ཡིའུ་ཆོན་གྱིས་པེ་ཅིན་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-25
སྤྱི་ཟླ་2པའི་ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་གྱིས་པེ་ཅིན་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་།
ཡིའུ་ཆོན་གྱིས་པཎ་ཆེན་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣར་བོད་ཀྱི་ཆུ་ཕོ་སྟག་གི་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས། ཡིའུ་ཆོན་གྱིས་པཎ་ཆེན་གྱི་ཕྱོགས་གང་ཅིའི་ཐད་ལ་ཡར་ཐོན་བྱུང་བར་ཁས་ལེན་གནང་ཞིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་སློབ་སྦྱོང་གཏིང་ཟབ་བྱས་ནས“གཏན་འཁེལ་གཉིས”ཀྱི་རླབས་ཆེའི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ“སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་བྱེད་ཐུབ་པ་བྱ་རྒྱུའི་ཐུགས་རེ་གནང་། རྒྱལ་གཅེས་ཆོས་གཅེས་དང་ལག་ལེན་ལ་བརྩོན་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པ། རང་གཅུན་ནན་པོ་དང་ཁེངས་སྐྱུང་གཟབ་ནན་གྱིས་ཏང་ཀྲུང་དབྱང་གི་གསོ་སྐྱོང་དང་། དད་ལྡན་མང་ཚོགས་ཀྱི་བརྩི་བཀུར། ཆོས་ལུགས་ལས་རིགས་ཀྱི་གུས་བཀུར་བཅས་ཆུད་ཟོས་སུ་གཏོང་མི་རུང་བའི་ཐུགས་རེ་གནང་།
པཎ་ཆེན་རིན་པོ་ཆེས་ཡིའུ་ཆོན་ལ་ཁ་བཏགས་ཕུལ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་གྲུབ་འབྲས་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གསུངས། །