ཀྲུང་གོའི་བོད་རིག་པ།[ནང་དོན་གནད་བསྡུས།] དེ་ཡང་བཀའ་བསྟན་ཡོད་དོ་ཅོག་ཏུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དུས་གཅིག་ཏུ་གྲུབ་པའི་ལྟ་གྲུབ་བསྟན་པར་རྩོད་མེད་ཡོངས་གྲགས་ཡིན་པ་དེ་ལྟར་ལགས་མོད། འོན་ཀྱང་དཔེ་དེབ་རིག་པའི་ལམ་ནས་དཔྱད་ཞིབ་བྱས་ཚེ་རྟེན་འབྲེལ་ཡན་ལག་གཉིས་ཚན་ནས་ལྔ་ཚན་དགུ་ཚན་བཅུ་ཚན་བཅུ་གཉིས་སོགས་སུ་རིམ་པ་བཞིན་འཕེལ་རྒྱས་ཕྱིན་ཚུལ་སྒྲུབ་བྱེད་དང་། གཞན་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྐྱེ་བ་སྔ་ཕྱི་ད་ལྟ་བ་བཅས་ཆ་གསུམ་དུ་དབྱེ་ཞིབ་སྒོ་ནས་འཁོར་བར་འཁོར་ཚུལ་འདི་ནི་ཁ་ཆེ་བྱེ་བྲག་སྨྲ་བའི་གཞུང་ཡེ་ཤེས་ལ་འཇུག་པས་སྲོལ་ཕྱེ་བའི་་སྒྲུབ་བྱེད་དང་། ཞར་བྱུང་རྟེན་འབྲེལ་གྲུབ་དོན་མཐར་ཐུག་དབུ་མ་པའི་བཞེད་སྲོལ་སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་འཆར་ཚུལ་རྣམ་གཞག་རགས་ཙམ་ཞིག་བློ་གསལ་རྣམས་ཀྱི་དཔྱད་གཞིར་དམིགས་བཀར་བཀོད་ཡོད།
[གནད་ཚིག] རྟེན་འབྲེལ། ཡེ་ཤེས་ལ་འཇུག་པ། སྟོང་པའི་དོན་རྟེན་འབྱུང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6 [ཡིག་ཆའི་མཚོན་རྟགས། ] A [རྩོམ་ཡིག་ཨང་རྟགས།] 1002-9060-2021-02-0043-22
《རྩ་བ་ཤེས་རབ་》(ཚིག་གསལ་[D Ḥa 2b1-2, 4b6-7;Prasp. p. 3,8, p. 11,13-16;T No. 1564, p. 1b])ལས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། ། འགག་པ་མེད་པ་སྐྱེ་མེད་པ། ། ཆད་པ་མེད་པ་རྟག་མེད་པ། ། འོང་བ་མེད་པ་འགྲོ་མེད་པ། ། ཐ་དད་དོན་མིན་དོན་གཅིག་མིན། ། སྤྲོས་པ་ཉེར་ཞི་ཞི་བརྟན་པ། ། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། ། དམ་པ་དེ་ལ་ཕྱག་འཚལ་ལོ། ། ཞེས་དམ་པ་གོང་མའི་ཕྱག་བཞེས་བཞིན་ནང་པའི་བསྟན་བདག་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བས་ངག་ལམ་ཅུང་ཟད་ཡངས་པོར་བྱས་ཏེ། དེ་ཡང་སྐབས་འདིར་གང་གླེང་བར་བྱ་བ་ནི།
དང་པོ། རྟེན་འབྲེལ་ཡན་ལག་བཅུ་གཉིས་བྱུང་རིམ།
རྟེན་འབྲེལ་ཡན་ལག་བཅུ་གཉིས་ལྟ་གྲུབ་ནི་དུས་གཅིག་ཏུ་དར་པ་མིན་པར་རིམ་པ་ངེས་ཅན་དུ་དར་འདུག དེ་གྲུབ་རྐྱེན་ཡང་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱིས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་ཏེ་རབ་ཏུ་བྱུང་བའི་རྣམ་ཐར་ལྟར་ཆེས་ཐོག་མའི་ནང་པ་རྣམས་ཀྱིས་སྡུག་བསྔལ་གྱི་ཚུལ་ལས་བརྩམས་པའི་ཐོས་བསམ་སྒོམ་གསུམ་གནང་བའི་བརྒྱུད་རིམ་ནས་པཱ་ལིའི་མདོ་རྙིང་ཤོས་《མདོ་སྡེ་བསྡུས་པ་》(Sutta-nipāta kk. 862-874)རུ་སྲེད་པ་ལ་བརྟེན་ནས་རྒ་ཤི་འབྱུང་བ་སོགས་ཀྱིས་མཚོན་རྟེན་འབྲེལ་ཡན་ལག་གཉིས་ཚན་མང་པོ་གསལ་བ་དེ་དག་རྙེད་ཅིང་། དེ་བཞིན་《མདོ་སྡེ་བསྡུས་པ་》(Sn. k. 653)ལས། མཁས་པས་འདི་ལྟར་ལས་འདི་ཀོ། ། ཇི་ལྟར་བུ་ནི་མཐོང་དེ་དག ། རྟེན་ཅིང་འབྲེལ་བ་(paṭiccasamuppŒāda)
མཐོང་པ་པོ། ། ལས་དང་རྣམ་སྨིན་ཡོངས་སུ་ཤེས། ། ཞེས་རྟེན་འབྲེལ་ཐ་སྙད་ཚར་གཅིག་གསལ་བ་དེ་ནི་ནང་པའི་མདོ་སྡེར་རྟེན་འབྲེལ་གྱི་ཐ་སྙད་གསལ་བའི་ཐོག་མ་དང་། ནང་དོན་ནི་ལས་དང་འབྲས་བུའི་འབྲེལ་པ་བསྟན་པ་ཙམ་ཡིན། དེའི་རྗེས་རོལ་དུ་བརྩམས་པའི་《ཆོས་ཀྱི་རྐང་པ་》(k. 419)ལས། ཐམས་ཅད་ཀུན་ཏུ་སེམས་ཅན་གྱི། ། འཆི་འཕོ་བ་དང་སྐྱེ་བ་རིག ། ཆགས་མེད་བདེར་གཤེགས་སངས་རྒྱས་པ། ། དེ་ལ་བདག་ནི་བྲམ་ཟེར་བརྗོད། ། ཅེས་དང་། (k. 212) དགའ་བ་རྣམས་ལས་མྱ་ངན་སྐྱེ། ། དགའ་བ་རྣམས་ལས་འཇིགས་པ་སྐྱེ། ། དགའ་བ་རྣམས་ནི་སྤངས་བྱས་ན། ། མྱ་ངན་མེད་ཅེས་འཇིགས་པ་མེད། ། ཅེས་དང་། (k. 216)སྲེད་པ་རྣམས་ལས་མྱ་ངན་སྐྱེ། ། སྲེད་པ་རྣམས་ལས་འཇིགས་པ་སྐྱེ། ། སྲེད་པ་རྣམས་ནི་སྤངས་བྱས་ན། ། མྱ་ངན་མེད་ཅིང་འཇིགས་པ་མེད། ། ཅེས་སོགས་སྲེད་པ་དང་འཆི་འཕོ་བ་དང་སྐྱེ་བའི་ཐ་སྙད་སོགས་གསལ་ཡང་། གཞི་(nidāna)ཞེས་པ་དང་། རྐྱེན་(paccaya)ཞེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པའི་ཐ་སྙད་དང་། རྟེན་འབྲེལ་ཡན་ལག་གི་ལྟ་གྲུབ་མི་གསལ།
ཅིག་ཤོས་ཐམས་ཅད་ཡོད་པར་སྨྲ་བའི་《ཚོམས་》(XXXII,42)ལས། ལེན་པའི་རྐྱེན་གྱིས་སྡུག་བསྔལ་བྱུང་། ། སྡུག་བསྔལ་ལས་ནི་ལེན་པ་བྱུང་། ། ལེན་པ་ཐམས་ཅད་ཡོངས་ཟད་ན། ། སྡུག་བསྔལ་རབ་ཏུ་འབྱུང་བ་མེད། ། ཅེས་རྟེན་འབྲེལ་ཡན་ལག་གཉིས་ཚན་གསལ། གོང་གི་རྟེན་འབྲེལ་གཉིས་ཚན་དེ་དག་ལ་ཐོས་བསམ་སྒོམ་པ་གནང་བའི་བརྒྱུད་རིམ་ནས་རྒ་ཤི་སོགས་སྡུག་བསྔལ་གྱི་རྐྱེན་ཅི་ཡིན་སྙམ་སྐབས་རྒ་ཤི་སོགས་སྐྱེ་བ་ལས་བྱུང་བ། དེ་སྲིད་པ་དང་། དེ་ལེན་པ་དང་། དེ་སྲེད་པ་ལས་བྱུང་བ་རྙེད་དེ་རྟེན་འབྲེལ་ཡན་ལག་ལྔའི་བཤད་སྲོལ་དར། དེ་ཡང་《ལུང་རིང་མོའི་》མདོ་ཚན་གོ་བདུན་པ་རྒྱ་ནག་གི་འགྱུར་རྙིང་《གླེང་གཞི་ཆེན་པོའི་མདོ་》(大縁方便経T Vol.1, p.60a28-62b28)ལས། སྲེད་པའི་རྐྱེན་གྱིས་ལེན་པ་དང་། ལེན་པའི་རྐྱེན་གྱིས་སྲིད་པ་དང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་ཞེས་བྱ་བ་ཡིན་ནོ། ། ཞེས་དང་། བོད་དུ་རྟེན་འབྲེལ་ཡན་ལག་ལྔ་ཚན་སྟོན་པའི་མདོ་རང་བཙན་པ་མ་བསྒྱུར་ཀྱང་ལྟ་གྲུབ་མ་གྲགས་པ་ནི་དེ་བས་ཀྱང་མིན། དཔེར་ན་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱི་《རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ་》(D No. 3996, mDo-ḥGrel Chi 215a6-7)ལས། འོན་ཏེ་མ་འོངས་པའི་སྐྱེ་བས་བསྡུས་པ་བརྗོད་པར་འདོད་ན་ནི་ཡན་ལག་ལྔས་རྒྱུ་དང་བཅས་པར་བསྟན་པར་ནུས་ཏེ། ཇི་ལྟར་ཞེ་ན། སྲེད་པའི་རྐྱེན་གྱིས་ལེན་པ་དང་། ལེན་པའི་རྐྱེན་གྱིས་སྲིད་པ་དང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ཡིན་ནོ། ། ཞེས་གསལ་བས་ཀྱང་མཚོན། དེ་ནས་སྲེད་པའི་རྐྱེན་ཅི་ཡིན་སྙམ་སྐབས་སྲེད་པའི་རྐྱེན་ཚོར་བ་ཡིན་པ་རྙེད་འདུག དེ་ཡང་པཱ་ལིའི་རིང་མོའི་སྡེའི་མདོ་ཚན་《ཚངས་པའི་དྲ་བའི་མདོ་》(Brahmajāla SuttaDN. pp. 42-43)ལས། ལྟ་བ་དྲུག་ཅུ་རྩ་གཉིས་པོ་དག་ལ་སྟེ། དེ་དག་རེག་པའི་རྐྱེན་ལས་བྱུང་བར་གྱུར་རོ། ། ཞེས་དང་། ལྟ་བ་དྲུག་ཅུ་རྩ་གཉིས་པོ་དག་ལ་སྟེ། དེ་དག་ཐམས་ཅད་རེག་པ་ལས་བྱུང་བ་ལས་གཞན་པའི་ཚོར་བར་འགྱུར་བ་ནི་གནས་མེད་དོ། ། ཞེས་དང་། དེ་དག་ཐམས་ཅད་རེག་པ་དྲུག་ལས་ཚོར་བར་འགྱུར་རོ། ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོའི་ཚོགས་པ་འདི་འབྱུང་བར་འགྱུར་རོ། ། ཞེས་གསུངས། དེ་དག་གི་བརྒྱུད་རིམ་ནས་རྟེན་འབྲེལ་ཡན་ལག་གསུམ་རྙེད་དེ་རྟེན་འབྲེལ་ཡན་ལག་དགུའི་ལྟ་གྲུབ་ཏུ་འཕེལ་རྒྱས་ཕྱིན། དེ་ཡང་གཞན་ཡང་པཱ་ལིའི་རིང་མོའི་སྡེའི་མདོ་ཚན་བཅོ་ལྔ་པ་《གླེང་གཞི་ཆེན་པོའི་མདོ་》(Mahā-nidāna Suttanta DN. II, pp.-62-63)ལས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་། ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་། སྲེད་པའི་རྐྱེན་གྱིས་ལེན་པ་འབྱུང་། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་། རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་རེག་པ་འབྱུང་། རྣམ་ཤེས་རྐྱེན་གྱིས་མིང་དང་གཟུགས་འབྱུང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་ཀྱང་རྣམ་པར་ཤེས་པ་འབྱུང་ངོ་། ། ཞེས་རྟེན་འབྲེལ་ཡན་ལག་དགུའི་ལྟ་གྲུབ་ཏུ་འཕེལ་རྒྱས་ཕྱིན། དེ་ཉིད་འཕེལ་རྒྱས་ཕྱིན་ནས་གཤམ་གསལ་གྲོང་ཁྱེར་མདོར་གསལ་བའི་རྟེན་འབྲེལ་ཡན་ལག་བཅུ་དང་དེ་ནས་ཡོངས་གྲགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་སོགས་ཀྱི་ལྟ་གྲུབ་དར་ཡོད།
འདིར་དཔྱད་དགོས་པ་ཞིག་ནི་སྤྱིར་བཏང་པཱ་ལིའི་ལུང་སྡེར་གཅིག་ལ་བརྟེན་ནས་གཅིག་བྱུང་བ་གསལ་བ་ཙམ་ལས་ཕན་ཚུན་བརྟེན་ནས་བྱུང་བ་མི་གསལ་གང་ཞིག་ལ་མདོ་འདིར་རྣམ་ཤེས་དང་མིང་གཟུགས་ཕན་ཚུན་བརྟེན་ནས་བྱུང་བ་གསལ་བ་ནི་དམིགས་བསལ་ཡིན་པར་མ་ཟད་དེ་ལྟར་གསུང་དགོས་པའི་རྒྱུ་མཚན་དཔྱད་དགོས། ཅིག་ཤོས་དེའི་ཐད་ཀྱི་རྒྱ་ནག་གི་འགྱུར་གྱི་ལུང་རིང་མོའི་མདོ་ཚན་བཅུ་གསུམ་པ་《གླེང་གཞི་ཆེན་མོའི་ཐབས་ཀྱི་མདོ་》(大縁方便経T Vol. 1, p. 61b)ལས། རྣམ་ཤེས་རྐྱེན་གྱིས་མིང་དང་གཟུགས་འབྱུང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་ཀྱང་རྣམ་པར་ཤེས་པ་འབྱུང་། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་འབྱུང་། རེག་པའི་སྐྱེ་བའི་རྐྱེན་གྱིས་ཚོར་བ་འབྱུང་། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་། སྲེད་པའི་རྐྱེན་གྱིས་ལེན་པ་འབྱུང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་། གོང་གི་སྟེང་སྐྱེ་མཆེད་དྲུག་བསྣན་ནས་རྟེན་འབྲེལ་ཡག་ལག་བཅུ་གསལ། ལར་ནས་རྣམ་ཤེས་དང་མིང་གཟུགས་གཉིས་ཕན་ཚུན་ལྟོས་པའི་ལྟ་གྲུབ་ནི། 《གཞི་བསྡུ་བ་》(D No. 4039, Sems-tsam Zi 251a5; P Ḥa290a3; T No.1579, p. 829c)ལས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ནི་གནས་གསུམ་གྱིས་བསྡུས་ཏེ་གསུམ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་བྱེད་པ་མེད་པའི་སྒོ་ནས་ལེགས་པར་འདོགས་པ་དང་། དེ་ལ་བརྟེན་ནས་གཞན་ལ་ཕན་པ་སྒྲུབ་པ་དང་། བདག་ལ་ཕན་པ་སྒྲུབ་པའོ། ། དེ་ལ་བྱེད་པ་མེད་པའི་སྒོ་ནས་ལེགས་པར་འདོགས་པ་ནི་ཕྱི་མའི་མཐའི་སྡུག་བསྔལ་ལས། ཚེ་འདི་དང་སྔོན་གྱི་མཐའི་སྡུག་བསྔལ་ལུགས་སུ་འབྱུང་བ་མ་ཡིན་པའི་སྒོ་ནས་གང་དུ་མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་ཀྱང་མིང་དང་གཟུགས་འབྱུང་སྟེ། མདུང་ཁྱིམ་གྱི་ཚུལ་དུ་གཅིག་ལ་གཅིག་རྟེན་ཅིང་འདུག་ལ། ཞེས་དང་། དེ་བཞིན་དུ་《སའི་དངོས་གཞི་》(D No. 4035, Sems-tsam Tshi 119a3-6;T 1579, 328a)ལས། ① མིང་དང་གཟུགས་དེའི་རྐྱེན་ལས་བྱུང་བའི་རྣམ་པར་ཤེས་པ་དེས་དེར་གནས་ཐོབ་པར་འགྱུར་རོ། ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ནག་པོའི་ཕྱོགས་ལ་རྣམ་པར་ལྟ་བ་ན། རྣམ་པར་ཤེས་པ་ལས་ཡིད་ཕྱིར་ལྡོག་པར་འགྱུར་ལ། ཡན་ལག་གཞན་དག་ལས་མ་ཡིན་ཞེ་ན། འདི་ལྟར་དེ་གཉིས་ནི་གཅིག་གི་རྐྱེན་གཅིག་ཡིན་པས་ན། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཇི་ལྟ་བ་བཞིན་དུ། མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའང་དེ་དང་འདྲ་བ་ལ་རྣམ་པར་ལྟ་བ་ན། རྣམ་པར་ཤེས་པ་ལས་དེའི་ཡིད་ཕྱིར་ལྡོག་པར་འགྱུར་ལ། དེ་ལས་གཞན་པ་ཡན་ལག་རྣམས་ལས་དེ་ལྟར་ཕྱིར་ལྡོག་པར་མ་འགྱུར་ཏེ། དེ་ལ་འགའ་ཞིག་ལ་གཅིག་གི་རྐྱེན་དུ་གཅིག་འགྱུར་བ་མཐོང་བས་ན་དེའི་ཕྱིར་ལྡོག་པ་ཞེས་བརྗོད་དོ། ། ལྡོག་པའི་ཕྱོགས་ལ་མིང་དང་གཟུགས་ནི་ཡང་སྲིད་པ་པའི་རྣམ་པར་ཤེས་པ་ལྡོག་པའི་རྒྱུ་མ་ཡིན་ཏེ། དེས་ན་གཞན་ཡིན་པར་བརྟགས་པའི་ཕྱིར་རོ། ། ཞེས་གསལ་ལོ། །
གཉིས་པ། གྲོང་ཁྱེར་མདོར་གསལ་བའི་རྟེན་འབྲེལ།
པཱ་ལིའི་ཡང་དག་པར་ལྡན་པའི་སྡེའི་མདོ་ཚན་《གྲོང་ཁྱེར་མདོ་》(Nagara SN. II, p. 104 )ལས། གང་ཡོད་ན་རྒ་ཤི་འབྱུང་ཞིང་རྐྱེན་གང་གིས་རྒ་ཤི་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྐྱེ་བ་ཡོད་ན་རྒ་ཤི་འབྱུང་ཞིང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ཞེས་པ་ནས། རྣམ་ཤེས་རྐྱེན་གྱིས་མིང་གཟུགས་འབྱུང་ཞེས་པའི་བར་དང་། མིང་གཟུགས་རྐྱེན་གྱིས་རྣམ་ཤེས་འབྱུང་ཞེས་པ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་ཞེས་པའི་བར་དང་། སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་པ་ནས་རྣམ་ཤེས་འགགས་པས་མིང་གཟུགས་འགག་ཅེས་པའི་བར་དང་། རྣམ་ཤེས་འགགས་པས་མིང་གཟུགས་འགག་ཅེས་པ་ནས་སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་པའི་བར་གྱི་ཀུན་བྱང་གཉིས་ཀའི་རྟེན་འབྲེལ་ལུགས་འབྱུང་དང་ལུགས་མི་མཐུན་པ་གཉིས་ཀར་རྟེན་འབྲེལ་ཡན་ལག་བཅུ་བཅུ་ཡོད། ཅིག་ཤོས་རྒྱ་ནག་གི་འགྱུར་གྱི་ཡང་དག་ལྡན་པའི་ལུང་གི་མདོ་ཚན་287པའི་《གྲོང་ཁྱེར་མདོ་》(城邑経T No. 99, p. 80b) ②ལས། གང་ཡོད་ན་རྒ་ཤི་འབྱུང་ཞིང་རྐྱེན་གང་གིས་རྒ་ཤི་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྐྱེ་བ་ཡོད་ན་རྒ་ཤི་འབྱུང་ཞིང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་རོ། ། ཞེས་པ་ནས། གང་ཡོད་ན་མིང་དང་གཟུགས་འབྱུང་ཞིང་རྐྱེན་གང་གིས་མིང་དང་གཟུགས་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་རྣམ་པར་ཤེས་པ་ཡོད་ན་མིང་དང་གཟུགས་འབྱུང་ཞིང་རྣམ་པར་ཤེས་པ་རྐྱེན་གྱིས་མིང་དང་གཟུགས་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་རོ། ། ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་རྣམ་པར་ཤེས་པ་འབྱུང་ཞིང་རྐྱེན་གང་གིས་རྣམ་པར་ཤེས་པ་འབྱུང་སྙམ་པ་ལས། ངའི་ཡིད་རྣམ་པར་ཤེས་པ་ནས་ཕྱིར་ལོག་ཅིང་དེ་ཕན་ཆད་དུ་འཇུག་པར་མི་བྱེད་དེ། འདི་ལྟ་སྟེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་③རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་སྙམ་མོ། ། ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་རྒ་ཤི་མི་འབྱུང་ཞིང་གང་འགགས་པས་རྒ་ཤི་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྐྱེ་བ་མེད་ན་རྒ་ཤི་མི་འབྱུང་ཞིང་། སྐྱེ་བ་འགགས་པས་རྒ་ཤི་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ཞེས་པ་ནས། ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་འདུ་བྱེད་རྣམས་མི་འབྱུང་ཞིང་གང་འགགས་པས་འདུ་བྱེད་རྣམས་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་མ་རིག་པ་མེད་ན་འདུ་བྱེད་རྣམས་མི་འབྱུང་ཞིང་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། འདི་ལྟ་སྟེ་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་འགག རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག རེག་པ་འགགས་པས་ཚོར་བ་འགག ཚོར་བ་འགགས་པས་སྲེད་པ་འགག སྲེད་པ་འགགས་པས་ལེན་པ་འགག ལེན་པ་འགགས་པས་སྲིད་པ་འགག སྲིད་པ་འགགས་པས་སྐྱེ་བ་འགག སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ་སྙམ་མོ། ། ཞེས་གསལ་བ་བཞིན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་འབྱུང་དང་ལུགས་མི་མཐུན་གཉིས་ཀར་པཱ་ལིའི་གྲོང་ཁྱེར་མདོ་བཞིན་རྟེན་འབྲེལ་ཡན་ལག་བཅུ་བཅུ་ལས་མེད་ཀྱང་། རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་འབྱུང་དང་ལུགས་མི་མཐུན་གཉིས་ཀར་རྟེན་འབྲེལ་ཡན་ལག་བཅུ་གཉིས་བཅུ་གཉིས་ཡོད། སློབ་དཔོན་ཐ་ཁེ་ཨུ་ཆིས། ④ ཕྱི་ལོ་1956ལོར་གོང་གི་རྒྱ་ནག་གི་འགྱུར་གྲོང་ཁྱེར་མདོའི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལ་ཡན་ལག་བཅུ་དང་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལ་ཡན་ལག་བཅུ་གཉིས་ཡོད་པའི་སྐོར་ལས་བརྩམས་པའི་སྔར་མེད་ཀྱི་དཔྱད་ཞིབ་ཅིག་བྲིས། དེའི་རྗེས་སུ་ཡང་ཁོང་གིས་སྔ་མའི་དཔྱད་ཞིབ་དེར་ལེགས་བཅོས་ཅུང་ཟད་དང་འབྲེལ་ཐོག་མའི་ནང་པའི་《རྟེན་འབྲེལ་གྱི་རྣམ་གཞག་ལས་བརྩམས་པའི་དཔྱད་ཞིབ་》ཅེས་པ་བྲིས།
དོན་བསྡུས་ནས་བརྗོད་ན་རྟེན་འབྲེལ་ཡན་ལག་ལ་འཆད་ཚུལ་གཉིས་ཡོད་པའི་དང་པོ་རྒ་ཤི་ནས་འགོ་གཙུགས་པའི་སྟབས་བདེའི་རྟེན་འབྲེལ་ཡན་ལག་དང་། མ་རིག་པ་ནས་འགོ་བཙུགས་པའི་ཟབ་ཏུ་ཕྱིན་པའི་རྟེན་འབྲེལ་འཆད་ཚུལ་གཉིས་ཡོད་པའི་འཆད་ཚུལ་དང་པོར་མ་རིག་པ་མེད་པའི་ཆ་ནས་སྔོན་དུ་དར། དེ་ནས་མ་རིག་པ་ནས་འགོ་བཙུགས་པའི་འཆད་ཚུལ་གཉིས་པ་དར། རྒ་ཤིའི་རྟེན་འབྲེལ་ཡང་ཞིབ་ཆ་བྱས་ན། 《རྒྱ་ཆེར་རོལ་བ་》(D No.95,mDo-sde Kha 167a4-5)ལས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོའི་འབའ་ཞིག་འདི་འབྱུང་བར་འགྱུར་རོ། ། ཞེས་གསལ་བའི་སྡུག་བསྔལ་གྱི་རབ་དབྱེ་བཞིན་གནས་བརྟན་སྡེ་པའི་ལུང་སྡེ་དང་། རྒྱ་ནག་གི་འགྱུར་གྱི་ལུང་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་《འདུལ་བ་ཕྲན་ཚེགས་》(D No. 6, ḥDul-ba Tha 283a1-b4;T 1451,p.304c)སོགས་གཅིག་བལྟས་གཅིག་གསལ་ལྟར་རིམ་པ་དེ་རང་གསལ་བར་བརྟེན། ཐོག་མའི་དུས་སྐབས་ཀྱི་ནང་པ་རྣམས་ཀྱིས་སྡུག་བསྔལ་ལ་དབྱེ་ཞིབ་མཛད་པའི་བརྒྱུད་རིམ་ནས་རྟེན་འབྲེལ་ཡན་ལག་གི་ལྟ་གྲུབ་བྱུང་བར་མ་ཟད། སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་སོགས་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་ཀྱང་། སྡུག་བསྔལ་འགགས་པའི་འགོག་བདེན་ནི་ཐོག་མའི་ནང་པ་རྣམས་ཀྱི་ཆེད་དུ་བྱ་བའི་དམིགས་ཡུལ་ཡིན་པ་དེ་ནས་བྱུང་བ་ཡིན།
ཅིག་ཤོས་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་དུའང་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་འབྱུང་དང་ལུགས་མི་མཐུན་པ་གཉིས་ཀར་རྟེན་འབྲེལ་ཡན་ལག་བཅུ་བཅུ་ལས་མེད་ཀྱང་། རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་འབྱུང་དང་ལུགས་མི་མཐུན་པར་གཉིས་ཀར་ཡན་ལག་བཅུ་གཉིས་བཅུ་གཉིས་གསལ་བའི་གྲོང་ཁྱེར་མདོ་བཞུགས་པའང་《འདུལ་བ་གཞི་》(D No. 1, ḥDul-ba Ka109a4; T No. 1444, p. 1036c)ལས། ཀྱེ་མ་འཇིག་རྟེན་འདི་སྡུག་བསྔལ་བར་གྱུར་ཏེ། འདི་ལྟ་སྟེ་སྐྱེ་བར་འགྱུར། རྒ་བར་འགྱུར། འཆི་བར་འགྱུར། ཉམས་པར་འགྱུར། འབྱུང་བར་འགྱུར་ཡང་འོན་ཀྱང་སེམས་ཅན་འདི་དག་གིས་རྒ་ཤི་བས་བླ་མ་ཡོད་བཞིན་དུ་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་སོ་སྙམ་ནས་ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་རྒ་ཤི་འབྱུང་ཞིང་རྐྱེན་གང་གིས་རྒ་ཤི་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྐྱེ་བ་ཡོད་ན་རྒ་ཤི་འབྱུང་ཞིང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་རོ། ། ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་སྐྱེ་བ་འབྱུང་ཞིང་རྐྱེན་གང་གིས་སྐྱེ་བ་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྲིད་པ་ཡོད་ན་སྐྱེ་བ་འབྱུང་ཞིང་སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་སྲིད་པ་འབྱུང་ཞིང་རྐྱེན་གང་གིས་སྲིད་པ་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་ལེན་པ་ཡོད་ན་སྲིད་པ་འབྱུང་ཞིང་ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་ངོ་སྙམ་དུ་ཡང་(D Ka 109b1)དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་ལེན་པ་འབྱུང་ཞིང་རྐྱེན་གང་གིས་ལེན་པ་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྲེད་པ་ཡོད་ན་ལེན་པ་འབྱུང་ཞིང་སྲེད་པའི་རྐྱེན་གྱིས་ལེན་པ་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་སྲེད་པ་འབྱུང་ཞིང་རྐྱེན་གང་གིས་སྲེད་པ་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་ཚོར་བ་ཡོད་ན་སྲེད་པ་འབྱུང་ཞིང་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་ཚོར་བ་འབྱུང་ཞིང་རྐྱེན་གང་གིས་ཚོར་བ་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་རེག་པ་ཡོད་ན་ཚོར་བ་འབྱུང་ཞིང་རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་རེག་པ་འབྱུང་ཞིང་རྐྱེན་གང་གིས་རེག་པ་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྐྱེ་མཆེད་དྲུག་ཡོད་ན་རེག་པ་འབྱུང་ཞིང་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་སྐྱེ་མཆེད་དྲུག་འབྱུང་ཞིང་རྐྱེན་གང་གིས་སྐྱེ་མཆེད་དྲུག་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་མིང་དང་གཟུགས་ཡོད་ན་སྐྱེ་མཆེད་དྲུག་འབྱུང་ཞིང་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་མིང་དང་གཟུགས་འབྱུང་ཞིང་རྐྱེན་གང་གིས་མིང་དང་གཟུགས་འབྱུང་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་རྣམ་པར་ཤེས་པ་ཡོད་ན་མིང་དང་གཟུགས་འབྱུང་ཞིང་རྣམ་པར་ཤེས་པ་རྐྱེན་གྱིས་མིང་དང་གཟུགས་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་རྣམ་པར་ཤེས་པ་འབྱུང་ཞིང་རྐྱེན་(D Ka 110a1)གང་གིས་རྣམ་པར་ཤེས་པ་འབྱུང་སྙམ་པ་ལས། ངའི་ཡིད་རྣམ་པར་ཤེས་པ་ནས་ཕྱིར་ལོག་ཅིང་དེ་ཕན་ཆད་དུ་འཇུག་པར་མི་བྱེད་དེ། འདི་ལྟ་སྟེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་སྙམ་མོ། ། ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་རྒ་ཤི་མི་འབྱུང་ཞིང་གང་འགགས་པས་རྒ་ཤི་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྐྱེ་བ་མེད་ན་རྒ་ཤི་མི་འབྱུང་ཞིང་། སྐྱེ་བ་འགགས་པས་རྒ་ཤི་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་སྐྱེ་བ་མི་འབྱུང་ཞིང་གང་འགགས་པས་སྐྱེ་བ་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྲིད་པ་མེད་ན་སྐྱེ་བ་མི་འབྱུང་ཞིང་། སྲིད་པ་འགགས་པས་སྐྱེ་བ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་སྲིད་པ་མི་འབྱུང་ཞིང་། གང་འགགས་པས་སྲིད་པ་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་ལེན་པ་མེད་ན་སྲིད་པ་མི་འབྱུང་ཞིང་ལེན་པ་འགགས་པས་སྲིད་པ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་ལེན་པ་མི་འབྱུང་ཞིང་གང་འགགས་པས་ལེན་པ་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྲེད་པ་མེད་ན་ལེན་པ་མི་འབྱུང་ཞིང་སྲེད་པ་འགགས་པས་ལེན་པ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་སྲེད་པ་མི་(D Ka 110b1)འབྱུང་ཞིང་། གང་འགགས་པས་སྲེད་པ་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་ཚོར་བ་མེད་ན་སྲེད་པ་མི་འབྱུང་ཞིང་ཚོར་བ་འགགས་པས་སྲེད་པ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་ཚོར་བ་མི་འབྱུང་ཞིང་གང་འགགས་པས་ཚོར་བ་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་རེག་པ་མེད་ན་ཚོར་བ་མི་འབྱུང་ཞིང་རེག་པ་འགགས་པས་ཚོར་བ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་རེག་པ་མི་འབྱུང་ཞིང་གང་འགགས་པས་རེག་པ་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་སྐྱེ་མཆེད་དྲུག་མེད་ན་རེག་པ་མི་འབྱུང་ཞིང་སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་སྐྱེ་མཆེད་དྲུག་མི་འབྱུང་ཞིང་གང་འགགས་པས་སྐྱེ་མཆེད་དྲུག་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་མིང་དང་གཟུགས་མེད་ན་སྐྱེ་མཆེད་དྲུག་མི་འབྱུང་ཞིང་མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་མིང་དང་གཟུགས་མི་འབྱུང་ཞིང་གང་འགགས་པས་མིང་དང་གཟུགས་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་རྣམ་པར་ཤེས་པ་མེད་ན་མིང་དང་གཟུགས་མི་འབྱུང་ཞིང་རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་རྣམ་པར་ཤེས་པ་མི་འབྱུང་ཞིང་གང་འགགས་པས་རྣམ་པར་ཤེས་པ་འགག་གོ་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་འདུ་བྱེད་རྣམས་མེད་ན་རྣམ་པར་ཤེས་པ་མི་འབྱུང་ཞིང་འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། ང་འདི་སྙམ་དུ་སེམས་ཏེ། གང་མེད་ན་འདུ་(D Ka 111a1)བྱེད་རྣམས་མི་འབྱུང་ཞིང་གང་འགགས་པས་འདུ་བྱེད་རྣམས་འགག་སྙམ་དུ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་མ་རིག་པ་མེད་ན་འདུ་བྱེད་རྣམས་མི་འབྱུང་ཞིང་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། ། འདི་ལྟ་སྟེ་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་འགག རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག རེག་པ་འགགས་པས་ཚོར་བ་འགག ཚོར་བ་འགགས་པས་སྲེད་པ་འགག སྲེད་པ་འགགས་པས་ལེན་པ་འགགལེན་པ་འགགས་པས་སྲིད་པ་འགག སྲིད་པ་འགགས་པས་སྐྱེ་བ་འགག སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ་སྙམ་མོ། ། ⑤དགེ་སློང་དག་འདི་སྙམ་དུ་སེམས་ཏེ་ངས་སྔོན་གྱི་ལམ་དང་། སྔོན་གྱི་བགྲོད་པ་དང་། སྔོན་གྱི་ལམ་སྲོལ་སྔོན་གྱི་དྲང་སྲོང་རྣམས་གཤེགས་ཤིང་རྗེས་སུ་འདོང་བ་རྙེད་དོ་སྙམ་མོ། ། འདི་ལྟ་སྟེ་དཔེར་ན་མི་ཞིག་དགོན་པ་ནགས་མཆོག་ཏུ་འཁྱམ་ཞིང་འགྲོ་བ་ན་སྔོན་གྱི་ལམ་དང་། སྔོན་གྱི་བགྲོད་པ་དང་། སྔོན་གྱི་ལམ་སྲོལ་སྔོན་གྱི་མི་རྣམས་དོང་ཞིང་རྗེས་སུ་འདོང་བ་ཞིག་རྙེད་ནས་དེ་དེའི་རྗེས་སུ་སོང་བ་དང་། སྔོན་གྱི་གྲོང་ཁྱེར་དང་། ⑥ སྔོན་གྱི་རྒྱལ་པོའི་ཕོ་བྲང་ཀུན་དགའ་ར་བ་ཕུན་སུམ་ཚོགས་པ། ཚལ་ཕུན་སུམ་ཚོགས་པ། རྫིང་བུ་ཕུན་སུམ་ཚོགས་པ། བཟང་བ་ནགས་དང་ལྡན་པ། དགའ་བར་འགྱུར་བ་ཞིག་མཐོང་ཞིང་མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བདག་རྒྱལ་པོའི་གན་དུ་སོང་སྟེ་བརྗོད་པར་བྱའོ་སྙམ་ནས། དེ་རྒྱལ་པོའི་གན་དུ་སོང་སྟེ་ལྷ་མཁྱེན་པར་མཛོད་ཅིག འདི་ན་བདག་དགོན་པ་ནགས་མཆོག་ཅིག་ཏུ་(D Ka 111b1-6)འཁྱམ་ཞིང་མཆི་བ་ན་སྔོན་གྱི་ཤུལ་དང་། སྔོན་གྱི་བགྲོད་པ་དང་། སྔོན་གྱི་ཤུལ་སྲོལ་སྔོན་གྱི་མི་རྣམས་མཆིས་ཤིང་རྗེས་སུ་མཆི་བ་ཞིག་རྙེད་ནས་བདག་དེའི་རྗེས་སུ་མཆིས་པ་དང་། སྔོན་གྱི་གྲོང་ཁྱེར་དང་། སྔོན་གྱི་རྒྱལ་པོའི་ཕོ་བྲང་ཀུན་དགའ་ར་བ་ཕུན་སུམ་ཚོགས་པ། ཚལ་ཕུན་སུམ་ཚོགས་པ། རྫིང་བུ་ཕུན་སུམ་ཚོགས་པ། བཟང་བ་ནགས་དང་ལྡན་པ་དགའ་བར་འགྱུར་བ་ཞིག་མཐོང་ཞིང་མཐོང་སྟེ་ལྷས་དེ་གྲོང་ཁྱེར་བགྱིད་དུ་གསོལ་ལ། དེ་རྒྱལ་པོའི་ཕོ་བྲང་བགྱིད་དུ་སྩོལ་ཅིག་དང་། དུས་གཞན་ན་དེ་རྒྱལ་པོའི་ཕོ་བྲང་དུ་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་བལྟམ་པར་འགྱུར་རོ་ཞེས་ཟེར་བ་དེ་བཞིན་དུ་དགེ་སློང་དག་ངས་ཀྱང་སྔོན་གྱི་ལམ་དང་། སྔོན་གྱི་བགྲོད་པ་དང་། སྔོན་གྱི་ལམ་སྲོལ་སྔོན་གྱི་དྲང་སྲོང་རྣམས་གཤེགས་ཤིང་རྗེས་སུ་འདོང་བ་རྙེད་དོ། ། དགེ་སློང་དག་སྔོན་གྱི་ལམ་དང་། སྔོན་གྱི་བགྲོད་པ་དང་། སྔོན་གྱི་ལམ་སྲོལ་སྔོན་གྱི་དྲང་སྲོང་རྣམས་གཤེགས་ཤིང་རྗེས་སུ་འདོང་བ་དེ་གང་ཞེ་ན། འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། དགེ་སློང་དག་འདི་ནི་སྔོན་གྱི་ལམ་དང་། སྔོན་གྱི་བགྲོད་པ་དང་། སྔོན་གྱི་ལམ་སྲོལ་སྔོན་གྱི་དྲང་སྲོང་རྣམས་གཤེགས་ཤིང་རྗེས་སུ་འདོང་བ་ཡིན་ནོ། ། ཞེས་ཆ་ཚང་བཞུགས་པར་མ་ཟད། དགེ་ལེགས་བཤེས་གཉེན་གྱི་《འདུལ་བ་གཞིའི་རྒྱ་ཆེར་འགྲེལ་པ་》(D No. 4113, ḥDul-ba Tsu 299a6-300a5; P No. 5615,344a6-345b2)ལས་ཀྱང་། ངའི་ཡིད་རྣམ་པར་ཤེས་པ་ནས་ཕྱིར་ལོག་ཅིང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཤེས་ནས་དེ་ཁོ་ན་ནས་སེམས་ཕྱིར་ལོག་ཅིང་ངོ་། ། དེ་ཕན་ཆད་དུ་འཇུག་པར་མི་བྱེད་དེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཕན་ཆད་དུ་སེམས་འཇུག་པར་མ་གྱུར་པ་སྟེ། རྣམ་པར་ཤེས་པའི་རྒྱུ་ནི་འདུ་བྱེད་ཀྱི་མཚན་ཉིད་ཡིན་ལ། འདུ་བྱེད་ཀྱི་རྒྱུ་ནི་མ་རིག་པའི་མཚན་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་ངའི་སེམས་འཇུག་པར་མ་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔས་ཡན་ལག་གཉིས་པོ་མ་རིག་པ་དང་འདུ་བྱེད་གཉིས་མ་བརྟགས་ཤེ་ན་སྔར་བརྟགས་ཟིན་པའི་ཕྱིར་ཏེ། འདི་ལྟར་སྲིད་པའི་ཡན་ལག་གསུམ་པོ་མ་རིག་པ་དང་། སྲིད་པ་དང་ལེན་པ་ནི་ཉོན་མོངས་པའི་ངོ་བོ་ཉིད་ཡིན་པས། གང་གི་ཚེ་སྲེད་པ་དང་ལེན་པ་བརྟགས་པར་གྱུར་པ་དེའི་ཚེ་ན་མ་རིག་པ་ཡང་བརྟགས་ཟིན་ཏོ། ། སྲིད་པའི་ཡན་ལག་གཉིས་པོ་འདུ་བྱེད་པ་དང་སྲིད་པ་ནི་ལས་ཀྱི་ངོ་བོ་ཡིན་པས་གང་གི་ཚེ་སྲེད་པ་བརྟགས་པར་གྱུར་པ་དེའི་ཚེ་ན་འདུ་བྱེད་ཀྱང་བརྟགས་ཟིན་ཏོ། ། འོ་ན་ལྟ་སྲིད་པའི་ཡན་ལག་བདུན་པོ་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་ནི་ལས་དང་ཉོན་མོངས་པའི་གཞི་ཡིན་པའི་ཕྱིར་གཞིའི་ངོ་བོ་ཉིད་ཡིན་པས། གང་གི་ཚེ་རྒ་ཤི་བརྟགས་པར་གྱུར་པ་དེའི་ཚེ་ན་མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་ཡང་བརྟགས་ཟིན་ལ། གང་གི་ཚེ་སྐྱེ་བ་བརྟགས་པར་གྱུར་པ་དེའི་ཚེ་ན། རྣམ་པར་ཤེས་པ་ཡང་བརྟགས་ཟིན་པ་ཡིན་ན་ཅིའི་ཕྱིར་དེ་དག་ཀྱང་རྟོག་པར་བྱེད་ཅེ་ན། སྔར་རྒ་ཤི་དང་སྐྱེ་བ་མདོར་བསྡུས་ཏེ་བརྟགས་ནས། ཕྱིས་དེ་ཉིད་རྒྱ་ཆེར་བརྟག་པའི་ཕྱིར་མིང་དང་གཟུགས་ལ་སོགས་པ་དང་རྣམ་པར་ཤེས་པ་ལ་རྟོག་པར་བྱེད་པས་འདི་ལ་ཉེས་པ་མེད་དོ། ། འོ་ན་རྣམ་པར་ཤེས་པ་ལ་མདོར་བསྡུ་བ་དང་། རྒྱས་པར་དབྱེ་བ་གཉིས་མེད་ན། ཅིའི་ཕྱིར་རྣམ་པར་ཤེས་པ་ལ་ལན་གཉིས་སུ་བརྟགས་པར་གྱུར་ཅེ་ན། བྱང་ཆུབ་སེམས་དཔའི་ནི་སྐྱེ་བས་འཇིགས་པས་དེའི་ཕྱིར་རྣམ་པར་ཤེས་པ་ལན་གཉིས་སུ་བརྟགས་པར་གྱུར་ཏེ། འདི་ལྟར་དེ་རྒ་ཤི་ཡིད་ལ་བྱུང་བ་ན་དོན་མེད་པ་འདི་ཅི་ལས་བྱུང་ཞེས་རྟོག་པ་ན་སྐྱེ་བ་ལས་བྱུང་བར་མཐོང་ངོ་། ། སྐྱེ་བ་ཡང་གང་གིས་མངོན་པར་བསྒྲུབ་ཞེས་རྟོག་པ་ན་ལས་ཀྱིས་མངོན་པར་བསྒྲུབ་པར་མཐོང་ངོ་། ། ལས་ཀྱང་གང་གིས་ཀུན་ནས་བསླང་ཞེས་རྟོག་པ་ན། ཉོན་མོངས་པས་ཀུན་ནས་བསླང་ཞིང་ཉོན་མོངས་པ་ནི་གཞི་ལ་བརྟེན་པར་མཐོང་ངོ་། ། གཞི་ཡང་གང་གིས་མངོན་པར་བསྒྲུབས་ཞེས་རྟོགས་པར་གྱུར་ན་སྐྱེ་བས་མངོན་པར་བསྒྲུབས་པར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། དོན་མེད་པ་འདི་དག་ཐམས་ཅད་ནི་སྐྱེ་བ་ལས་བྱུང་ངོ་སྙམ་དུ་སེམས་པས་དེའི་ཕྱིར་སྐྱེ་བས་ཡིད་འབྱུང་བས་རྣམ་པར་ཤེས་པ་ལ་ཡང་ལན་གཉིས་སུ་བརྟགས་པར་གྱུར་ཏེ། སྡུག་བསྔལ་འདི་དག་ཐམས་ཅད་སྐྱེ་བས་བསྐྱེད་པས་དེའི་ཕྱིར་དེའི་ཡིད་རྣམ་པར་ཤེས་པ་ནས་ལོག་ཅིང་དེ་ཕན་ཆད་དུ་འཇུག་པར་མི་བྱེད་དོ། ། དེ་ལྟར་ན་ཞེས་བྱ་བ་ནི་མཇུག་བསྡུ་བའོ། ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཞེས་བྱ་བ་འདི་ནི་ཡམས་ཀྱི་ནད་དང་། གནོད་པ་དང་། འགོ་བའི་ནད་དང་། འཁྲུག་པ་དག་གིས་ཚིག་བླ་དགས་ཡིན་ནོ། ། འབའ་ཞིག་པ་ཞེས་བྱ་བ་འདི་ནི་བླངས་པ་དང་མཐར་ཕྱིན་པ་དང་། ཡོངས་སུ་རྫོགས་པའི་ཚིག་བླ་དགས་ཡིན་ནོ། ། འདི་ཞེས་བྱ་བ་འདི་ནི་ཀུན་ཏུ་བསྟན་པ་དང་། ཉེ་བར་བསྟན་པའི་ཚིག་བླ་དགས་ཡིན་ནོ། ། འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ། ། འདུ་བྱེད་རྣམས་ཞེས་བྱ་བ་ནི་སྐྱེ་བ་སྔ་མའི་བསོད་ནམས་དང་། བསོད་ནམས་མ་ཡིན་པའི་ལས་ཀྱི་གནས་སྐབས་གང་ཡིན་པ་དེ་ནི་འདིའི་འདུ་བྱེད་རྣམས་ཏེ་ཕུང་པོ་ལྔའི་གནས་སྐབས་སོ། ། མ་རིག་པ་ཞེས་བྱ་བ་ནི་སྐྱེ་བ་སྔ་མའི་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་དེ་ནི་འདིའི་མ་རིག་པ་སྟེ་ཕུང་པོ་ལྔའི་གནས་སྐབས་སོ། ། འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔས་འཇུག་པའི་(ཀུན་ནས་ཉོན་མོངས་)ཕྱོགས་ལ་ནི་སྲིད་པའི་ཡན་ལག་བཅུ་བརྟགས་པར་གྱུར་ལ། ལྡོག་པའི་(རྣམ་བྱང་ཕྱོགས་)ཕྱོགས་ལ་ནི་བཅུ་གཉིས་བརྟགས་པར་གྱུར་ཅེ་ན། བྱང་ཆུབ་སེམས་དཔའ་ནི་འཇུག་པའི་ཕྱོགས་ལ་སྡང་ལ། ལྡོག་པའི་ཕྱོགས་ལ་དགའ་ཞིང་འདོད་པས་དེའི་ཕྱིར་ལྡོག་པའི་ཕྱོགས་ལ་ཡན་ལག་བཅུ་གཉིས་བརྟགས་པར་གྱུར་ཏེ། འདི་ལ་ཉེས་པ་མེད་དོ་ཞེས་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་འབྱུང་ངོ་། ། ཞེས་གསུངས་པ་ལྟར་འཇུག་པའི་ཕྱོགས་སམ་ཀུན་ནས་ཉོན་མོངས་ཕྱོགས་ལ་ཡན་ལག་བཅུ་དང་། ལྡོག་པའི་ཕྱོགས་སམ་རྣམ་བྱང་ཕྱོགས་ལ་ཡན་ལག་བཅུ་གཉིས་ཡོད་པར་གསལ་པོར་གསུངས། 《བྱེ་བྲག་བཤད་པ་ཆེ་མོར་》(T 1545, pp. 124a26-125a12;T 1546, p. 97b13-c23)ཡང་གོང་བཞིན་གསལ།
ཅིག་ཤོས་གྲོང་ཁྱེར་མདོ་ལུང་དྲངས་ནས་བཞུགས་པའང་《གཞི་བསྡུ་བ་》(D No. 4038, Zi 250a7-b7; P Ḥa289a5; T 1579,p. 829b)ལས། འདི་ལ་བཅོམ་ལྡན་འདས་ནི་བྱང་ཆུབ་སེམས་དཔར་གྱུར་པ་ན་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ནས་རྒ་ཤི་ལ་དམིགས་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒོ་ནས་ཕྱི་མའི་མཐའི་སྡུག་བསྔལ་གྱི་བདེན་པ་ལ་ལུགས་སུ་འབྱུང་བ་མ་ཡིན་པའི་ཚུལ་གྱིས་འཇུག་སྟེ། སྲེད་པའི་བར་དུ་ཚུལ་བཞིན་ཡིད་ལ་བྱེད་ཅིང་ཕྱི་མའི་མཐའི་སྡུག་བསྔལ་དང་ཕྱི་མའི་མཐའི་སྡུག་བསྔལ་ཀུན་འབྱུང་བ་ཡང་བརྟགས་ནས་དེ་དེ་ཙམ་གྱིས་ཆོག་པར་མི་འཛིན་ཏེ། ཕྱི་མའི་མཐའི་ཀུན་འབྱུང་བ་དེའི་རྒྱུར་གྱུར་པ། ད་ལྟ་གྱི་སྡུག་བསྔལ་ཐམས་ཅད་ལ་ཡང་ལུགས་སུ་འབྱུང་བ་མ་ཡིན་པར་ཚོར་བ་དང་རེག་པ་དང་སྐྱེ་མཆེད་དྲུག་དང་མིང་དང་གཟུགས་དང་རྣམ་པར་ཤེས་པས་བསྡུས་པ་ལ་རྟོག་པར་མཛད་དོ། ། དེ་ལ་མ་འོངས་པའི་སྡུག་བསྔལ་གང་ཡིན་པ་དེ་ནི་ཕྱིས་འབྱུང་བ་ཡིན་ནོ། ། དེའི་ཀུན་འབྱུང་བ་ཡང་ཕྱིས་འབྱུང་བ་ཡིན་ནོ་སྙམ་དུ་ཡང་དག་པར་མཁྱེན་ནས་མ་འོངས་པའི་དུས་ལ་བརྟེན་ཏེ་གང་ཡོད་པ་ལས་འབྱུང་བར་འགྱུར་སྙམ་དུ་རྟོག་གོ ། ཚེ་འདིའི་སྡུག་བསྔལ་རྣམ་པར་ཤེས་པ་ལ་ཐུག་པའི་བར་དེ་ནི་སྔོན་གྱི་ཀུན་འབྱུང་བ་ལས་བྱུང་ཞིང་གྲུབ་པ་ཡིན་ནོ། ། བྱུང་བ་གང་ཡིན་པ་དེ་ལ་ནི་འདི་ལྟར་འབྱུང་སྙམ་དུ་བརྟག་པའི་མི་རིགས་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་དེ་ནི་ད་ལྟར་གྱི་སྡུག་བསྔལ་བྱུང་ཟིན་པ་ལ་གཟིགས་ནས་ཕྱིས་འབྱུང་བ་བརྟག་པའི་ཡིད་ལ་བྱེད་པ་དང་ལྡན་པའི་སེམས་ལྡོག་པར་འགྱུར་རོ། ། དེའི་གནས་ཕྱི་མའི་མཐའི་ཀུན་འབྱུང་བའི་བདེན་པ་རིམ་གྱི་ཡང་དག་པར་གཟིགས་ནས། ཕྱི་མའི་མཐའི་སྡུག་བསྔལ་གྱི་བདེན་པའི་གནས་ཕྱི་མའི་ཀུན་འབྱུང་བའི་བདེན་པ་ཡང་ཡང་དག་པར་གཟིགས་ཏེ། ཡང་རྣམ་པར་ཤེས་པ་ལས་ལུགས་སུ་འབྱུང་བ་ལ་འཇུག་སྟེ། དེ་ལྟར་ན་དེས་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་སུ་འབྱུང་བ་དང་། ལུགས་སུ་འབྱུང་བ་མ་ཡིན་པ་ཚུལ་བཞིན་དུ་སྡུག་བསྔལ་དང་ཀུན་འབྱུང་བ་བརྟགས་པ་ཡིན་ནོ། ། དེའི་འོག་ཏུ་འགོག་པའི་བདེན་པ་བརྟག་པར་བཞེད་ནས་རྒ་ཤི་ཉིད་ནས་མ་རིག་པའི་བར་ལས་ལུགས་སུ་འབྱུང་བ་མ་ཡིན་པར་འདུག་གོ ། དེ་ཅིའི་ཕྱིར་ཞེ་ན། ད་ལྟར་གྱི་སྡུག་བསྔལ་གྱི་བདེན་པ་བྱུང་ཟིན་པ་དེ་ཇི་ལྟར་བྱས་ན་གཏན་འགག་པར་འགྱུར་རོ་ཞེ་ན། མ་རིག་པའི་རྐྱེན་གྱིས་བྱུང་བའི་ལས་གསར་དུ་བྱས་ན་འགག་པར་འགྱུར་སྙམ་དུ་རྟོག་པའི་ཕྱིར་རོ། ། ཞེས་གསལ་བ་ལྟར་སྡུག་ཀུན་གཉིས་ལ་བརྟག་སྐབས་སུ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་དང་འགོག་བདེན་ལ་བརྟག་སྐབས་སུ་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡོད།
ཡང་བསམ་དགོས་པ་ཞིག་ནི་《རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ་》(D No. 3996, Chi 225b7-226a3)ལས། གདུལ་བྱའི་སྐྱེ་བོའི་བྱེ་བྲག་ལ་ལྟོས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་དང་། ནག་པོ་དང་དཀར་པོའི་ཕྱོགས་དང་། ཡན་ལག་ཚང་བ་དང་། མ་ཚང་བ་ལ་སོགས་པར་འཆད་པ་ཐ་དད་པ་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པའི་མདོ་སྡེ་གཞན་རྣམས་མང་པོ་ལ་ཞེས་བྱ་བ་དེ་ལ་ལུགས་དང་མཐུན་པའི་དབྱེ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་བར་ཡིན་ནོ། ། ལུགས་དང་མི་མཐུན་པའི་དབྱེ་བ་ནི་གང་མེད་ན་རྒ་ཤི་མེད་པ་ཡིན་ཞེ་ན། སྐྱེ་བ་མེད་ན་རྒ་ཤི་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། ། ནག་པོའི་ཕྱོགས་དང་དཀར་པོའི་དབྱེ་བ་ནི་མི་དགེ་བ་དང་ཉོན་མོངས་པ་མ་ཡིན་པའི་ཆོས་ཀྱི་རྐྱེན་གྱིས་སྟོན་པའི་དབྱེ་བའོ། ། ཡན་ལག་ཚང་བ་དང་། མ་ཚང་བར་སྟོན་པའི་དབྱེ་བ་ནི་ཁ་ཅིག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་ཚང་བར་བསྟན་པ་ནི་བཅུ་གཉིས་སོ། ། ཁ་ཅིག་ཏུ་ཡན་ལག་མ་ཚང་བ་ནི་ཡན་ལག་གཉིས་དང་། ཡན་ལག་གསུམ་དང་། ཡན་ལག་བཞི་དང་། ཡན་ལག་ལྔའམ་དྲུག་སྟེ་མ་རྫོགས་པ་ཡིན་ནོ། ། ཞེས་གསལ་བ་བཞིན་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་རྟེན་འབྲེལ་ཡན་ལག་མང་ཉུང་མི་འདྲ་བ་སྟོན་པའི་མདོ་སྣ་ཚོགས་གཟིགས་པར་གསལ་པོར་མཚོན་ནོ། །
གསུམ་པ། རྟེན་འབྲེལ་ཡན་ལག་རྫོགས་པའི་རྣམ་གཞག
དེ་ཡང་འཕེལ་རྒྱས་མཐའ་མེད་ཕྱིན་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ལུགས་འབྱུང་ལུགས་ལྡོག་དཀྱུས་གཅིག་ཏུ་སྟོན་པའི་མདོའི་ཐོག་མ་ཡང་པཱ་ལིའི་ཚོམས་ཏེ་《ཨུ་དཱ་ན་》(Udāna, 1. 1-1. 3; [PTS. pp.1-3])ལས། བཅོམ་ལྡན་འདས་མངོན་པར་སངས་རྒྱས་ནས་ཞག་བདུན་གྱི་རྗེས་སུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལས་བཞེངས་ཏེ་མཚན་མོའི་ཐུན་དང་པོར་འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་(paṭiccasamuppāda)ལུགས་དང་མཐུན་པར(anuloma)གཟིགས་སོ། ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། ⑦ འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་(imasmiṃ satiidaṃ hoti, imass’ uppādā idaṃ uppajjati)སྟེ། འདི་ལྟ་སྟེ། མ་རིག་པའི་(avijjā)རྐྱེན་གྱིས་འདུ་བྱེད་། འདུ་བྱེད་(saṅkhārā)ཀྱི་རྐྱེན་ཀྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་(viññāṇa)རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་(nāmarūpa)ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་(saḷāyatana)གི་རྐྱེན་གྱིས་རེག་པ། རེག་པའི་(phassa)རྐྱེན་གྱིས་ཚོར་བ། ཚོར་བའི་(vedanā)རྐྱེན་གྱིས་སྲེད་པ། སྲེད་པའི་(taṇhā)རྐྱེན་གྱིས་ལེན་པ། ལེན་པའི་ (upādāna)རྐྱེན་གྱིས་སྲིད་པ། སྲིད་པའི་(bhava )རྐྱེན་གྱིས་སྐྱེ་བ་(jāti)དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི (jarāmaraṇa)དང་། མྱ་ངན་(soka)དང་། སྨྲེ་སྔགས་འདོན་པ་(parideva)དང་། སྡུག་བསྔལ་བ་(dukkha)དང་། ཡིད་མི་བདེ་བ་(domanassa)དང་། འཁྲུག་པ་(upāyāsa)རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོའི་ཚོགས་པ་(dukkhakkhandhassa samudayo)འདི་འབྱུང་བར་འགྱུར་རོ། ། ཞེས་དང་། བཅོམ་ལྡན་འདས་མངོན་པར་སངས་རྒྱས་ནས་ཞག་བདུན་གྱི་རྗེས་སུ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་མཚན་མོའི་ཐུན་བར་མར་འདི་ལྟར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མི་མཐུན་པར་(paṭiloma)གཟིགས་ཏེ། འདི་ལྟར་འདི་མེད་པས་འདི་མི་འབྱུང་། འདི་མ་སྐྱེས་པས་འདི་འགག་པར་འགྱུར་(imasmiṃasati idaṃ na hoti, imassa nirodhāidaṃ nirujhati)ཏེ་མ་རིག་པ་འགགས་པས་འདུ་བྱེད་འགག འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག རེག་པ་འགགས་པས་ཚོར་བ་འགག ཚོར་བ་འགགས་པས་སྲེད་པ་འགག སྲེད་པ་འགགས་པས་ལེན་པ་འགག ལེན་པ་འགགས་པས་སྲིད་པ་འགག སྲིད་པ་འགགས་པས་སྐྱེ་བ་འགག སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོའི་ཚོགས་པ་འགག་པར་འགྱུར་རོ། ། (dukkhakkandhassa nirodho)ཞེས་དང་། དེ་རྗེས་རོལ་དུ་བརྩམས་པའི་པཱ་ལིའི་འདུལ་བ་《ཚན་པ་ཆེན་པོ་》(Mahāvagga I, 1-7;Vinayapiṭaka PTS. Vol. I; pp.1-18)དང་། 《ཡང་དག་ལྡན་པའི་སྡེ་》(SN. II, pp. 10-11)དང་། རྒྱ་ནག་གི་《ཡང་དག་ལྡན་པའི་ལུང་》(T 99, Vol. II,pp.79c27-80b7)དུའང་གོང་དང་འདྲ་བའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་གསལ་བར་མ་ཟད། 《འདུལ་བ་གཞི་》(D No.1, Kha 38a3-b6)ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་གནས་པ་ཉིད་དང་། ཆོས་ཀྱི་དབྱིངས་འདི་ནི་གནས་པ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་མངོན་པར་མཁྱེན་པས་མངོན་པར་བྱང་ཆུབ་ནས་གསུངས་ཏེ། འདོགས་པར་མཛད་རབ་ཏུ་འཇོག་པར་མཛད་རྣམ་པར་འབྱེད་པར་མཛད། རྣམ་པར་འགྲེལ་པར་མཛད་གསལ་བར་མཛད་འཆད་པར་མཛད། ཡང་དག་པར་རབ་ཏུ་འཆད་པར་མཛད་པ་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བར་འགྱུར་(asmin saty asya bhvāvaḥasyotpādād idam utpadyate)ཏེ། ⑧ འདི་ལྟ་སྟེ། མ་རིག་པའི་(avidyā)རྐྱེན་གྱིས་འདུ་བྱེད་རྣམས་འདུ་བྱེད་(saṃskāra)ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་རྣམ་པར་ཤེས་པའི་(vijñāna)རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་(nāmarūpa)ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་(ṣaḍ-āyatana)གི་རྐྱེན་གྱིས་རེག་པ། རེག་པའི་(sparśa)རྐྱེན་གྱིས་ཚོར་བ། ཚོར་བའི་(vedanā)རྐྱེན་གྱིས་སྲེད་པ། སྲེད་པའི་(tṛṣṇā)རྐྱེན་གྱིས་ལེན་པ། ལེན་པའི་(upādāna)རྐྱེན་གྱིས་སྲིད་པ། སྲིད་པའི་(bhava)རྐྱེན་གྱིས་སྐྱེ་བ། སྐྱེ་བའི་(jāti)རྐྱེན་གྱིས་རྒ་ཤི་(jarāma)དང་མྱ་ངན་(śoka)དང་། སྨྲེ་སྔགས་འདོན་པ་(paridevaka)དང་སྡུག་བསྔལ་བ་(duḥkha)དང་། ཡིད་མི་བདེ་བ་(dāurmanasya)དང་འཁྲུགས་པ་(upāyāsa) རྣམས་རབ་ཏུ་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་(duḥkha-skandha)ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། ། འདི་ལྟ་སྟེ། འདི་མེད་ན་འདི་མི་འབྱུང་ལ་འདི་འགགས་ན་འདི་འགག་པར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག སྐྱེ་མཆེད་དྲུག་འགགས་པས་རིག་པ་འགག རིག་པ་འགགས་པས་ཚོར་བ་འགག ཚོར་བ་འགགས་པས་སྲེད་པ་འགག སྲེད་པ་འགགས་པས་ལེན་པ་འགགལེན་པ་འགགས་པས་སྲིད་པ་འགག སྲིད་པ་འགགས་པས་སྐྱེ་བ་འགག སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། ། ཞེས་དང་། 《འདུལ་བ་ཕྲན་ཚེགས་》(D No. 6,Tha 283a1-b4;T 1451,p.304c)ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ལ་བཀའ་སྩལ་པ། ཀ་ཏྱའི་བུ་འཇིག་རྟེན་ནི་ཕལ་ཆེར་ཡོད་པ་དང་མེད་པ་གཉིས་ལ་རྟེན་ཏོ། ། ཀ་ཏྱའི་བུ་འཇིག་རྟེན་ནི་ཕལ་ཆེར་ཕུང་པོ་དང་ཉེ་བར་ལེན་པས་རྣམ་པར་བཅིངས་ཤིང་ཡོད་པ་དང་མེད་པ་གཉིས་ལ་རྟེན་ཏོ། ། ཀ་ཏྱའི་བུ་སེམས་ཀྱི་མངོན་པར་ཞེན་པ་བག་ལ་ཉལ་དུ་འགྱུར་བ་འདི་དག་ལ་བདག་ཅེས་བྱ་བར་ཁས་མི་ལེན། ལེན་པར་མི་བྱེད། གནས་པར་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ། ། ཀ་ཏྱའི་བུ་སྐྱེ་བ་ན་སྡུག་བསྔལ་འདི་སྐྱེའོ། ། འགག་པ་ན་སྡུག་བསྔལ་འདི་འགག་གོ ། ཀ་ཏྱའི་བུ་འདི་ལ་ཁྱོད་ཡིད་གཉིས་དང་། ཐེ་ཚོམ་མེད་པར་གཞན་ལ་རག་མ་ལས་པའི་ཤེས་པ་ཁོ་ན་སྐྱེས་ན་ཀ་ཏྱའི་བུ་འདི་ཙམ་གྱིས་ན་ཡང་དག་པའི་ལྟ་བ་ཡིན་ཏེ། འདི་ཙམ་གྱིས་ན་དེ་བཞིན་གཤེགས་པས་ཡང་དག་པའི་ལྟ་བར་འདོགས་པ་ན་འདོགས་པར་མཛད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཀ་ཏྱའི་བུ་འཇིག་རྟེན་ཀུན་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ལྟ་བ་ནི་འཇིག་རྟེན་ལ་མེད་པ་གང་ཡིན་པ་དེར་མི་སེམས་སོ། ། ཀ་ཏྱའི་བུ་འཇིག་རྟེན་འགོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ལྟ་བ་ནི་འཇིག་རྟེན་ལ་ཡོད་པ་གང་ཡིན་པ་དེར་མི་སེམས་སོ། ། ཀ་ཏྱའི་བུ་དེ་བཞིན་གཤེགས་པ་ནི་མཐའ་གཉིས་པོ་དེ་དག་ལ་མི་རྟེན་པར་འཇིག་རྟེན་ལ་དབུ་མའི་ལམ་གྱིས་ཆོས་སྟོན་ཅིང་འདི་ལྟར་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་ཀྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀུན་ཏུ་འབྱུང་བར་འགྱུར་རོ། ། འདི་ལྟར་འདི་མེད་པས་འདི་མི་འབྱུང་། འདི་འགགས་པས་འདི་འགག་སྟེ། འདི་ལྟ་སྟེ་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་འགག རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག སྐྱེ་མཆེད་དྲུག་འགགས་པས་རེག་པ་འགགརེག་པ་འགགས་པས་ཚོར་བ་འགག ཚོར་བ་འགགས་པས་སྲེད་པ་འགག སྲེད་པ་འགགས་པས་ལེན་པ་འགག ལེན་པ་འགགས་པས་སྲིད་པ་འགག སྲིད་པ་འགགས་པས་སྐྱེ་བ་འགག སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ། ། ཞེས་དང་། ཐམས་ཅད་ཡོད་པར་སྨྲ་བའི་ལུང་ཞི་གནས་ལྷའི་མཛོད་འགྲེལ་《ཉེ་བར་མཁོ་བར་》ལུང་དྲངས་པ་(D No.4094, Ju 135b4-136a2)ལས། འདི་ལྟར་ཏེ། འདི་ཡོད་པས་འདི་འབྱུང་། འདི་སྐྱེ་བའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཞེས་པ་ནས། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། ། འདི་ལྟར་འདི་མེད་པས་འདི་མི་འབྱུང་། འདི་མ་སྐྱེས་པས་འདི་འགག་པར་འགྱུར་ཏེ། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ནས། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། ། ཞེས་དང་། 《སཱ་ལུ་ལྗང་པའི་མདོ་》(D No. 210, mDo-sde Tsha 116a7-b5)ལས། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་ཀྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། ། དེ་མ་རིག་འགགས་པས་འདུ་བྱེད་འགག འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག རེག་པ་འགགས་པས་ཚོར་བ་འགག ཚོར་བ་འགགས་པས་སྲེད་པ་འགག སྲེད་པ་འགགས་པས་ལེན་པ་འགག ལེན་པ་འགགས་པས་སྲིད་པ་འགགསྲིད་པ་འགགས་པས་སྐྱེ་བ་འགག སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། ། ཞེས་དང་། དེ་དག་གི་དོན་ཡང་སློབ་དཔོན་དབྱིག་གཉེན་གྱི་《རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པ་》(D No. 3995, Chi 3b5-4a3)ལས། འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དང་པོ་དབྱེ་བ་མེད་པར་འཆད་པ་ཡིན་ཏེ། ཡན་ལག་རྣམས་མི་སྒྲོགས་པའི་ཕྱིར་རོ། ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནི་ཡན་ལག་རྣམས་ཕྱེ་ནས་སྒྲོགས་པའི་ཕྱིར་རོ། ། འདིར་ནི་འདི་ཡོད་ན་ཞེས་བྱ་བ་ནི་ཡོད་པར་གྱུར་ནའོ། ། འདི་འབྱུང་བ་ནི་སྐྱེ་བའོ། ། དེ་ལྟར་ན་བདུན་པ་རྒྱུའི་(འདི་ཡོད་ན་འདི་འབྱུང་ཞེས་པའི་ན་སྒྲ་རྒྱུ་མཚན་གྱི་རྣམ་དབྱེ་བདུན་པར་འཇུག་)དོན་དུ་རིག་པར་བྱའོ། ། དཔེར་ན་ཆར་བབས་ན་ལོ་ཏོག་སྐྱེའོ། ། སད་བབས་ན་ལོ་ཏོག་འཇིག་གོ་ཞེས་བྱ་བ་ལྟ་བུ་སྟེ། འདིར་ཆར་བབས་པ་ནི་ལོ་ཏོག་སྐྱེ་བའི་རྒྱུ་ཡིན་པར་མངོན་ཞིང་། སད་བབས་པ་ནི་ལོ་ཐོག་འཇིག་པ་དེ་བཞིན་དུ་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་གཞན་འབྱུང་བའི་རྒྱུ་ཡིན་པར་མངོན་པ་ཡིན་ནོ། ། འདིས་སྐྱེས་པས་(འདིས་སྐྱེས་པས་ཞེས་པའི་སྒྲ་རྣམ་དབྱེ་ལྔ་པ་རྒྱུའི་དོན་ལ་འཇུག་)ཞེས་བྱ་བ་ནི་བྱུང་བའི་ཕྱིར་ཞེས་བྱ་བ་ཡིན་ནོ། ། འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་འབྱུང་བ་སྟེ་ཞེས་བྱ་བ་ཡིན་ནོ། ། དེ་ལྟར་ན་ལྔ་པ་རྒྱུའི་དོན་ཡིན་པར་(སྡེ་དགེ་པར་མའི་ཕྱི་མོ་ལས། དོན་མ་ཡིན་པར། ཞེས་བྱུང་ཡང་ཡི་གེ་མ་དག་པ་ཡིན་པར་མངོན། )རིག་པར་བྱའོ། ། དཔེར་ན་མེ་དང་འབྲེལ་བ་ལས་ཚོས་པར་འགྱུར་བ་དང་། ལག་པ་ལ་སོགས་བརྡབས་པ་ལས་སྒྲ་འབྱུང་བ་བཞིན་ནོ། ། ཅིའི་ཕྱིར་དང་པོ་ནི་མ་ཕྱེ་བར་བསྟན་གྱི་ཆེ་བ་ཁོ་ནས་མ་ཡིན་ཞེ་ན། མ་རིག་པ་ལ་སོགས་པའི་རྐྱེན་གྱིས་དོན་བསྟན་པའི་ཕྱིར་རོ། ། དེ་དག་གི་རྐྱེན་གྱིས་དོན་ཡང་འདི་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ཡིན་ནོ། ། རྐྱེན་གྱིས་དོན་བསྟན་པ་འདིས་ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་བསྟན་པ་ཡིན་པར་རིག་པར་བྱ། ཞེས་དང་། (D Chi 5a4-6)དེར་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དང་། མི་རྟག་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དང་། ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དོ་ཞེས་གསུངས་ཏེ། དེ་དག་ཉིད་དང་པོ་བསྟན་པ་འདིར་རབ་ཏུ་བསྟན་པ་ཡིན་ནོ་ཞེས་བརྗོད་དེ། འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ནི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཡིན་ཏེ། ཡོད་པ་ཙམ་རྐྱེན་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། ། འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་མི་རྟག་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཡིན་ཏེ། སྐྱེས་པ་རྐྱེན་ཉིད་དུ་བསྟན་པའི་ཕྱིར་རོ། ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པས་ནི་ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཡིན་ཏེ། སྔ་ཕྱིའི་ཡན་ལག་ངེས་པས་རྐྱེན་ཉིད་དུ་བསྟན་པའི་ཕྱིར་རོ། ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནི་མ་རིག་པ་དེ་རྐྱེན་ཡིན་ནོ། ། ཞེས་དང་། སེ་ར་རྗེ་བཙུན་པའི་《རྟེན་འབྲེལ་ཐལ་འཕྲེང་》(Toh. No. 6821, 2a5)ལས། དབང་ཕྱུག་སོགས་ཀྱི་བློའི་གཡོ་བ་སྔོན་དུ་བཏང་བ་མ་ཡིན་པར་དེ་རྣམས་རང་གི་རྒྱུར་གྱུར་པའི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། ། ཞེས་གསུངས་སོ། །
བཞི་པ། ཚེ་རབས་རྒྱུན་ཆགས་པའི་རྟེན་འབྲེལ་རྣམ་གཞག
དེ་ཡང་《ཡེ་ཤེས་ལ་འཇུག་པ》(阿毗达磨发智论 T 1544,p.921b16-19, ཆོས་མངོན་པའི་བསྟན་བཅོས་ཡེ་ཤེས་ལ་འཇུག་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011,Vol. 1, p. 51,4)ལས། གང་ཟག་གཅིག་སྐྱེ་བ་འདི་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལས་དུ་ཞིག་འདས་པ་དང་། དུ་ཞིག་མ་འོངས་པ་དང་། དུ་ཞིག་ད་ལྟར་བྱུང་བ་ཡིན་ཞེ་ན་། སྨྲས་པ། གཉིས་ནི་འདས་པ་ཡིན་ཏེ། མ་རིག་པ་དང་འདུ་བྱེད་དག་གོ། གཉིས་མ་འོངས་པ་ཡིན་ཏེ། སྐྱེ་བ་དང་། རྒ་ཤིའོ། ། བརྒྱད་ནི་ད་ལྟར་བྱུང་བ་ཡིན་ཏེ། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དག་གོ། ཞེས་ཚེ་སྔ་མར་མ་རིག་པ་དང་འདུ་འབྱེད། ཚེ་འདིར་རྣམ་ཤེས་ནས་སྲིད་པའི་བར་དང་། ཚེ་ཕྱི་མར་སྐྱེ་བ་དང་རྒ་ཤི་བཅས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁོར་ཚུལ་གྱི་རྣམ་གཞག་དང་སྦྱར་བའི་ཚེ་རབས་རྒྱུན་ཆགས་པའི་རྟེན་འབྲེལ་རྣམ་གཞག་ཐོག་མར་སྲོལ་ཕྱེད། དེའི་བརྒྱུད་འཛིན་བྱེ་བྲག་བཤད་པ་ཆེན་མོ་(阿毗达磨大毗婆沙论 T 1545,p.117a26-29)དང་། དེའི་དགོངས་འགྲེལ་མཛོད་རང་འགྲེལ་(D No.4090, Ku 124a3-125a4; AKBh. pp. 131,17-132, 24; T 1558, p. 48a-c)ལས། དེ་ལ་ཡན་ལག་བཅུ་གཉིས་ནི་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་། ཆ་གསུམ་ནི་སྔོན་ཀྱི་མཐའ་དང་། ཕྱི་མའི་མཐའ་དང་། བར་དག་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྐྱེ་བ་དག་ཡིན་ནོ། ། ཆ་གསུམ་པོ་འདི་དག་ཏུ་ཡན་ལག་བཅུ་གཉིས་ཇི་ལྟར་རྣམ་པར་གཞག་ཅེ་ན། སྔོན་དང་ཕྱི་མཐའི་གཉིས་གཉིས་པ། ། (AKBh. p. 131; III,20c) མ་རིག་པ་དང་། འདུ་བྱེད་རྣམས་ནི་སྔོན་གྱི་མཐར་རོ། ། སྐྱེ་བ་དང་། རྒ་ཤི་ནི་ཕྱི་མའི་མཐར་རོ། ། ལྷག་མ་བརྒྱད་ནི་བར་དུའོ། ། ཡང་ཅི་ཐམས་ཅད་ཀྱི་སྐྱེ་བ་འདི་ལ་ཡན་ལག་བརྒྱད་པོ་འདི་དག་ཡོད་དམ་ཞེ་ན། སྨྲས་པ་མ་ཡིན་ནོ། ། འོ་ན་སུ་ལ་ཡོད་ཅེ་ན། ཡོངས་རྫོགས་ལྡན་ནོ། ། འདི་ལ་ཡོངས་སུ་རྫོགས་པ་ཡོད་པས་ན་ཡོངས་སུ་རྫོགས་ལྡན་ནོ། ། འདིར་ནི་གང་ཟག་གང་ཞིག་གནས་སྐབས་ཀྱི་བྱེ་བྲག་འདི་ཐམས་ཅད་ལ་རེག་པ་དེ་ལ་དགོངས་པ་ཡིན་གྱི། གང་བར་མ་དོ་ཁོ་ནར་འཆི་བ་ཡང་མ་ཡིན་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡང་མ་ཡིན་ཏེ། འདི་ལྟར་གླེང་གཞི་ཆེན་པོའི་རྣམ་གྲངས་ཀྱི་མདོ་ལས་ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པར་མ་གྱུར་ན་ཞེས་གསུངས་པའི་ཕྱིར་འདོད་པ་ན་སྤྱོད་པའི་གང་ཟག་ཁོ་ནར་ལྡན་པ་ཡིན་ནོ། ། གང་གི་ཚེ་རྟེན་ཅིང་འབྲེལ་བར་འབྱུང་བ་སྔོན་གྱི་མཐའ་བ་དང་། ཕྱི་མའི་མཐའ་བ་ཞེས་རྣམ་པ་གཉིས་སུ་བརྗོད་པ་དེའི་ཚེ་ནི་ཚོར་བ་ལ་ཐུག་པའི་བར་ཡན་ལག་བདུན་ནི་སྔོན་གྱི་མཐའ་བ་ཡིན་ལ། ལྔ་ནི་ཕྱི་མའི་མཐའ་བ་ཡིན་ཏེ། སྔོན་དང་ཕྱི་མའི་མཐའ་དང་འབྲས་བུ་དང་རྒྱུ་དང་བཅས་པ་དག་སྨོས་པའི་ཕྱིར་རོ། ། ཡང་མ་རིག་པ་ལ་སོགས་པ་འདི་དག་གང་ཡིན་ཞེ་ན། མ་རིག་ཉོན་མོངས་སྔོན་གནས་སྐབས། ། (AKBh. pp. 131-132; III,21a)ཚེ་སྔ་མ་ལ་ཉོན་མོངས་པའི་གནས་སྐབས་གང་ཡིན་དེ་ནི་འདི་ལ་མ་རིག་པ་ཞེས་བྱ་སྟེ། ལྷག་ཅིག་སྤྱོད་པའི་ཕྱིར་དང་། དེའི་དབང་གིས་དེ་དག་ཀུན་ཏུ་འབྱུང་བའི་ཕྱིར་རྒྱལ་པོ་གཤེགས་སོ་ཞེས་བྱས་ན་དེའི་ཞ་འབྲིང་བ་ཡང་འོང་བར་འགྲུབ་པ་བཞིན་ནོ། ། འདུ་བྱེད་དག་ནི་སྔོན་ལས་ཀྱི། ། (AKBh. pp. 131-132; III,21b) གནས་སྐབས་ཞེས་བྱ་བར་སྦྱར་ཏེ། ཚེ་སྔ་མ་ལ་བསོད་ནམས་ལ་སོགས་པའི་ལས་ཀྱི་གནས་སྐབས་གང་ཡིན་པ་དེ་ནི་འདི་ལ་འདུ་བྱེད་རྣམས་ཞེས་བྱ་སྟེ། ལས་གང་གིས་འདིར་རྣམ་པར་སྨིན་པའོ། ། རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། ། (AKBh. pp. 131-132; III,21c)མའི་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་པ་མ་ལ་ཕུང་པོ་ལྔ་ནི་རྣམ་པར་ཤེས་པ་ཡིན་ནོ། ། མིང་དང་གཟུགས་ནི་དེ་ཕན་ཆད། ། སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། ། (AKBh. pp. 132; III,21d-22a)མཚམས་སྦྱོར་བའི་སེམས་ཕན་ཆད་ནས་ཇི་སྲིད་དུ་སྐྱེ་མཆེད་དྲུག་མ་དོད་ཀྱི་བར་གྱི་གནས་ནི་མིང་གཟུགས་ཞེས་བྱའོ། ། སྐྱེ་མཆེད་བཞི་དོད་ཚུན་ཆད་དོ་ཞེས་བརྗོད་པར་བྱ་བ་ཡིན་པ་ལས་སྐྱེ་མཆེད་དྲུག་ཅེས་བརྗོད་པ་ནི་དེའི་ཚེ་དེ་རྣམ་པར་འཇོག་པའི་ཕྱིར་རོ། ། དེ་ནི་གསུམ་འདུས་ཚུན་ཆད་དོ། ། (AKBh. p. 132; III,22b)སྐྱེ་མཆེད་དྲུག་དོད་ནས་ཇི་སྲིད་དུ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་དང་གསུམ་མ་འདུས་པ་དེ་སྲིད་ཀྱི་གནས་སྐབས་དེ་ནི་སྐྱེ་མཆེད་དྲུག་ཅེས་བྱའོ་ཞེས་རེག་པ་བདེ་སྡུག་ལ་སོགས་ཀྱི་རྒྱུ་ཤེས་ནུས་པ་ཚུན་ཆད་དོ། ། རེག་པ་ནི་གསུམ་འདུས་ཏེ་དེ་སྲིད་དུ་ཚོར་བ་གསུམ་གྱི་རྒྱུ་ཡོངས་སུ་གཅོད་པར་མ་ནུས་པའི་གནས་སྐབས་དེ་ནི་རེག་པ་ཞེས་བྱའོ། ། ཡོངས་སུ་གཅོད་ནུས་ནས་ནི། ཚོར་འཁྲིག་ཚུན་ཆད། ཚོར་བའི་གནས་སྐབས་ནི་ཇི་སྲིད་དུ་འཁྲིག་པའི་འདོད་ཆགས་ཀུན་ཏུ་མི་སྤྱོད་པའི་བར་རོ། ། སྲེད་པ་ནི། ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱི། འདོད་པའི་ཡོན་ཏན་དང་། འཁྲིག་པའི་འདོད་ཆགས་ཀུན་ཏ་སོད་པའི་གནས་སྐབས་ཇི་སྲིད་དུ་ཡུལ་ཡོངས་སུ་ཚོལ་བ་ལ་མ་ཞུགས་པ་ནི་སྲིད་པ་ཞེས་བྱའོ། ། ཉེ་བར་ལེན་པ་ལོངས་སྤྱོད་རྣམས། ། ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། ། (AKBh.p. 132; III,23cd)གནས་སྐབས་གང་དུ་ཡུལ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་ཚོལ་བ་ལ་ཞུགས་ནས་ཐམས་ཅད་དུ་རྒྱུག་པ་དེ་ནི་ལེན་པ་ཞེས་བྱའོ། ། དེ་ལྟར་ཡོངས་སུ་རྒྱུག་པ་ན། ། དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། ། ལས་བྱེད་དེ་ནི་སྲིད་པ་ཡིན། ། (AKBh. p. 132; III,24ab)དེ་ཡུལ་རྣམས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་རྒྱུག་པ་ན་ཡང་སྲིད་པ་ལ་སོགས་པ་དེ་ནི་དེའི་སྲིད་པ་ཡིན་ནོ། ། ལས་དེས་ཡང་འདི་ནས་ཤི་འཕོས་ནས་ཚེ་ཕྱི་མ་ཉིང་མཚམས་སྦྱོར་བར་འགྱུར་ཏེ། ཉིང་མཚམས་སྦྱོར་བ་དེ་ནི་སྐྱེ་བ་ཡིན། འདི་ལ་རྣམ་པར་ཤེས་པའི་ཡན་ལག་གང་ཡིན་པ་དེ་ནི་ཚེ་གཞན་དུ་སྐྱེ་བ་ཡི་ནོ། ། དེ་ཕན་ཆད་ཚོར་བའི་བར་ནི་རྒ་ཤི་ཡིན། སྐྱེ་བ་ཕན་ཆད་ཚོར་བའི་གནས་སྐབས་གྱི་བར་ནི་རྒ་ཤི་སྟེ། འདི་ལ་ཡན་ལག་བཞི་པོ་མིང་གཟུགས་དང་སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་གང་དག་ཡིན་པ་དེ་དག་ཉིད་གཞན་དག་ཏུ་རྒ་ཤི་ཡིན་ནོ། ། ཞེས་གསལ་བ་བཞིན། ལོ་ཙཱ་བ་ཆེན་པོ་སྡེ་སྣོད་གསུམ་པ་གཞོན་ནུའི་སྲོག་(KumŒārajīva 344-413)གི་《ཤེར་ཕྱིན་མན་ངག་》(大智度论 T 1509, Vol. 25,p.100b)དུའང་གསལ། ཡང་སྙིང་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྐྱེ་བ་སྔ་ཕྱི་ད་ལྟ་བ་བཅས་ཆ་གསུམ་དུ་དབྱེ་ཞིབ་སྒོ་ནས་འཁོར་བར་འཁོར་ཚུལ་ལྟ་གྲུབ་འདི་ནི་ཁ་ཆེ་བྱེ་བྲག་སྨྲ་བའི་གཞུང་ཡེ་ཤེས་ལ་འཇུག་པས་སྲོལ་ཕྱེ་བའི་སྔོན་མེད་ཀྱི་ལེགས་བཤད་ཅིག་ཡིན་པར་མ་ཟད་དེ་རྗེས་དབུ་མ་པ་དང་སེམས་ཙམ་པ་སོགས་ནང་པ་སྤྱི་ཡོངས་ལ་ཤུགས་རྐྱེན་བསམ་ཡུལ་ལས་འདས་པ་ཞིག་ཐེབས་ཡོད། ཆ་གསུམ་དུ་དབྱེ་ཞིབ་འགྲེལ་བརྗོད་ནི་མཆིམས་མཛོད་གནས་གསུམ་པར་(142b5-145b4)གསལ་ལོ། །
ལྔ་པ། རྐྱེན་འདི་དང་ལྡན་པ་ཉིད་ཅེས་པའི་རྟེན་འབྲེལ།
རྐྱེན་འདི་དང་ལྡན་པ་ཉིད་(idappaccayatā pāliidaṃpratyayatŒā skt.)ཅེས་པའི་ཆོས་སྐད་འདི་པཱ་ལིའི་ལུང་སྡེ་ལྔ་རུ་ཡང་དག་ལྡན་པའི་སྡེའི་པོད་དང་པོར་(SN. I, p.136)ལན་གཅིག པོད་གཉིས་པར་(SN. II, pp. 25f.)ལན་གཉིས། རིང་མོའི་སྡེར་(DN. II, p. 36)ལན་གཅིག བར་མའི་སྡེར་(MN. I, p. 167)ལན་གཅིག་བཅས་ལན་ལྔ་གསལ་བའི་ནང་ནས་ཡང་དག་ལྡན་པའི་སྡེའི་པོད་གཉིས་པའི་མདོ་ཚན་མ་གཏོགས་མདོ་ཚན་གཞན་རྣམས་བརྗོད་པ་གཅིག་པ་གཅིག་རྐྱང་འདུག པཱ་ལིའི་འདུལ་བར་(Vinaya, Vol. I, p. 5)ལན་གཅིག་བཅས་ཁྱོན་བསྡོམས་ལན་དྲུག་གསལ། དེ་དག་ཐམས་ཅད་ཚིག་ལྷུག་གི་སྐབས་ཁོ་ནར་གསལ་བ་ལས་ཚིགས་བཅད་སྐབས་སུ་མི་གསལ།
ཆོས་སྐད་འདི་ཕྱིས་སུ་དར་བའི་དབུ་མ་པས་ཀྱང་གལ་པོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་བརྒྱ་ཚར་དཔེ་བཞིན་དགོངས་པ་ཟབ་བཞེས་རྒྱུན་སྐྱོང་གནང་འདུག དཔེར་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་《ཤེས་རབ་སྒྲོན་མེ་》(D No.3853, Tsha 46b2-6)ལས། རྟེན་ཅིང་འབྲེལ་བར་འབྱུང་ཞེས་བྱ་བ་ལ། ཁ་ཅིག་ན་རེ་རྟེན་ཅིང་ཞེས་བྱ་བའི་ཚིག་གི་ཕྲད་ནི་ཟློས་པའི་དོན་ཡིན་པའི་ཕྱིར་དང་། འབྲེལ་བར་ཞེས་བྱ་བ་ནི་ཕྲད་པའི་དོན་ཡིན་པའི་ཕྱིར་དང་། འབྱུང་བ་ཞེས་བྱ་བའི་སྒྲ་ནི་སྐྱེ་བའི་དོན་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། དེ་དང་དེ་ལ་རྟེན་ཅིང་ཕྲད་ནས་འབྱུང་བའོ་ཞེའོ། ། གཞན་དག་ན་རེ་སོ་སོ་འཇིག་པ་དང་ལྡན་པ་རྣམས་ཀྱི་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ་ཞེའོ། ། གཞན་མ་ཡིན་པ་ནི་དེ་ཡང་མི་རུང་སྟེ། མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་གསུངས་པ་འདི་ལ་དོན་གཉི་ག་མེད་པའི་ཕྱིར་རོ། ། འོ་ན་གང་ཡིན་ཞེ་ན། འདི་ཡོད་ན་འདི་འབྱུང་ལ་འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ་ཞེས་བྱ་བ་རྐྱེན་འདི་དང་ལྡན་པ་ཉིད་ཀྱི་དོན་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ་ཞེས་ཟེར་རོ། ། ཞེས་དང་། སློབ་དཔོན་ཟླ་བ་གྲགས་པའི་《ཚིག་གསལ་》(D No.3860, Ḥa64a2-5; Prasp. p.189,1-9)ལས་ཀྱང་། དེའི་ཕྱིར་དེ་ལྟར་དངོས་པོ་རང་བཞིན་མེད་པ་རྣམས་ལ་ཇི་སྐད་སྨྲས་པའི་རྣམ་པ་འགྲུབ་པ་ག་ལ་ཡོད། དེའི་ཕྱིར། དངོས་པོ་ཀུན་རྫོབ་པ་སྨིག་རྒྱུའི་ཆུ་དང་མཚུངས་པ་རྣམས་ནི་འཇིག་རྟེན་པའི་ཕྱིན་ཅི་ལོག་ཁས་བླངས་ནས་རྐྱེན་དེ་ཉིད་འདི་པ་ཙམ་(idaṃpratyayat āmātra)དུ་ཁས་བླངས་པ་ཁོ་ནས་གྲུབ་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བཤད་པ་(ཚིག་གསལ་[D Ḥa 84a3-4; Prasp. p.189, 4-5;T No.1564, p.13a;རྩ་ཤེ་VIII,12])བྱེད་པོ་ལས་ལ་བརྟེན་བྱས་ཤིང་། ། ལས་ཀྱང་བྱེད་པོ་དེ་ཉིད་ལ། ། བརྟེན་ནས་འབྱུང་བ་མ་གཏོགས་པ། ། གྲུབ་པའི་རྒྱུ་ནི་མ་མཐོང་ངོ་། ། ⑨འདིར་ནི་བྱེད་ཅིང་ལས་ལ་ལྟོས་པ་མེད་པ་ནི་བྱེད་པ་པོ་ཉིད་མ་ཡིན་པའི་ཕྱིར། བྱེད་པ་པོའི་བྱེད་པ་པོ་ཉིད་ནི་ལས་ལ་ལྟོས་ནས་ཡིན་ཞིང་། བྱེད་པ་པོས་བྱེད་བཞིན་པ་མ་ཡིན་པ་ནི་འགའ་ཡང་ལས་ཉིད་དུ་མི་འགྱུར་བས་བྱེད་བཞིན་པ་ཉིད་ལས་སུ་བརྗོད་པའི་ཕྱིར་ལས་ཀྱང་བྱེད་པ་པོ་དེ་ཉིད་ལ་བརྟེན་ནས་བྱུང་བ་ཡིན་ནོ། ། ཞེས་སོགས་ཀྱིས་མཚོན་ཇེ་ཟབ་ཏུ་འཕེལ་རྒྱས་ཕྱིན་ནོ། །
དྲུག་པ། སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་འཆར་ཚུལ་རྣམ་གཞག
《རྩ་ཤེ་》(《ཚིག་གསལ》[D Ḥa 167a5-6; Prasp. p. 503,10-11;T No. 1564, p. 33b; XXIV,18])ལས། རྟེན་ཅིང་འབྲེལ་བར་འབྱུང་བ་(pratīyasamutpāda)གང་། ། དེ་ནི་སྟོང་པ་ཉིད་(śūnyatā)དུ་བཤད། ། དེ་ནི་བརྟེན་ནས་གདགས་པ་(upādāya prajñapti)སྟེ། ། དེ་ཉིད་དབུ་མའི་ལམ་(madhyamā pratipad)ཡིན་ནོ། ། ཞེས་པའི་ནང་དོན་ནི་རྟེན་འབྲེལ་གྱི་ལྟ་གྲུབ་འཕེལ་རྒྱས་གཏིང་ཟབ་མོ་ཞིག་ཏུ་སླེབ་པའི་གྲུབ་འབྲས་ཡིན་པས་ཅུང་ཟད་ཞིབ་ཙམ་འཆད་འདོད་ཡོད། དེ་ཡང་《ཚིག་གསལ་》(D Ḥa 167a5)བོད་འགྱུར་གོང་དང་འདྲ་བ་གང་ཞིག་ལ། 《ག་ལས་འཇིགས་མེད་》(D No. 3829,Tsa 89a7)དང་། 《སངས་རྒྱས་བསྐྱངས་》 (Tsa 271a6)དང་། 《ཤེས་རབ་སྒྲོན་མ་》(Tsha 230b1)ལས། རྟེན་ཅིང་འབྲེལ་བྱུང་གང་ཡིན་པ། ། ཞེས་འགྱུར་ཅུང་མི་འདྲ། 《ཚིག་གསལ་》དུ་བཞུགས་པའི་ལེགས་སྦྱར་ཕྱི་མོ་ཙམ་ལས་རྩ་ཤེའི་ལེགས་སྦྱར་ཕྱི་མོ་དེ་སྔ་མ་བཞུགས་ཀྱང་དེང་སྐབས་《སངས་རྒྱས་བསྐྱངས་》ཀྱི་ལེགས་སྦྱར་ཕྱི་མོ་མི་ཉུང་བ་ཞིག་བོད་ནས་རྙེད་ནས་རྒྱ་ནག་ཏུ་པར་སྐྲུན་གནང་བར་བརྟེན་འགྱུར་མི་མཐུན་པའི་སྐོར་ལ་དེང་རབས་ཀྱི་མཁས་པ་ཚོས་ཀྱང་རང་བློས་གང་དཔོག་ཏུ་བཟུང་སྟེ་དཔྱད་པ་བྱེད་ཀྱི་ཡོད་པར་མ་ཟད་འཇམ་མགོན་ཙོང་ཁ་པས་《རྩ་ཤེ་ཊཱི་ཆེན་》(Ba 220a2-5)དུའང་གལ་ཆེར་དཔྱད་ཞིབ་མཛད་ཡོད།
གོང་གི་ཚིགས་བཅད་ཀྱི་ཐད་ཀྱི་《ཚིག་གསལ་》(D167b5-6; Prasp. p. 504,14)ལས། དེའི་ཕྱིར་དེ་ལྟར་ན་སྟོང་པ་ཉིད་དང་། བརྟེན་ནས་གདགས་པ་དང་། དབུ་མའི་ལམ་ཞེས་བྱ་བ་འདི་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་མིང་གི་བྱེ་བྲག་ཡིན་ནོ། ། ཞེས་དང་། 《རྩ་ཤེ་ཊཱིཀ་ཆེན་》(Toh. No. 5401, Ba 250a6-251a4)ལས། གལ་ཏེ་རང་བཞིན་གྱི་གྲུབ་པས་སྟོང་པའི་དོན་རྟེན་འབྱུང་གི་དོན་ཡིན་ནོ་ཞེས་མང་དུ་གསུངས་ན་འདིའི་དོན་གང་ཡིན། ཇི་ལྟར་ལྟོ་ལྡིར་བ་བུམ་པའི་དོན་དུ་འཇོག་པ་ལྟ་བུའི་དོན་ཡིན་ན་ནི། འབྲས་བུ་རྣམས་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་ངེས་པའི་བློ་དེ་ཉིད་ཀྱིས་སྟོང་པའི་དོན་ཡང་ངེས་པར་འགྱུར་བས་མི་རིགས་སོ། ། འོན་ཏེ་རྟེན་འབྲེལ་རྗོད་བྱེད་ཀྱི་སྒྲའི་དོན་ཉིད་སྟོང་པའི་དོན་དུ་འདོད་ནའང་གནོད་པ་དེ་ཉིད་ཡོད་དོ། ། ཅི་སྟེ་རྟེན་འབྲེལ་དངོས་སུ་ངེས་པའི་ཤུགས་ཀྱི་དོན་ལ་འདོད་ནའང་སྔར་ལྟར་མི་འཐད་པས་འདིའི་དོན་གང་ཡིན་སྙམ་ན་དེ་ལྟར་མི་འདོད་དོ། ། འོ་ན་ཇི་ལྟར་འཇོག་སྙམ་ན། སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་འགྲོ་བ་ནི་རང་བཞིན་གྱིས་གྲུབ་པ་ཚད་མས་ཁེགས་པའི་དབུ་མ་པ་རྣམས་ལ་ཡིན་གྱི་གཞན་ལ་མིན་ནོ། ། [བསྟན་དར་ལྷ་རམས་པའི་《རྟེན་འབྲེལ་བསྟོད་པའི་དཀའ་གནས་ལས་བརྩམས་པའི་དོན་འགྲེལ་》[Da12a1-2]ལས། དེ་དག་གི་དོན་མདོར་བསྡུ་ན་སྟོང་པ་ངེས་པའི་བློ་དང་རྟེན་འབྱུང་ངེས་པའི་བློ་གཉིས་ཕན་ཚུན་གཅིག་གིས་ཅིག་ཤོས་ལ་ངེས་པ་འདྲེན་པ་དང་། ངེས་པ་དེ་ཡང་བློ་གཞན་ལ་ལྟོས་མེད་དུ་རང་སྟོབས་ཀྱིས་འདྲེན་པ་སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པའི་དོན་དུ་ངེས་ཚུལ་དུ་གསུངས་པར་སྣང་ལ། ]དེ་འདྲ་བའི་དབུ་མ་པ་ལ་ནི་ཕྱི་ནང་གི་དངོས་པོ་རྣམས་རྒྱུ་ལ་རག་ལས་པའི་རྟེན་འབྱུང་དུ་དངོས་སུ་ངེས་པ་ན། བློ་དེ་ཉིད་ཀྱི་མཐུ་ལ་བརྟེན་ནས་རང་བཞིན་གྱི་ཡོད་པས་སྟོང་པའི་དོན་དུ་ངེས་པར་འགྱུར་རོ། ། རང་བཞིན་གྱིས་གྲུབ་པ་གཞན་ལ་ལྟོས་པ་མེད་པར་རྟོགས་ཤིང་དེ་དང་རྟེན་འབྱུང་གཉིས་འགལ་བར་ཚད་མས་རྟོགས་པའི་ཕྱིར་རོ། ། དེས་ན་རྟེན་འབྱུང་ཉིད་ཀྱིས་རང་བཞིན་གྱིས་ཡོད་པ་ཁེགས་པའི་སྟོང་ཉིད་ལ་ངེས་པ་རྙེད་པས་ནི། ནམ་མྱུ་གུ་ལ་སོགས་པ་རྒྱུ་རྐྱེན་ལ་ལྟོས་པར་མཐོང་བ་དང་ཐོས་པ་དང་དྲན་པའི་མོད་ལ་རྒྱུ་མཚན་དེ་ཉིད་ཀྱིས་རང་བཞིན་མེད་པ་ཡིན་པའི་ཚུལ་སེམས་པ་ལ་གོམས་པར་བྱའོ། །
དེ་ལྟར་བྱས་ན་ཚེ་རབས་གཞན་དུ་རང་བཞིན་མེད་པའི་སྟོང་པ་དངོས་སུ་མ་བཤད་ཀྱང་རྟེན་འབྱུང་གི་ཆོས་བཤད་པ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ལྟ་བའི་བག་ཆགས་སད་པར་འགྱུར་ཏེ། རྟ་ཐུལ་གྱིས་ཀུན་ཏུ་རྒྱུ་ཉེ་རྒྱལ་(འཕགས་པ་ཤཱ་རིའི་བུ་)ལ་བདེན་པ་བཞིའི་རྟེན་འབྲེལ་ཙམ་ཞིག་བཤད་པས་དེ་ཁོ་ན་ཉིད་རྟོགས་པ་བཞིན་ནོ། ། རང་བཞིན་མེད་པའི་སྟོང་པ་དེ་ནི་བརྟེན་ནས་གདགས་པར་བཞག་སྟེ། འཁོར་ལོ་ལ་སོགས་པ་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་འདོགས་ལ། རང་གི་ཡན་ལག་ལ་བརྟེན་ནས་བཏགས་པ་ནི་རང་བཞིན་གྱིས་མ་སྐྱེས་པའི་སྟོང་པའོ། ། རང་བཞིན་གྱིས་མ་སྐྱེས་པའི་སྟོང་པ་ཉིད་དེ་ནི་ཡོད་མེད་ཀྱི་མཐའ་གཉིས་སྤངས་པས་དབུ་མ་དང་དེའི་ལམ་སྟེ་དབུ་མ་པས་བགྲོད་པའི་ཤུལ་ཡིན་ནོ། ། དེ་བཞིན་དུ་《རྩོད་ཟློག་》(D No. 3828, Tsa 29a6;k. 71)ལས་ཀྱང་། ⑩གང་གིས་[ཞིག་]སྟོང་དང་རྟེན་འབྱུང་དང་། ། དབུ་མའི་ལམ་དུ་དོན་གཅིག་པར། ། གསུངས་མཆོག་མཚུངས་པ་མེད་པ་ཡི། ། སངས་རྒྱས་དེ་ལ་ཕྱག་འཚལ་ལོ། ། ཞེས་དེ་གསུམ་རྣམ་གྲངས་པར་གསུངས་སོ། ། ཞེས་དང་། གཞན་ཡང་《ཚིག་གསལ་》(D Ḥa 74b2-3; Prasp. p. 214,13)ལས། གང་དག་བདག་དང་དངོས་པོ་རྣམས་དེ་དང་བཅས་པ་ཉིད་དུ་སྨྲ་བ་དེ་དག་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་མཆོག་ཏུ་ཟབ་པ་རྟག་པ་དང་ཆད་པ་དང་བྲལ་བ་བརྟེན་ནས་གདགས་པའི་མིང་ཅན་གྱི་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་ནོ། ། ཞེས་རྟེན་འབྲེལ་དང་བརྟེན་གདགས་པ་དོན་གཅིག་པར་གསུངས།
དེ་བཞིན་《དྲང་ངེས་ལེགས་བཤད་སྙིང་པོ་》(Toh. No.5396, Pha 103b5-104a1)ལས། ཕུང་པོ་ལ་བརྟེན་ནས་བཏགས་པ་ཉིད་ཀྱིས་བདུན་པོ་དེར་གང་ཟག་མི་རྙེད་པ་གང་ཟག་གི་བདག་མེད་ཀྱི་དོན་ཡིན་པས་རྟེན་འབྱུང་གི་རིགས་པ་ལ་ཐུག་གོ། དེ་ལྟར་ན་བརྟེན་ནས་སྐྱེ་བ་དང་བརྟེན་ནས་བཏགས་པའི་གཏན་ཚིགས་ཀྱིས་རང་ལས་སྐྱེ་བ་ལ་སོགས་པ་བཞི་དང་རང་བཞིན་གཅིག་དང་ཐ་དད་ལ་སོགས་པ་བདུན་ཆོས་དང་གང་ཟག་ལ་འགོག་པ་འདི་ཉིད་རིགས་པ་རྣམས་ཀྱི་དོན་པོར་ཟུངས་ཤིག ཅེས་དང་། 《ལམ་རིམ་འབྲིང་པོ་》(Toh. No. 5393, Pha 172a4)ལས། རྟེན་འབྱུང་གི་གཏན་ཚིགས་ཀྱི་རྣམ་གཞག་གཉིས་སོ། ། བརྟེན་ནས་སྐྱེས་པ་དང་བརྟེན་ནས་བཏགས་པ་ཡིན། ཞེས་སོགས་ཀྱིས་མཚོན་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པའི་ལེགས་བཤད་ཁག་ཏུ་གཅིག་རྗེས་གཉིས་མཐུད་ཀྱིས་རླབས་ཆེན་རྟེན་འབྲེལ་རྣམ་གཞག་ལུང་རིགས་ཀྱིས་ཤིན་ཏུ་ཟབ་ཅིང་རྒྱས་པར་གཏན་ལ་ཕབ་པ་འདི་ནི། རྟེན་འབྲེལ་རྣམ་གཞག་ཇེ་ཟབ་ཏུ་ཕྱིན་ནས་འཕེལ་རྒྱས་མཐའ་ཐུག་དཔེར་ན་རི་འཛེག་པ་རི་རྒྱལ་ཇོ་མོ་གླང་མའི་གངས་རྩེར་སླེབ་པའི་གྲུབ་འབྲས་དང་འདྲ་བས་འདིར་དེ་ཙམ་མོ། །
བདུན་པ། ཐ་སྙད་རྣམ་འཇོག་གི་རྟེན་འབྲེལ།
དེ་ཡང་དབུ་མ་《འཇུག་པའི་རང་འགྲེལ་》(D No.3862, Ḥa 290b3-291a4)ལས། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཀྱི་བརྡ་(dharmasaṃketa)ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། དེ་བཞིན་དུ་(《རིན་འཕྲེང་》[D No. 4158, sPriṅ-yig Ge 108b5; RV. p. 20,9; I,48])འདི་ཡོད་པས་ན་འདི་འབྱུང་དཔེར། ། རིང་པོ་ཡོད་ན་ཐུང་ངུ་བཞིན། ། འདི་སྐྱེས་པས་ན་འདི་སྐྱེ་དཔེར། ། མར་མེ་འབྱུང་བས་འོད་བཞིན་ནོ། ། ཞེས་བྱ་བ་དང་། 《བསྟན་བཅོས་》(《ཚིག་གསལ་》[D Ḥa 64a3-b3; Prasp. p.189,4-12;T No.1564, p.13a;VIII,12-13])ལས་ཀྱང་། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། ། ལས་ཀྱང་བྱེད་པོ་དེ་ཉིད་ལ། ། བརྟེན་ནས་འབྱུང་བ་མ་གཏོགས་པ། ། གྲུབ་པའི་རྒྱུ་ནི་མ་མཐོང་ངོ་། ། དེ་བཞིན་ཉེར་ལེན་ཤེས་པར་བྱ། ། ལས་དང་བྱེད་པོ་བསལ་ཕྱིར་རོ། ། བྱེད་པ་པོ་དང་ལས་དག་གིས། ། དངོས་པོ་ལྷག་མ་ཤེས་པར་བྱ། ། ཞེས་བྱ་བ་འདི་ཙམ་ཞིག་ཁོ་ན་གསུངས་སོ། ། དེ་ལྟར་རྐྱེན་ཉིད་འདི་པ་ཙམ་(idaṃpratyayatāmātra)གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་པ་ན། རྒྱུ་མེད་པ་ལས་སྐྱེ་བ་ལ་སོགས་པའི་རྟོག་པ་འདི་དག་མི་སྲིད་པ་འགའ་ཞིག་ཏུ་མ་ཟད་ཀྱི། རྟག་པ་དང་ཆད་པ་དང་རྟག་པ་དང་མི་རྟག་པ་དང་དངོས་པོ་དང་དངོས་པོ་མེད་པ་གཉིས་ལ་སོགས་པ་རྟོག་པ་གཞན་དག་ཀྱང་མི་སྲིད་པ་ཉིད་དོ། ། ཞེས་བསྟན་པའི་ཕྱིར་བཤད་པ། (《དབུ་མ་འཇུག་པ་》MDa. p.18;VI,115)གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། ། རྟོགས་པ་ཉིད་དག་བརྟག་པར་མི་ནུས་པ། ། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། ། ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། ། གང་ཕྱིར་འདི་ལ་བརྟེན་ནས་འདི་འབྱུང་ངོ་ཞེས་བྱ་བའི་རིགས་པས་འདི་ཙམ་ཞིག་གིས་དངོས་པོ་ཀུན་རྫོབ་པ་རྣམས་ཀྱིས་བདག་གི་དངོས་པོ་ཡོད་པ་འཐོབ་ཀྱི་གཞན་དུ་མ་ཡིན་པ་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་གྱི་རིགས་པ་འདིས་ཇི་སྐད་བཤད་པའི་ལྟ་བ་ངན་པའི་དྲ་བ་མཐའ་དག་གཅོད་པ་ཡིན་ནོ། ། འདི་ལྟར་རྐྱེན་ཉིད་འདི་པ་ཙམ་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དུ་རྣམ་པར་འཇོག་པས་དངོས་པོ་འགའ་ཡང་རང་བཞིན་ཁས་མི་བླངས་ཏེ། ། འདི་སྐད་དུ། དེ་དང་དེ་རྟེན་གང་འབྱུང་བ། ། རང་གི་ངོ་བོར་དེ་མ་སྐྱེས། ། རང་གི་ངོ་བོར་མ་སྐྱེས་གང་། ། དེས་ནི་སྐྱེས་ཞེས་ཇི་སྐད་བྱ། ། ཞེས་བྱ་བ་དང་། དེ་བཞིན་དུ། (《ཚིག་གསལ་》[D Ḥa 167a5-6; Prasp.p.503,10-11;T No. 1564, p. 33b; XXIV,18])རྟེན་ཅིང་འབྲེལ་བར་འབྱུང་བ་གང་། ། དེ་ནི་སྟོང་པ་ཉིད་དུ་བཤད། ། དེ་ནི་རྒྱུར་བཅས་གདགས་པ་སྟེ། ། དེ་ཉིད་དབུ་མའི་ལམ་ཡིན་ནོ། ། ཞེས་གསུངས་སོ། ། མདོ་(《མ་དྲོས་ཞུས་པ་》[D No.156, Pha 230b2-3; T 635, p. 497b3-4] མདོ་དངོས་དང་ཚིག་ཅུང་མི་མཐུན། 《ཚིག་གསལ་》[D Ḥa 81b3-4, 167a7-b1;Prasp., p.239,10-13, p. 504, 1-4])ལས་ཀྱང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། ། དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། ། རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། ། གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། ། ཞེས་གསུངས་སོ། ། ཞེས་དང་། 《དབུ་མ་དགོངས་པ་རབ་གསལ་》(Toh. No.5408, Ma 191b6-192a5)ལས་ཀྱང་། བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བར་འགྱུར་བ་མིན་པ་དེའི་ཕྱིར་རྒྱུ་དང་རྐྱེན་འདི་བརྟེན་ནས་འབྲས་བུ་འདི་རབ་ཏུ་སྐྱེ་བར་འགྱུར་བ་ཞིག་སྟེ། མཐའ་བཞིའི་སྐྱེ་བ་སྤངས་པ་དེ་ཙམ་ཞིག་ལ་འཇིག་རྟེན་གྱི་རྒྱུ་འབྲས་ཀྱི་ཐ་སྙད་མི་བཅད་པའི་དོན་དུ་རྟེན་ནོ། ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཞེས་པ་ནས་འདི་ཙམ་ཞིག་ཁོ་ན་གསུངས་ཀྱི་མཐའ་བཞིའི་སྐྱེ་བ་མ་གསུངས་སོ། ། དེ་ལྟར་རྒྱལ་བས་རྐྱེན་ཉིད་འདི་པ་ཙམ་གྱི་སྐྱེ་བ་གསུངས་པ་བཞིན་དུ། འཕགས་པས་ཀྱང་དེ་ལྟར་མཛད་ཅིང་། ཁྱད་པར་དུ་བྱེད་པ་པོ་ལས་ལ་བརྟེན་པ་སོགས་ཀྱི་ལྟོས་བྱུང་གི་རྟེན་འབྲེལ་བཞེད་པས། ཞེས་གསུངས།
གོང་གི་《རིན་འཕྲེང་》གི་ཐད་ཀྱི་རྒྱལ་ཚབ་རྗེའི་《རིན་ཆེན་ཕྲེང་བའི་དར་ཊཱིཀ་》(Toh. No. 5427, Ka 15a2-5)ལས། རྒྱུ་འབྲས་ནི་ཐ་སྙད་དུ་ཕན་ཚུན་ལྟོས་ནས་(parasparāpekśayā)རྣམ་པར་བཞག་པ་ཙམ་ཡིན་གྱི་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་དེ། མ་རིག་པ་འདི་ཡོད་པས་ན་འདུ་བྱེད་འདི་འབྱུང་སྟེ། དཔེར་ན་རིང་པོ་ཡོད་པས་ཐུང་ངུ་བཞིན། ཞེས་བདུན་པའི་སྒྲ་དང་། མ་རིག་པ་འདི་སྐྱེས་པས་ན་འདུ་བྱེད་འདི་སྐྱེ་སྟེ། དཔེར་ན་མར་མེ་འབྱུང་བའི་འོད་བཞིན་ནོ། ། ཞེས་ལྔ་པའི་སྒྲ་གཉིས་ཀྱི་རྟེན་འབྲེལ་བརྟེན་ནས་བཏགས་པ་དང་བརྟེན་ནས་སྐྱེས་པ་ཉིད་ཀྱིས་རང་གི་ངོ་བོས་མ་གྲུབ་པར་བསྟན་ཏོ། ། རང་གི་ངོ་བོ་ལས་ཡོད་པ་མིན་ཏེ། རིང་པོ་ཡོད་ན་ཐུང་ངུ་ཉིད་འབྱུང་ལ། ཐུང་ངུ་ཡོད་ན་རིང་པོ་ཉིད་འབྱུང་བས་ཕན་ཚུན་ལྟོས་པའི་ཕྱིར་རོ། ། ཞེས་གསལ། གང་ལྟར་ཆོས་གང་དང་གང་ཡིན་ཀྱང་དེ་དང་དེའི་ཆ་ཤས་ལ་བརྟེན་ནས་གྲུབ་པའི་རྒྱུ་མཚན་གྱིས་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པའི་ལྟ་གྲུབ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་སྲོལ་ཕྱེ་བའི་དབུ་མ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བླ་ན་མེད་པ་དེ་ཡིན་ཏེ། སེ་ར་རྗེ་བཙུན་པའི་《རྟེན་འབྲེལ་སྤྱི་དོན་》(3b4-5)ལས། རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ། རྟེན་འབྲེལ་གྱི་མཚན་ཉིད་ཡིན། གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་སྟེ། གཞི་གྲུབ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་ཁྱབ་པའི་ཕྱིར། 《རྩ་ཤེ་》(《ཚིག་གསལ་》[D Ḥa 167b6; Prasp. p.505,2-3;T No. 1564, p. 33b; XXIV,19] )ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། ། ཆོས་འགའ་ཡོད་པ་མ་ཡིན་པ། ། དེ་ཕྱིར་སྟོང་པ་མ་ཡིན་པའི། ། ཆོས་འགའ་ཡོད་པ་མ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར། ཞེས་གསུངས་སོ། །
བརྒྱད་པ། མཇུག་བསྡུ་བ།
རང་རེའི་བཀའ་བསྟན་ཡོད་དོ་ཅོག་ཏུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དུས་གཅིག་ཏུ་གྲུབ་པའི་ལྟ་གྲུབ་བསྟན་པར་རྩོད་མེད་ཡོངས་གྲགས་ཡིན་པ་དེ་ལྟར་ལགས་མོད། འོན་ཀྱང་དཔེ་དེབ་རིག་པའི་ལམ་ནས་ཞིབ་ཏུ་དཔྱད་ཞིབ་བྱས་ཚེ་གོང་དུ་ཞིབ་ཏུ་བཀོད་པ་ལྟར་རྟེན་འབྲེལ་ཡན་ལག་གཉིས་ཚན་ནས་ལྔ་ཚན་དགུ་ཚན་བཅུ་ཚན་བཅུ་གཉིས་སོགས་སུ་རིམ་པ་བཞིན་འཕེལ་རྒྱས་རིམ་པས་ཕྱིན་ཚུལ་སྒྲུབ་བྱེད་དང་། གཞན་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྐྱེ་བ་སྔ་ཕྱི་ད་ལྟ་བ་བཅས་ཆ་གསུམ་དུ་དབྱེ་ཞིབ་སྒོ་ནས་འཁོར་བར་འཁོར་ཚུལ་འདི་ནི་ཁ་ཆེ་བྱེ་བྲག་སྨྲ་བའི་གཞུང་ཡེ་ཤེས་ལ་འཇུག་པས་སྲོལ་ཕྱེ་བའི་་སྒྲུབ་བྱེད་དང་། ཞར་བྱུང་རྟེན་འབྲེལ་གྲུབ་དོན་མཐའ་ཐུག་དབུ་མ་པའི་བཞེད་སྲོལ་སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་འཆར་ཚུལ་རྣམ་གཞག་རགས་ཙམ་དམིགས་བཀར་བཀོད་པ་ལགས་སོ། ། སླུ་མེད་རྟེན་འབྱུང་དཔྱད་ཞིབ་འདི་འབད་པས། ། བདག་གིས་བསོད་ནམས་གང་ཞིག་བསགས་པ་དེས། ། ཀླུ་སྒྲུབ་ཐོགས་མེད་ཇི་བཞིན་རྒྱལ་བ་ཡི། ། དམ་ཆོས་མཐའ་དག་ཡུན་རིང་འཛིན་པར་ཤོག། ། །
ཞེས་རྟེན་འབྲེལ་ཡན་ལག་བཅུ་གཉིས་བྱུང་རིམ་དང་ཚེ་རབས་རྒྱུན་ཆགས་པའི་རྟེན་འབྲེལ་རྣམ་གཞག་ཅེས་པའི་དཔྱད་ཐུང་འདི་བཞིན་དུས་རབས་གསར་པའི་མཁས་གཞོན་རྣམ་པར་མཁོ་བར་མཐོང་སྟེ། སྤྱི་ལོ་2021ལོའི་ཟླ་2པའི་ཚེས་27ཉིན་ཉི་ཧོང་གི་རྒྱལ་ས་རྙིང་པ་གྲོང་ཁྱེར་ཆེན་པོ་ཁཱོ་ཐོའི་བོད་རིག་ཞིབ་དཔྱོད་ཁང་དུ་མཇུག་ཡོངས་སུ་རྫོགས་པར་རྩོམ་སྒྲིག་བྱེད་པ་པོ་ནི། ཨོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་པོའི་མཚན་འཛིན་གཙུག་ལག་སློབ་དཔོན་ཆེན་མོའི་(EMERITUSPROFESSOR OF OTANI UNIVERSITY)མིང་འཛིན་བོད་ཀྱི་རྟོག་གེ་བ་རྒད་པོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་འཇམ་དཔལ་དགྱེས་པའི་ཤེས་རབ་ཏུ་འབོད་པ་ལགས་སོ། །
བསྡུས་ཡིག་དང་དཔྱད་གཞིའི་ཡིག་ཆ། Abbreviations
AKBh. P. Pradhan ed. Abhidharmakośabh āṣya of Vasubandhu(Tibetan Sanskrit Works Series, Vol. VIII), K. P. Jayaswal Research Institute, Patna 1967. མཛོད་རང་འགྲེལ་གྱི་ལེགས་སྦྱར་ཕྱི་མོ།
D The sDe dGe edition of the Tibetan Tripiṭaka.སྡེ་དགེ་པར་མའི་བཀའ་འགྱུར་དང་བསྟན་འགྱུར།
DN. Dīghā-Nikāya, PTS. པཱ་ལིའི་རིང་མོའི་སྡེ།
k. Kārikā ཚིག་ལེའུར་བྱས་པའམ་ཚིགས་བཅད།
MA.Majjhima-Nikāya, PTS.པཱ་ལིའི་བར་མའི་སྡེ།
MDa. Madhyamakāvatāra-kārikā Chapter VI, ed. by Li Xuezhu, Springer, Published online 22 May 2014. དབུ་མ་འཇུག་པའི་སེམས་བ༹སྐྱེད་དྲུག་པའི་ལེགས་སྦྱར་ཕྱི་མོ།
P The Peking edition of the Tibetan Tripiṭaka.པེ་ཅིན་པར་མའི་བོད་འགྱུར་བཀའ་འགྱུར་དང་བསྟན་འགྱུར། Prasp. Mūlamadhyamakakārikās de Nāgārjuna, avec la Prasannapadā Commentaire de Candrakīrti, publiée par Louis de la Vallée Poussin, St-Pétersbourg, 1903-1913. Bibliotheca Buddhica IV)ཚིག་གསལ་ལེགས་སྦྱར་ཕྱི་མོPTS. Pāli Text Society edition. པཱ་ལིའི་སྡེ་སྣོད་གསུམ་ཚོགས་པའི་པར་མ།
RV. Michael Hahn ed. Nāgārjuna’s Ratnāvalī, Vol. I, the basic texts(Sanskrit,Tibetan Chinese) Indica et Tibetica, Bonn, 1982. མགོན་པོ་ཀླུ་སྒྲུབ་ཀྱི་རིན་ཆེན་འཕྲེང་བའི་ལེགས་སྦྱར་ཕྱི་མོ།
SN. Saṃyutta-Nikāya, PTS. པཱ་ལིའི་ཡང་དག་པར་ལྡན་པའི་སྡེ།
T The Taisho edition of the Tripiṭaka in Chinese. རྒྱ་ནག་འགྱུར་གྱི་ཐ་ཤོ་པར་མའི་བཀའ་འགྱུར་བསྟན་འགྱུར།
Toh. A Catalogue of The Tohoku University Collection Tibetan Works on Buddhism, Tohoku Univ. 1953. ཐོ་ཧོ་རྒུའི་དཀར་ཆག་འདིར་ལྷ་ས་པར་མའི་བུ་སྟོན་གསུང་འབུམ་དང་རྗེ་ཡབ་སྲས་གསུང་འབུམ་སོགས།
མཆན་འགྲེལ།
①V. Bhattacharya: The Yogācārabhūmi, of Ācrya Asaṅga, Uni. of Calcutta, 1957, p. 230, 10-15.
②རྒྱ་ནག་གི་འགྱུར་གྱི་ཡང་དག་ལྡན་པའི་ལུང་ནི་ཐམས་ཅད་ཡོད་པར་སྨྲ་བའི་མདོ་ཡིན་པས་ན་དེའི་ཕྱི་མོ་རྒྱ་དཔེ་ཡང་ལེགས་སྦྱར་སྐད་ཐོག་བརྩམས་པར་མ་ཟད་མདོ་འདིའི་ནང་ཚན་གླེང་གཞི་ཡང་དག་ལྡན་པའི་(Nidānasaṃyukta)ཁོངས་སུ་གཏོགས་པའི་གྲོང་ཁྱེར་མདོའི་ལེགས་སྦྱར་ཕྱི་མོ་ཡང་དེང་སྐབས་རིགས་མི་འདྲ་བ་བཞི་བཞུགས།
③རྩ་ཤེ་ཊཱིཀ་ཆེན་(Toh. No. 5401, Ba 267b5)ལས། ལུས་དང་ངག་དང་ཡིད་ཀྱི་ལས་དགེ་མི་དགེ་གསུམ་ཆར་ཡང་མ་འོངས་པའི་ཕུང་པོ་ལྔའི་སྲིད་པ་འབྱུང་བས་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་ནས་སྲིད་པ་ཞེས་བྱའོ། ། ཞེས་གསུངས།
④ Takeuchi Yoshinori: The Heart of Buddhism, ed. and tr. by J. W. Heisig, Crossroad, New York, 1983, pp. 82-104: Dependent Origination and Co-dependency
⑤ སེ་ར་རྗེ་བཙུན་པའི་རྟེན་འབྲེལ་སྤྱི་དོན་(Toh. No. 6822, 22b7-23a5)ལས། རྒ་ཤི་གཉིས་ཡན་ལག་གཅིག་ཏུ་འདྲེན་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་ལ་འཇིག་རྟེན་གྲགས་ཚོད་ལྟར་གོ་རིམས་ངེས་མེད་དུ་འབྱུང་བའི་རྒྱུ་མཚན་གྱིས་གཅིག་ཏུ་བགྲངས་པའི་ཕྱིར། ཞེས་པ་ནས། ཡིད་མི་བདེ་བ་སོགས་ཡན་ལག་བཅུ་གཉིས་ཀྱི་ཡན་ལག་ཏུ་མི་འདྲེན་པའི་རྒྱུ་མཚན་ཡོད་དེ། ལས་ཉོན་གྱི་སྐྱེ་འཆི་བྱེད་པ་ཐམས་ཅད་ལ་དེ་རྣམས་འབྱུང་བའི་ངེས་པ་མེད་པའི་རྒྱུ་མཚན་གྱིས་དེ་ལྟར་མ་བགྲངས་པའི་ཕྱིར། ཞེས་གསུངས།
⑥ གྲོང་ཁྱེར་མདོ་ཞེས་པའི་སྒྲ་བཤད་དཔེ་དོན་འདི་དག་ལ་བརྟེན་ནས་ཐོགས།
⑦ འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ། འདི་མེད་པས་འདི་མི་འབྱུང་། འདི་མ་སྐྱེས་པས་འདི་འགག་པར་འགྱུར། [imasmiṃ sati idaṃ hoti, imass’ uppādā idaṃ uppajjati; imasmiṃ asati idaṃ na hoti, imassa nirodhāŒ idaṃ nirujhati] ( SN. Vol. II, p. 65,70; MN. Vol. I, p. 264, 265; MN. Vol. II, p. 32; MN. Vol. III, p. 63) མདོ་འདིའི་དགོངས་པ་དབུ་མའི་དོན་དུ་བཀྲལ་ཡོད་པའང་《རྩ་ཤེ་》(《ཚིག་གསལ་》[No. 3860, D Ḥa 29a7-b1; Prasp. p. 86, 18-19;T No. 1564, p. 3b; I,10])ལས། དངོས་པོ་རང་བཞིན་
མེད་རྣམས་ཀྱི། ། ཡོད་པ་གང་ཕྱིར་ཡོད་མིན་ན། ། འདི་ཡོད་པས་ན་འདི་འབྱུང་ཞེས། ། བྱ་བ་འདི་ནི་འཐད་མ་ཡིན། ། ཞེས་དང་། དེའི་ཐད་ཀྱི་《ཚིག་གསལ་》(Prasp. p. 86, 18-19; D Ḥa 29b1-2)ལས། འདིར་གང་ཞིག་ཡོད་པས་གང་འབྱུང་བ་དེ་ནི་དེའི་བདག་པོ་ཡིན་ནོ་ཞེས་བྱ་བ་ནི་བདག་པོའི་རྐྱེན་གྱི་མཚན་ཉིད་ཡིན་ན། དངོས་པོ་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། རང་བཞིན་མེད་པ་ན་གང་ཞིག་འདི་ཞེས་རྒྱུ་ཉིད་དུ་བསྙད་པ་དེ་ག་ལ་ཡོད་ཅིང་། གང་ཡང་འདི་ཞེས་འབྲས་བུ་ཉིད་དུ་སྟོན་པ་དེ་ག་ལ་ཡོད། དེའི་ཕྱིར་མཚན་ཉིད་ལས་ཀྱང་རྐྱེན་གྲུབ་པ་ཡོད་པ་མ་ཡིན་ནོ། ། ཞེས་གསུངས།
⑧《མཆིམས་མཛོད་》(Toh. No. 6854, 146a5-7)ལས། མདོ་ལས། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེའོ་ཞེས་རྣམ་གྲངས་གཉིས་གསུངས་པ་ནི་མ་རིག་པ་ལ་སོགས་པ་འདི་ཡོད་ན་འདུ་བྱེད་ལ་སོགས་པ་འདི་འབྱུང་གི་མེད་ན་ནི་མི་འབྱུང་ལ་། དེ་བཞིན་དུ་འདི་སྐྱེས་ན་འདི་སྐྱེའི་འདི་མ་སྐྱེས་ན་ནི་འདི་མི་སྐྱེའོ་ཞེས་ངེས་པར་གཟུང་བའི་དོན་དང་། མ་རིག་པ་འདི་ཡོད་ན་འདུ་བྱེད་འདི་འབྱུང་ལ། འདུ་བྱེད་འདི་སྐྱེས་པས་རྣམ་པར་ཤེས་པ་འདི་སྐྱེ་འོ། ། ཞེས་བྱ་བ་ལ་སོགས་པ་ཡན་ལག་བརྒྱུད་པར་བསྟན་པའི་ཕྱིར་རམ། སྔོན་གྱི་མཐའ་འདི་ཡོད་ན་ད་ལྟར་གྱི་མཐའ་འདི་འབྱུང་ལ། ད་ལྟར་གྱི་མཐའ་འདི་སྐྱེས་པས་ཕྱི་མའི་མཐའ་འདི་སྐྱེའོ་ཞེས་ཚེ་བརྒྱུད་པ་གཉིས་བསྟན་པའི་ཕྱིར་རམ། དེ་དག་གཉིས་ཀ་ལྟར་ན་ཡང་དངོས་དང་བརྒྱུད་པའི་རྒྱུ་དང་འབྲས་བུར་བསྟན་པའི་ཕྱིར་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བཤད་པ་ཡིན་ནོ། ། ཞེས་གསུངས།
⑨《རྩ་ཤེ་ཊཱིཀ་ཆེན་》(Ba 118a3-b1)ལས། ལྷས་བྱིན་བྱེད་པ་པོ་ཡིན་པ་ནི་ལས་ལ་བརྟེན་བྱས་ཤིང་སྟེ་དེ་ལ་ལྟོས་ནས་འབྱུང་བ་སྟེ་འགྲུབ་ལ། བྱེད་པ་པོས་མི་བྱེད་པ་ནི་ལས་སུ་མི་འགྱུར་བས་བྱེད་པ་པོར་མ་ཟད་ལས་ཀྱང་བྱེད་པ་པོ་དེ་ཉིད་ལ་བརྟེན་ནས་འབྱུང་བ་སྟེ་འགྲུབ་ཀྱི་དེ་མ་གཏོགས་པ་ངོ་བོ་ཉིད་ཀྱི་འགྲུབ་པའི་རྒྱུ་སྟེ་ཐབས་གཞན་ནི་མ་མཐོང་ངོ་། ། དེས་ནི་ཕན་ཚུན་ལྟོས་ནས་ཡོད་པར་ཁས་བླང་བ་དང་ངོ་བོ་ཉིད་ཀྱིས་ཡོད་པར་ཁས་མི་བླང་བར་བསྟན་ཞེས་པ་ནས་ལས་དང་བྱེད་པ་པོ་ཕན་ཚུན་ལྟོས་ནས་གྲུབ་པ་ཙམ་ཡིན་གྱི་ངོ་བོ་ཉིད་ཀྱིས་གྲུབ་པ་མིན་པ་དེ་བཞིན་དུ། འདི་ཉེ་བར་ལེན་པས་ན་ཉེར་ལེན་ཏེ་ཉེ་བར་བླང་བྱ་དང་འདིས་ཉེ་བར་ལེན་པས་ན་ཉེར་ལེན་ཏེ་ཉེ་བར་ལེན་པ་པོ་ཡང་ཕན་ཚུན་ལྟོས་ནས་གྲུབ་པ་ཙམ་ཡིན་གྱི་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་མིན་པར་ཤེས་པར་བྱའོ། ། ཞེས་དང་། (118b2-4)གཞན་ཡང་བྱེད་པ་པོ་དང་ལས་དག་གི་སྟེ་དེ་གཉིས་ལ་རྣམ་པར་དཔྱོད་པའི་རིགས་པས་བྱེད་པ་དང་ཉེར་ལེན་ཟུང་གཉིས་ཀྱི་ལྷག་མ་སྟེ་དེ་དག་ལས་ཐ་དད་པའི་དངོས་པོ་རྣམས་ཀྱང་། ངོ་བོ་ཉིད་ཀྱིས་ཡོད་པ་བཀག་སྟེ་ཕན་ཚུན་ལྟོས་གྲུབ་ཉིད་དུ་ཤེས་རབ་ཅན་གྱིས་ཤེས་པར་བྱའོ། ། དེ་དག་ཀྱང་བསྐྱེད་བྱ་སྐྱེད་བྱེད་དང་འགྲོ་བ་དང་འགྲོ་བ་པོ་དང་བལྟ་བྱ་དང་ལྟ་བྱེད་དང་མཚན་ཉིད་དང་མཚན་གཞི་དང་འབྱུང་བྱ་འབྱུང་བྱེད་དང་། དེ་བཞིན་དུ་ཡན་ལག་དང་ཡན་ལག་ཅན་དང་ཡོན་ཏན་དང་ཡོན་ཏན་ཅན་དང་ཚད་མ་དང་གཞལ་བྱ་ལ་སོགས་པ་ཐམས་ཅད་དོ། ། ཞེས་གསུངས།
⑩ Yonezawa Yoshiyasu ed. Vigrahavyāvartanī Sanskrit Transliteration and Tibetan Traslation, Journal of Naritasan Institute for Buddhist Studies Vol. 31, 2008,p.332.