྒྱུ་ཆ་མི་འདྲ་བ་ཟངས་ལི་གནམ་ལྕགས་སོགས་བཞུ་སྦྱངས་བྱས་པའི་རྒྱན་ཆ་དང་བཟོ་དབྱིབས་སྣ་ཚོགས་ཀྱང་མཐོང་རྒྱུ་ཡོད། ཡིན་ན་ངའི་ལྟ་ཚུལ་ནི། ཐོག་རྫས་སམ་ཐོག་ལྕགས་ད་ལྟ་མིག་གི་མཐོང་རྒྱུ་ཡོད་པ་དང་ལག་པས་རེག་རྒྱུ་ཡོད་པའི་རིགས་སུ་གྱུར་ཚད་གནའ་བོའི་དུས་ནས་བྱུང་ཞིང་། རི་བོ་གངས་ཅན་ནམ་ཧི་མ་ལའི་རྒྱུད་ནས་གཙོ་ཆེར་ཐོན་པའི་གནའ་རྫས་ཞིག་ཡིན་པ་མ་ཟད། འགྲོ་བ་མིའི་རིགས་ཀྱི་ཤེས་རབ་ལ་བསྟེན་ནས་བཟོ་བསྐྲུན་བྱས་པ་ཤ་སྟག་ཡིན་ངེས་རེད།
        ཁྱད་ཆོས་གཙོ་བོ་ནི་ལོ་དུ་མར་ས་འོག་ཏུ་ལུས་ཡང་བཙའ་མི་རྒྱག་པ་དང་འཇམ་ཞིང་མཉེན་ཉམས་ཅན། ཡུན་རིང་སོང་ན་དྲེག་པ་སྔོ་ནག་ཆགས་པ་བཅས་ཡོད། དཔེར་ན། མི་ཡི་རྒྱན་ཆ་མཚོན་པའི་ཐོག་ལྕགས་རིགས་དང། རྟ་སོགས་བཀོལ་སྤྱོད་ཡོ་ཆས་ཀྱི་སྟེང་དུ་བཀོད་པའི་རྒྱན་ཆ་མཚོན་པའི་ཐོག་ལྕགས་ཀྱི་རིགས། གནོད་པ་འགོག་སྲུང་གི་ནུས་པར་བཀོལ་རྒྱུའི་ཐོག་ལྕགས་ཀྱི་རིགས། དགྲ་འཐབ་གཡུལ་འཇུག་ལ་སྤྱོད་པའི་ཐོག་ལྕགས་ཀྱི་རིགས། རི་དྭགས་རྔོན་པར་བཀོལ་རྒྱུའི་ཐོག་ལྕགས་ཀྱི་རིགས། ཐོབ་ཐང་གོ་ས་མཚོན་བྱེད་ཀྱི་ཐོག་ལྕགས་ཀྱི་རིགས། སྨན་རྫས་བཟོ་བའི་རྒྱུ་ཆར་བཀོལ་པའི་ཐོག་ལྕགས་ཀྱི་རིགས་ལ་སོགས། ལྕགས་རིགས་མང་པོ་མཉམ་བསྲེས་ཀྱི་ཐོག་ནས་རྫས་འགྱུར་གྱིས་གྲུབ་པ་ཞིག་སྟེ། བཟོ་ཚུལ་ནི།གེ་ཁོད་དམར་མཚན་ལསཁྲོ་ཆུ་ཁོལ་མ་གོ་རེ་གོང་། བདུད་བདུལ་གེ་ཁོད་རྣ་བར་བླུགས།ཅེས་གསལ་ལ་གནའ་སྔ་མོ་ཞང་ཞུང་གི་སྐབས་སུ་ཐོག་ལྕགས་བཟོ་བའི་ལོ་རྒྱུས་གྱི་བདེན་དཔང་ནི་ཡིག་ཚང་འདི་དག་བྱེད་ཆོག་ལ། དངོས་པོའི་བདེན་དཔང་ནི། ས་འོག་ནས་ཐོན་པའི་དངོས་རྫས་དེ་རིགས་ཀྱིས་མཚོན་ནུས།   གོང་གི་ལུང་ཚིག་དེའི་མཚོན་དོན་ནི།  མེ་ཡིས་བཞུར་བཞིན་པའི་ཐོག་ལྕགས་ཀྱི་ཞུན་ཁུ་ལ་ཁྲོ་ཆུ་ཁོལ་མ་ཟེར་ཞིང་། གོ་རོ་གོང་ཟེར་བ་ནི། ལྕགས་དང་ལི་རིགས་ཞུན་མ་བཞུར་སའི་རྫ་སྣོད་སྔོན་པོ་ཞིག་ལ་ཟེར། རྫ་སྣོད་དེའི་རྒྱུ་ཆའི་ས་དེ་སྤྱི་བཏང་གི་ས་མིན་པར། གོ་རོ་ས་ཟེར་བའི་ས་ནི་མེ་ཡི་ཚ་དབལ་ཐུབ་ཅིང་སེར་ཀ་མི་གས་པ། སྲ་ལ་མཁྲེགས་པ། མདོག་སྔོན་པོ་ནང་ལ་ལྕགས་ཞུན་བླུགས་ན་ཕྱི་ལ་མི་འཆོར་བའི་ཁྱད་ཆོས་ཡོད། སྤྱི་ཚོགས་རྙིང་པའི་སྐབས་སུ་གོ་རོ་སའི་ས་རྐོང་བུ་ཆེན་པོ་བཟོས་ནས་སོལ་མེས་ནང་དུ་གསེར་དངུལ་ཟངས་ལྕགས་བཞུ་སའི་སྣོད་དུ་སྤྱོད་པར་བྱེད། གཙང་མའི་ཞང་ཞུང་གི་ལྷ་གེ་ཁོད་བསྐང་བལས། འོད་ཟེར་ཐོག་དམར་ཀློང་དཀྱིལ་ནས། གེ་ཁོད་ལྷ་ཚོགས་ཐུགས་དམ་བསྐང་། ཅེས་དང་། བོན་གྱི་ཡི་དམ་ཀུན་གྱི་གཙོ་བོ་དབལ་གསས་རྔམ་པས་གནམ་ལྕགས་ཐོག་ཆེན་ཕྱག་ན་བསྣམ་པ་སྟེ། དབལ་གསས་གཞུངགི་སྐུ་བསྟོད་ལས། ཐ་མས་གནམ་ལྕགས་ཐོག་མདེལ་བསྣམ། དགྲ་བགེགས་སྤྱི་བཏང་ཟང་ཐལ་བྱེད། ཅེས་གསལ། ཁྲོ་བོ་དབང་ཆེན་གྱི་གཞུང་ལས། ཡུལ་མཁའ་ལ་གདུག་མོའི་ཕྱག་ཆ་གནམ་ལྕགས་ཐོག་ཆེན་བསྣམ་པ་སྟེ། ཡང་གཞུང་དེའི་རིགས་ཡབ་ཡུམ་བཅུ་དྲུག་ནང་གི་གནམ་གྲགས་ངར་ཆེན་གྱི་ཕྱག་མཚན་གནམ་ལྕགས་སྟ་མོ་བསྟམ་པར་གསལ་ཏེ། གནམ་ལྕགས་སྟ་མོ་ཕྱག་ན་བསྣམ་པ་ནི། མིང་དུ་བཏགས་པའི་གདོན་རྣམས་འདུལ་བའི་རྟགས། ཞེས་བཤད། རང་བྱུང་དངོས་མཐོང་ནི། སེར་བ་དྲག་པོ་འབབ་པའི་དབྱར་དུས་སུ་གནམ་སའི་གློག་ཕོ་མོ་གཉིས་འཕྲད་ནས་ཐོག་རྒྱག་གི་ཡོད། དེ་འདྲའི་གློག་འཁྱུད་པའི་བར་དུ་ཚུད་པའི་ས་ལ་ཁུང་བུ་མང་པོ་གཏོད་པའི་བར། བྲག་རི་གཏོར་བ་དང་མི་ཕྱུགས་གསོད་པའི་གནས་ཚུལ་འབྱུང་བ་མཐོང་གསལ་ལྟར། ཐོག་རྒྱག་སའི་གནས་དེ་ན་གསེར་དང་ཞ་ཉེ་ཟངས་སོགས་ལྕགས་རིགས་ཀྱི་གཏེར་ཁ་ཡོད་ན་གློག་ཞགས་ཀྱི་ཚ་དབལ་དང་འཐེན་ཤུགས་ཀྱི་ནུས་པས་གོང་བུར་བསྒྲིལ་བ་དང་། དེའི་རིགས་གྱི་ཐོག་ལྕགས་མི་ཡི་ལུས་ལ་བཏགས་ན་དབྱར་དུས་སུ་འབྲུག་སྐད་དང་ཐོག་གི་འཇིགས་པའམ་གནམ་སའི་ཕོ་གློག་མོ་གློག་གཉིས་འཕྲད་ནས་ཐོག་རྒྱག་པའི་གནོད་པ་འགོག་ཐུབ། དེ་བཞིན་གདོན་དང་འདྲེ་སོགས་མ་རུང་འབྱུང་པོའི་གནོད་པ་འགོག་ཐུབ་པར་བཤད།
ཐོག་ལྕགས་སྣ་ཚོགས།
        བཤད་ཚུལ་ལ། ཐོག་མའི་སྐབས་ཀྱི་ཐོག་ལྕགས་རེ་འགའ་ལ་དམིགས་བསལ་གྱི་བྱེད་ནུས་ལྡན་སྟེ། མདུན་ནས་བལྟས་ན་མི་ཡི་གཟུགས་སུ་གྲུབ་ཡོད་པ་དང་། རྒྱབ་ཕྱོགས་ནས་བལྟས་ན་མི་དེའི་ནང་ཁྲོལ་གློ་སྙིང་མཆིན་པ་དང་རྒལ་ཚིགས་ལ་སོགས་མཐོང་བའི་ཐོག་ལྕགས་ཡོད་རབས་ཟེར། ཐོག་ལྕགས་ཀྱི་སྟེང་དུ་བཀོད་པའི་རི་མོའི་རིགས་སྣ་ཚོགས་པ་ནི་གཉན་དང་བཙན་ལ་མཆོད་འབུལ་མཚོན་པ་རེད་ཟེར་མཁན་ཡང་མདུག ཁ་དཔེ་ལ། ཐོག་རྒྱབ་ན་ཐེའུ་རང་མགོ་ལ་རྒྱོབ།ཟེར་བའི་རྒྱབ་ལྗོངས་ཀྱི་བསྟན་དོན་ཡང་གོང་གི་གཏམ་རྒྱུད་དེ་ཡིན། འདི་དག་ཚང་མ་གདོད་མའི་སྤྱི་ཚོགས་ཀྱི་རང་བྱུང་ཁམས་ཀྱི་དད་མོས་དང་འབྲེལ་བ་ཡོད་པར་སྙམ། ད་ལྟའི་དུས་སུ་སའི་གོ་ལའི་སྟེང་ལ་གོ་ལ་གཞན་པའི་སྐར་རྡོ་ཟེར་བ་སོགས་བཅའ་དངོས་རེ་འགའ་ལྷུང་ཡོད་ལ། དེ་མིའི་ལག་རྙེད་སོན་པའི་གནས་ཚུལ་ཡང་ཡོད་པར་གཞིགས་ན། གཏམ་རྒྱུད་འདི་དག་གི་བསྟན་དོན་དེ་མཐའ་གཅིག་དུ་དོན་སྙིང་རྩ་བ་ནས་མེད་པ་ཞིག་ཡིན་པའི་ངེས་པ་ཅི་ཡོད། དེང་གི་ཆར་མཐོང་དུ་ཡོད་པའི་སྔར་གྱི་ཞང་ཞུང་དང་། ད་ལྟའི་མངའ་རིས་ས་ཆ་ནས་ཐོན་བཞིན་པའི་ཐོག་ལྕགས་ཆེན་པོ་ལེབ་མོ་དང་སྒོར་སྒོར། མཐའ་ལ་བྱའི་གཟུགས་ཀྱིས་བསྐོར་ཡོད་པ་དེ་ནི། སྔོན་ཞང་ཞུང་གི་དུས་སུ་ཐོབ་ཐང་དང་གོ་གནས་ཀྱི་མཚོན་བྱེད་ཅིག་ཡིན་པར་བཤད་པ་མ་ཟད། དམངས་ཁྲོད་དུ་རྒན་རབས་རྣམ་པའི་བཤད་ཚུལ་ལྟར་ན། ཐོག་ལྕགས་ཀྱིས་མཚོན་པའི་ཐོབ་ཐང་མཚོན་ཚུལ་ནི་མི་ཞིག་སྔ་མོའི་དུས་སུ་ས་ཆ་གང་ལ་སླེབས་དུས་བཏགས་ཡོད་པའི་ཐོག་ལྕགས་དེ་སྟོན་སྲིད་ཅིང་། དེ་ཡིས་སྣེ་ལེན་པའམ་གཞན་ཕྱོགས་ཀྱི་མི་དེས་ཐོག་ལྕགས་བཏགས་ཡོད་པའི་མི་དེའི་ཐོབ་ཐང་མཐོ་དམན་གང་ཡིན་ཧ་གོ་ཐུབ་པ་མ་ཟད། དེ་ལ་ལམ་ཁ་འགོག་པ་དང། གནོད་པ་བྱེད་རྒྱུ་ལྟ་ཅི། ཐ་ན་འཚོ་བའི་ཡོ་བྱད་མཁོ་འདོན་བྱེད་སྲོལ་ཡོད་ལ། ཐོབ་ཐང་ཤིན་ཏུ་མཐོན་པོ་ཡིན་ན་སྐུ་སྲུང་མི་རྟ་སོགས་ཀྱང་མཁོ་འདོན་བྱེད་དགོས་པར་བཤད། མངའ་རིས་ས་ཆ་དང་དབུས་གཙང་ས་ཆ་ནས་བྱུང་བའི་ཐོག་ལྕགས་ཀྱི་བཟོ་བཀོད་ལ་ཡང་ཁྱད་པར་ཆེན་པོ་ཡོད།
ཐོག་ལྕགས་སྣ་ཚོགས།
        དེང་མངའ་རིས་ས་ཆ་ནས་བྱུང་བའི་ཐོག་ལྕགས་ནི་བྱའི་རིགས་ཀྱི་གཟུགས་དབྱིབས་མང་ལ། གཞན་ཡང་ལོ་ཁ་ཤས་སྔོན་ལ་མདོ་སྨད་རྨ་ཆུ་རྫོང་གི་ཁོངས་གཏོགས། ཨ་དབང་ས་ཆ་ནས་ཐོག་ལྕགས་མང་པོ་ཞིག་རྙེད་འདུག་པ་དེ་དག་མང་ཆེ་བ་ནི། དམག་གི་གོ་ཁྲབ་སྟེང་གི་གྲུབ་ཆ་གང་རུང་གི་གཟུགས་མཚོན་རེད་འདུག ཉེ་ཆར་ལོ་འགའི་ནང་ཨེ་དབུས་ས་ཆ་ཁག་དང་ཀྲུང་གོའི་གྲོང་ཁྱེར་ཁག་ལ་གནའ་བོའི་རྒྱན་ཆ་དང་གསེར་ཆས་ཐོག་ལྕགས་ལ་སོགས་བཅའ་དངོས་འབོར་ཆེན་སླེབས་ཡོད། གསེར་ཆས་དང་ཐོག་ལྕགས་ལ་བརྟག་ན་ཧ་ལམ་ལོ་ངོ་སྟོང་ཕྲག་གསུམ་བཞིའི་གོང་གི་ཡིན་པར་མ་ཟད་ཞང་ཞུང་དང་འབྲེལ་བ་ཡོད་པ་ནི་གསལ་པོ་རྟོག་ཐུབ། དཔེར་ན། ཨེ་ཤ་ཡ་དབུས་མའི་བརྒྱུད་ཀྱི་ཕ་ཁི་སི་ཐན། ཨ་ཧྥུ་གྷ་ནི་སི་ཐན། ཨེ་ཅིབ། དབྱི་ལང་། རྒྱ་གར་བལ་ཡུལ་ལ་སོགས་རྒྱན་ཆ་དང་འཚོ་བའི་གོམས་གཤིས། ཐ་ན་བོད་སྐད་ཐ་ཐོར་ཡང་ཁོང་ཚོའི་འཚོ་བའི་ནང་བེད་སྤྱོད་གཏོང་གི་ཡོད་པ་གསལ་པོ་རེད། དེས་ན་ཐོག་ལྕགས་ཀྱི་རིགས་འདི་བོད་ཀྱི་སྔ་ཕྱི་བར་གསུམ་གྱི་སྤྱི་ཚོགས་དང་། འཚོ་བའི་ཁྲོད་རིན་ཐང་ཆེན་པོ་ཡོད་པའི་རིག་དངོས་རྩ་ཆེན་ཞིག་ཏུ་གྲུབ་ཡོད་པས་ན། རང་རེའི་ཞང་བོད་རང་ས་ནས་ཐོན་པའི་གནའ་རྫས་ཐོག་ལྕགས་ཀྱི་རིགས་དང་བྱེད་ནུས་དང་། མཚོན་དོན་སྐབས་དེ་དུས་ཀྱི་གདོད་མའི་མི་རྣམས་ཀྱི་བཟོ་རྩལ་སོགས་ཀྱི་སྐོར་ལ། ད་ལྟའི་ཆར་ཉམས་ཞིབ་བྱེད་ཐུབ་མཁན་ཤིན་ཏུ་དཀོན་པོའི་གནས་ཚུལ་ལ་དམིགས་ནས། འདིར་ཁོ་བོས་དེར་འབྲེལ་གྱི་བརྡ་འཕྲིན་ཅི་ཡོད་ལ་ཞིབ་འཇུག་བྱེད་རྒྱུའི་ལས་འགན་འདི་དང་དུ་བླངས་པའི་ཁུལ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1