ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས 《དམག་དཔུང་གི་གོ་མཚོན་ཚོད་ལྟ་དང་གསལ་འབྱེད་ཀྱི་གཏན་འབེབས》ཁྱབ་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-14



     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས།《དམག་དཔུང་གི་གོ་མཚོན་ཚོད་ལྟ་དང་གསལ་འབྱེད་ཀྱི་གཏན་འབེབས》ཁྱབ་བསྒྲགས་བྱས་པ་དང་། 2022ལོའི་ཟླ་2ཚེས་10ཉིན་ནས་བཟུང་ལག་ལེན་བསྟར་བ་རེད།
     《གཏན་འབེབས》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ། དུས་རབས་གསར་པའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་སྒྲུབ་པར་དམིགས་པ། དམག་གྲབས་དང་དམག་རྒྱག་ལ་ཕྱོགས་ཡོངས་ནས་དམིགས་པ། གོ་མཚོན་ཚོད་ལྟ་དང་གསལ་འབྱེད་ཀྱི་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ཏེ། དུས་བབ་གསར་པའི་སྒྲིག་སྲོལ་གསར་པའི་འོག་གོ་མཚོན་ཚོད་ལྟ་དང་གསལ་འབྱེད་ཀྱི་ལས་དོན་གྱི་གཞི་རྩའི་ལས་འགན་དང་། གཞི་རྩའི་ནང་དོན། གཞི་རྩའི་དོ་དམ་ལམ་ལུགས་བཅས་ཚན་རིག་དང་མཐུན་པའི་ངང་ཚད་ལྡན་དུ་གཏོང་བ་ནི་དམག་དཔུང་གི་གོ་མཚོན་ཚོད་ལྟ་དང་གསལ་འབྱེད་ཀྱི་ལས་དོན་གྱི་གཞི་རྩའི་ཁྲིམས་སྲོལ་ཞིག་རེད་ཅེས་འཁོད་ཡོད།
     《གཏན་འབེབས》དེར་ཁྱོན་ལེའུ་11དང་དོན་ཚན་56ཡོད་ཅིང་། དེ་ནི་དམག་དཔུང་དང་དངོས་འཐབ་ལ་ཁ་ཕྱོགས་པའི་རྩ་དོན་གཞིར་བཟུང་སྒྲིག་གཞི་གསར་པ་དང་སྒྲིག་ཁོངས་གསར་པའི་འོག་དམག་དཔུང་གི་གོ་མཚོན་ཚོད་ལྟ་དང་གསལ་འབྱེད་ཀྱི་ལས་དོན་གྱི་དོ་དམ་ལམ་སྲོལ་ཚད་ལྡན་དུ་བཏང་བ་དང་། སྒྲིག་ཆས་ཀྱི་དངོས་འཐབ་ཅན་གྱི་ཚོད་བགམ་བླང་བྱར་དམིགས་པ་དང་ཚོད་ལྟའི་གསལ་འབྱེད་ལས་དོན་གྱི་བརྒྱུད་རིམ་ལེགས་སྒྲིག་བྱས་ནས་སྒྲིག་ཆས་སྤྱོད་ཡུན་དུས་འཁོར་གྱི་ཁྱད་ནུས་ཚོད་ལྟ་དང་། རྣམ་པ་གསལ་འབྱེད། དམག་འཐབ་ཚོད་ལྟ། བཟོ་དབྱིབས་གཏན་འཁེལ། བཀོལ་སྤྱོད་དཔྱད་ཞིབ་བཅས་ཀྱི་ལས་དོན་གྱི་སྦྲེལ་ཐག་བཏོད་པ། སྒྲིག་ཆས་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་འཕེལ་ཕྱོགས་ལ་གཞི་ཚུགས་པ་དང་ཚོད་ལྟ་དང་གསལ་འབྱེད་ཀྱི་ལས་དོན་སྤེལ་སྟངས་ལེགས་བཅོས་བྱས་ཏེ། དངོས་འཐབ་ལ་དམ་པོར་གཞིགས་པ་དང་། ཐབས་ཇུས་སྟབས་བསྟུན། མྱུར་ལ་ཕན་འབྲས་ཆེ་བ་བཅས་ཀྱི་ལས་དོན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་བཅས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1