[གནད་བཏུས] དཔྱད་རྩོམ་འདིར་བོད་ཀྱི་བསྟན་བཅོས་དག་གི་ཁྲོད་དུ་ཡོད་པའི་སློབ་ཁྲིད་བྱེད་ཐབས་ཀྱི་མིང་བརྡ་དག་བསྡུས་ནས་ཁྲིད་ཐབས་དེ་དག་གི་ནང་དོན་དང་ཕན་ཚུན་བར་གྱི་འབྲེལ་བ། ཁྲིད་ཐབས་དེ་དག་དང་དེང་གི་སློབ་གསོའི་ཁྲིད་ཐབས་ལ་རྣམ་གྲངས་དགུ་ལྷག་ཡོད་པ་དག་བསྡུར་ནས་ཁྲིད་ཐབས་རེ་རེར་བཏགས་པའི་མིང་བརྡའི་བྱེད་ནུས་དང་། སྤྱོད་ཚུལ་སོགས་ཕན་ཚུན་མཚུངས་སའི་ཆ་དང་མི་མཐུན་པའི་ཕྱོགས་ལ་དབྱེ་ཞིབ་བྱས་ཏེ། གནའ་དེང་གི་སློབ་ཁྲིད་བྱེད་ཐབས་ཀྱང་ཡུལ་དུས་ཀྱི་ཁྱད་པར་ལས་མིང་བརྡ་བཀོལ་ཚུལ་ལ་འགྱུར་བ་བྱུང་ཡོད་པ་མ་གཏོགས་དོན་གྱི་འཇུག་ཡུལ་ལ་ཁྱད་པར་མེད་པས་སྲོལ་རྒྱུན་སློབ་ཁྲིད་བྱེད་ཐབས་ནི་དེང་གི་སློབ་ཁྲིད་བྱེད་ཐབས་ཀྱི་གཞུང་ལུགས་དང་མ་འགལ་བར་སྤྱད་ཆོག་པར་མ་ཟད། དེང་གི་སློབ་ཁྲིད་བྱེད་ཐབས་ལ་སྲོལ་རྒྱུན་ཁྲིད་ཐབས་དག་གིས་ཟུར་བརྒྱན་ཏེ་གནའ་དེང་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་ཐབས་འཐུས་ཚང་ཞིང་ཐུན་མོང་མ་ཡིན་པ་ཞིག་ཏུ་ཆགས་ཐུབ་པར་དཔྱད་པ་བྱས་ཡོད།
[གནད་ཚིག] སྲོལ་རྒྱུན་ཁྲིད་ཐབས། དེང་གི་སློབ་ཁྲིད་བྱེད་ཐབས། མིང་བརྡ། འབྲེལ་བ།
དང་པོ། དེང་གི་སློབ་ཁྲིད་བྱེད་ཐབས་བཤད་པ།
སློབ་ཁྲིད་བྱེད་ཐབས① ནི་སློབ་ཁྲིད་ཀྱི་འོས་འགན་ལེགས་པར་འགྲུབ་ཆེད་སྤྱད་པ་ཞིག་ཡིན། སློབ་ཁྲིད་བྱེད་ཐབས་ནང་དུ་དགེ་རྒན་གྱི་ཁྲིད་ཐབས་དང་སློབ་མའི་སྦྱོང་ཚུལ་གཉིས་འདུ་ལ། དགེ་རྒན་གྱིས་སློབ་མ་ལ་ཤེས་བྱ་དང་ལག་རྩལ་གྱི་ཤེས་རྟོགས་ལ་ལམ་སྟོན་དང་། ལུས་སེམས་གོང་འཕེལ་ཡོང་ཆེད་མཉམ་དུ་སྒྲུབ་པའི་བྱེད་སྒོ་ཞིག་གོ། རང་རྒྱལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་བྱེད་ཐབས② འདི་དག་ཡོད་དེ། བཤད་ཁྲིད། ཁ་བརྡའི་ཁྲིད། དཔེ་ཀློག་ལམ་སྟོན། བསྐྱར་སྦྱོང་། དཔེ་སྟོན། ཉམས་ཞིབ། དངོས་སྦྱོང་ལས་བྱ། གྲོས་བསྡུར། ཞིབ་འཇུག① བཅས་ཀྱི་ཁྲིད་ཐབས་སྤྱོད་ཀྱིན་ཡོད་པ་སྟེ་དེ་དག་རེ་རེའི་གོ་དོན་སོ་སོར་བཀྲལ་ན་གཤམ་གསལ་ལྟར།
བཤད་ཁྲིད་ཐབས་ནི་དགེ་རྒན་གྱིས་སྐད་ཆའི་མ་ལག་བརྒྱུད་ནས་ཚན་རིག་རིག་གནས་ཤེས་བྱ་དང་།བསམ་བློའི་འདུ་ཤེས་སོགས་སློབ་མ་ལ་ངོ་སྤྲོད་བྱེད་པ་དང་། དེ་ནི་སློབ་མའི་ཤེས་རབ་ཀྱི་སྟོབས་དང་སྤྱོད་ལམ་གོང་འཕེལ་དུ་གཏོང་བའི་ཐབས་སུ་འགྲོ་བ་ཡིན། ཁ་བརྡའི་ཁྲིད་ཐབས་ནི་དགེ་རྒན་གྱིས་དགོས་པ་ངེས་ཅན་ཞིག་གི་འོག་ནས་སློབ་མ་ལ་དྲི་བ་འདོན་པ་དང་ལན་འདེབས་སུ་འཇུག་པ་དང་། དྲིས་ལན་དང་ཁ་བརྡའི་རྣམ་པའི་སྒོ་ནས་སློབ་མའི་བསམ་གཞིག་དང་། རྟོག་ཞིབ། ཤེས་བྱ་སོགས་སློབ་པ་དང་དྲན་གསོ་བྱེད་པ་ལ་ལམ་སྟོན་བྱེད་པ། དཔེ་ཀློག་ལམ་སྟོན་གྱི་ཁྲིད་ཐབས་ནི་དགེ་རྒན་གྱིས་སློབ་མ་ལ་ཀློག་འདོན་བརྒྱུད་ནས་སློབ་དེབ་དང་འབྲེལ་ཡོད་དཔེ་ཆ་དག་ངེས་སུ་འཇུག་པ་དང་། ཤེས་བྱ་སློབ་པ་དང་དྲན་གསོ་བྱེད་པ་ལ་ལམ་སྟོན་བྱེད་པ། བསྐྱར་སྦྱོང་གི་ཁྲིད་ཐབས་ནི་དགེ་རྒན་གྱི་མཛུབ་སྟོན་འོག་ཡང་དང་བསྐྱར་དུ་ཤེས་བྱ་བེད་སྤྱོད་བཏང་ནས་འགྲུབ་པའམ། ཡང་ན་ལས་བྱ་དང་སྦྱང་ཚན་ག་གེ་མོ་འགྲུབ་ནས། ནུས་རྩལ་དང་ཐབས་རྩལ་ལ་གཏིང་ཟབ་མོའི་སྒོ་ནས་གོ་བ་ཆགས་ཐུབ་པ།དཔེ་སྟོན་ཁྲིད་ཐབས་ནི་དགེ་རྒན་གྱིས་བཤམས་སྟོན་བརྒྱུད་ནས་དངོས་པོ་དང་། དངོས་བརྒྱུད་སློབ་ཆས། མཉེན་ཆས་ནང་དུ་སློབ་ཁྲིད་དང་འབྲེལ་ཡོད་ཀྱི་ནང་དོན་སོགས་ཉམས་ཞིབ་དང་སྒྲོག་གཏོང་བྱེད་ཅིང་།དེས་སློབ་མ་ལ་དངོས་པོར་གོ་རྟོགས་དང་ཤེས་བྱ་སློབ་པ་དང་དྲན་གསོ་བྱེད་ཐུབ་པ། ཉམས་ཞིབ་ཀྱི་ཁྲིད་ཐབས་ནི་དགེ་རྒན་གྱི་མཛུབ་སྟོན་འོག་རང་ཉིད་གཅིག་པུས་དཔྱད་ཆས་དང་སྒྲིག་ཆས་བཀོལ་ནས་ལས་བྱ་སྒྲུབ་པ་དང་། བྱ་དངོས་དང་དེའི་འཕེལ་རིམ་གྱི་བྱུང་བ་དང་འགྱུར་ལྡོག་བཅས་ལ་ལྟ་དཔྱད་བྱས་ནས་ཤེས་བྱ་དང་ནུས་རྩལ་ཐོབ་པ། དངོས་སྦྱོང་ལས་བྱའི་ཁྲིད་ཐབས་ནི་དགེ་རྒན་གྱི་མཛུབ་སྟོན་འོག་དངོས་ཡོད་བྱ་འགུལ་ལ་ཞུགས་ནས་སློབ་མ་རང་ཉིད་ཀྱི་ནུས་པ་དངོས་སྐྱེད་སྲིང་བྱེད་ཐབས་ཤིག་ཡིན་པ། གྲོས་བསྡུར་གྱི་ཁྲིད་ཐབས་ནི་དགེ་རྒན་གྱི་མཛུབ་སྟོན་འོག་གནད་དོན་གང་ཞིག་ཐག་གཅོད་བྱེད་པ་ལ་དཔྱད་བསྡུར་བྱེད་པ་དང་། དོན་དེ་བདེན་མིན་ལ་གསལ་ཁ་འབྱེད་པ་དང་ཤེས་བྱ་ཐོབ་པའི་ཐབས་ཤིག་ཡིན། ཞིབ་འཇུག་གི་ཁྲིད་ཐབས་ནི་དགེ་རྒན་གྱི་མཛུབ་སྟོན་འོག་རང་ཉིད་གཅིག་པུས་རྟོག་དཔྱོད་བརྒྱུད། གསར་གཏོད་རང་བཞིན་གྱིས་གནད་དོན་ཐག་གཅོད་པ་དང་།ཤེས་བྱ་དང་འཕེལ་རྒྱས་ཀྱི་ནུས་པ་འཐོབ་པའི་ཐབས་ལམ་ཞིག་ཡིན་ནོ། །
གཉིས་པ། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྲིད་ཐབས་འགའ་བཤད་པ།
བོད་ཀྱི་སྲོལ་རྒྱུན་ཁྲིད་ཐབས་ལ་དབྱེ་ན་བཤད་ཁྲིད། ཉམས་ཁྲིད། མྱོང་ཁྲིད། ལུང་ཁྲིད། དཔེ་ཁྲིད། དམར་ཁྲིད། མཛུབ་ཁྲིད། འཆད་ཁྲིད་སོགས་དབྱེ་བ་མང་ཙམ་མཆིས་ལ། ཁྲིད་ཐབས་དེ་དག་སྔོན་བྱོན་མཁས་དབང་རྣམས་ཀྱིས་སྐབས་བབ་ཀྱི་ཆོས་འཆད་ཉན་དང་འཚམ་པར་སྤྱོད་པ་ལས། རྣམ་གྲངས་དང་དབྱེ་བ་ཕྱེ་ནས་གཏན་ལ་ཕབ་པ་མེད་པར་སྣང་། ཕྱིས་སུ་དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས་སྐད་ཡིག་དང་སློབ་གསོ་ཞེས་པའི་དཔེ་དེབ་ཏུ་མིང་གི་རྣམ་གྲངས་དང་དོན་གྱི་དབྱེ་བ་སོགས་ཕྱེ་ནས་རིམ་པར་བཤད་ཡོད།① འདིར་ཁྲིད་ཐབས་དེ་དག་གི་གོ་དོན་རིམ་པར་བཤད་པར་བྱ་སྟེ།ཉམས་ཁྲིད་ནི་སྐྱེ་བོ་གང་གིས་ཡོན་ཏན་གང་ཞིག་ཡུན་རིང་ལག་ལེན་དང་གོམས་པ་ལ་བརྟེན་ནས་རང་རྒྱུད་ལ་སྐྱེས་པའི་ངེས་ཤེས་སམ་ཉམས་རྟོགས་དེ་ཉིད། རང་གི་སློབ་མའམ་སྐྱེ་བོ་གཞན་ལ་བཤད་པའམ་ཁྲིད་འདེབས་པའི་དོན་ཏེ། བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། རང་གིས་ཉམས་སུ་མྱོང་བ་རྣམས་གཞན་ལ་ཁྲིད་འདེབས་པ།དགེ་རྒན་གྱིས་སློབ་ཕྲུག་ལ་ཤེས་ཡོན་གྱི་ཉམས་ཁྲིད་བྱེད།②ཅེས་བཤད་ཡོད། མྱོང་ཁྲིད་ནི་དཔེ་དེབ་རྐྱང་བ་མ་ཡིན་པར་དགེ་རྒན་རང་གིས་དངོས་ཡོད་འཚོ་བའི་ཁྲོད་ཐོབ་པའི་མྱོང་བ་དེ་དག་བཤད་པའི་གོ་རིམ་ཁྲོད་སློབ་མ་ལ་ཡང་དངོས་སུ་ལག་ལེན་བྱེད་དུ་བཅུག་པ་ལ་ཟེར་ཏེ།དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས། མྱོང་ཁྲིད་ཟེར་བ་ནི་སློབ་དཔོན་གྱིས་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་སློབ་མར་སློབ་ཁྲིད་བྱས་ཏེ་སློབ་མ་ལ་ཉམས་མྱོང་དངོས་སུ་མ་ཐོན་བར་དུ་བསམ་བློ་གཏོང་དུ་བཅུག་པ་དེ་ལ་ཟེར། ཞེས་གསུངས། དམར་ཁྲིད་ནི་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། དམར་ཁྲིད་ཟེར་བ་ནི་དངོས་ཡོད་ཀྱི་དཔེ་མཚོན་ནམ་ཡང་ན་རི་མོར་བྲིས་པ་ལྟ་བུའི་སྟེང་ནས་གསལ་བཤད་བྱེད་པ་སྟེ། དེང་རབས་གཟུགས་སྣང་ཅན་གྱི་སློབ་ཁྲིད་ཟེར་བ་དེ་ཡིན་པས། ཁྲིད་སྟངས་འདི་ནི་དེང་གི་སློབ་གྲྭ་སོ་སོའི་རིག་གནས་སྡེ་ཚན་དང་སློབ་ཁྲིད་གང་དུའང་མི་འདྲ་བར་བེད་སྤྱོད་བྱེད་ཀྱིན་ཡོད་པ་རེད།མཛུབ་ཁྲིད་ནི་ཁྲིད་གཞིའི་དཔེ་དེབ་ངོས་ཀྱི་འཁྲིད་བྱའི་དོན་མ་ལུས་པར་ཁྲིད་པ་དང་། སློབ་མའི་ཆུ་ཚད་དང་བསམ་གཞིགས་ཀྱི་ནུས་པར་བལྟས་ནས་ལག་ལེན་དུ་འདེབས་ལ། ཕལ་ཆེ་བ་འཁྲིད་བྱའི་གཞུང་དེར་ཐོག་དང་པོར་འཇུག་པའི་ལས་དང་པོ་བར་ཁྲིད་ཐབས་འདི་ཉིད་བཀོལ་ཆེ། བཤད་ལུང་ངམ་ལུང་ཁྲིད་ནི་བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་བྱེད་ཐབས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་བཤད་ཐབས་ཤིག་སྟེ། ཆོས་ལུགས་དང་གཉིས་འདྲིས་ཀྱི་སློབ་ཁྲིད་བྱེད་ཐབས་ཤིག་ཀྱང་ཡིན། ལུང་ནི་མཛུབ་སྟོན་དང་བསླབ་བྱའི་ཞེ་ས།③ ཞེས་དང་། མཁས་གྲུབ་གང་གིས་རྒྱལ་བའི་གསུང་རབ་བམ་བཀའི་དགོངས་པ་འགྲེལ་ཕྱིར་དུ་བརྩམས་པའི་གཞུང་དེ་ཉིད། རང་ཉིད་དང་དངོས་བརྒྱུད་ཀྱི་སློབ་མ་དག་ལ་ཁྲིད་པ་དང་། ཁྲིད་ཐོབ་ཟིན་པའི་སློབ་མ་དེས་ཀྱང་གཞན་ལ་གཞུང་དེ་ཉིད་ཇི་མ་ཇི་བཞིན་དུ་བཤད་པ་སྟེ།ཟམ་མ་ཆད་པར་བརྒྱུད་པ་དེ་ལ་ལུང་ཁྲིད་ཟེར། དཔེར་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལུང་ཁྲིད་དམ་ཁྲིད་རྒྱུན་ལྟ་བུ།④ བོད་རྒྱ་ཚིག་མཛོད་ཆེན་མོར། བར་མ་ཆད་པའི་ཆོས་ཀྱི་ལུང་རྒྱུན། ཞེས་བཤད་ཡོད། སྲོལ་རྒྱུན་གྱི་ཁྲིད་ཐབས་ལ་གོང་དུ་བགྲངས་ཟིན་པའི་རྣམ་གྲངས་འདི་དག་ལ་གྲངས་ངེས་པ་མ་ཡིན་ཏེ། ཡུལ་དུས་དང་བསྟུན་ཏེ་གདུལ་བྱའི་སློབ་མའི་བློ་ཁ་དང་འཚམ་པར། འཁྲིད་བྱའི་གཞུང་གི་ཁྱད་ཆོས་དང་དཀའ་གནས་ལ་གཞིགས་ཏེ་སློབ་ཁྲིད་བྱེད་ཐབས་ལ་འགྱུར་བ་ཐེབས་སྲིད་པས། སློབ་ཁྲིད་བྱེད་ཐབས་ཀྱི་འགྱུར་བ་རེ་ལ་ཡང་འོས་ཤིང་འཚམ་པའི་རྗེས་གྲུབ་ཀྱི་མིང་བརྡ་རེ་ཡོད་སྲིད། དཔེར་ན་གོང་གི་རྣམ་གྲངས་སུ་མ་འདུས་པའི་སློབ་ཁྲིད་བྱེད་ཐབས་ཀྱི་མིང་བརྡ། བསླབ་ཁྲིད་དེ། དྲི་བ་དྲིས་ལན་གྱི་སྒོ་ནས་དོགས་པ་བསླངས་ཤིང་གསལ་བཤད་དང་རྒྱས་འགྲེལ་གྱི་སྒོ་ནས་དོགས་གཅོད་བྱེད་པ། ཟུར་ཁྲིད་དེ། བསླབས་ཟིན་མ་ཤེས་པ་རྣམས་ལོགས་སུ་དུས་ཚོད་བཏང་ནས་ཟུར་ཁྲིད་བྱེད་པ་ལྟ་བུ་སོགས་རྣམ་གྲངས་མང་དུ་ཡོད་པ་སྨོས་མེད་ཡིན།
གསུམ་པ། ཁྲིད་ཐབས་དེ་གཉིས་ཀྱི་མིང་བརྡ་ཕན་ཚུན་བསྡུར་བ།
སློབ་ཁྲིད་ཅེས་པ་ནི་ཤེས་བྱ་གང་ཞིག་བྱེད་ཐབས་སྣ་ཚོགས་ཀྱི་སྒོ་ནས་སློབ་མ་ལ་ཚིག་དོན་གཉིས་ཀའི་ཆ་ནས་གོ་བ་ཆགས་སུ་འཇུག་པ་དང་། ཤེས་བྱ་དེ་ཉིད་ལག་ལེན་བརྒྱུད་ནས་ངེས་ཤེས་གཤའ་མ་ཞིག་ཐོབ་པར་བྱེད་པ་ལ་ཟེར། སློབ་མའི་རྒྱུད་དང་བསྟུན་ནས་སློབ་ཁྲིད་བྱེད་ཐབས་ལ་ཡང་རིགས་སྣ་ཚོགས་ཤིག་བྱུང་ཡོད་དེ། བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་བྱེད་ཐབས་ལ་སློབ་མའི་རྒྱུད་དང་བསྟུན་ནས་རྣམ་གྲངས་འགའ་བྱུང་ཡོད་པ་གོང་གསལ་ལྟར་ཡིན། དེང་རབས་སློབ་གསོའི་ཁྲིད་ཐབས་དེ་དག་ནི་སྲོལ་རྒྱུན་ཁྲིད་ཐབས་ཀྱི་རྨང་གཞིའི་ཐོག་དེང་གི་སྤྱི་ཚོགས་ཀྱི་འགྱུར་བ་དང་། སློབ་མའི་དགོས་མཁོ་སོགས་ལ་དམིགས་ཏེ་གཞུང་ལུགས་དང་མ་ལག་འཐུས་ཚང་བའི་སྒོ་ནས་རྣམ་གྲངས་དགུར་དབྱེ་ནས་བཤད་ཡོད། དེ་གཉིས་ཀྱི་མིང་བརྡ་ཕན་ཚུན་བསྡུར་བ་ནི་གཤམ་གསལ་ལྟར་ཏེ།
གཅིག སྲོལ་རྒྱུན་ཁྲིད་ཐབས་ནི་དེང་གི་སློབ་ཁྲིད་བྱེད་ཐབས་དག་གི་ཕྱི་མོ་ལྟ་བུ་ཡིན་པ།
གཞུང་ལུགས་ཐམས་ཅད་ལག་ལེན་གྱི་ཁྲོད་ནས་བྱུང་བ་དང་། ལག་ལེན་གྱི་ཁྲོད་ནས་ཕྱིར་གཞུང་ལུགས་དེ་ཡི་མི་འདང་སའི་ཆ་ལ་ཁ་གསབ་བྱེད་པ། སློབ་ཁྲིད་བྱེད་ཐབས་ཀྱི་མིང་བརྡའི་འགྱུར་བ་དག་ཀྱང་དེ་ལས་མ་འདས་པ་མེད་དེ། དུས་རབས་དང་ཁོར་ཡུག་ངེས་ཅན་ཞིག་གི་དགོས་མཁོ་དང་འཚམ་པར་སློབ་ཁྲིད་བྱེད་ཐབས་ལ་ཡང་སྔར་གྱི་ཁྲིད་ཐབས་དེ་དག་གི་རྨང་གཞིའི་ཐོག་ཏུ་འགྱུར་བ་བྱུང་ཡོད་དེ། དཔེར་ན། སྲོལ་རྒྱུན་ཁྲིད་ཐབས་ཀྱིས་གཙོ་ཆེ་བ་གདུལ་བྱ་སློབ་མའི་སྣོད་དང་བསྟུན་ནས་གོང་དུ་བརྗོད་པའི་ཁྲིད་ཐབས་དེ་དག་བཀར་ཡོད། དེང་སྐབས་ཀུན་སློང་དེ་ནི་གཞུང་ལུགས་ཅན་དུ་འགྱུར་ནས་སྣོད་བསྟུན་ཁྲིད་སྟོན་གྱི་རྩ་དོན། ཞེས་ཆེད་དུ་མིང་བརྡ་བཀོལ་ནས་གསལ་བར་ཕྱེ་ཡོད་པར་མ་ཟད། དགེ་རྒན་ཚད་ལྡན་ཞིག་གིས་སློབ་ཁྲིད་མ་བྱས་སྔོན་གྱི་རྩ་དོན་ཆེན་པོ་བརྒྱད་ཀྱི་གྲས་སུ་ཡོད་པ་འོག་ནས་འབྱུང་། དེ་ལྟ་བུའི་སྔར་ལས་ཀྱང་གཞུང་ལུགས་ཅན་དུ་འགྱུར་བའི་གོ་རིམ་ཁྲོད་དུ་སྲོལ་རྒྱུན་གྱི་ཁྲིད་ཐབས་འགའ་ལ་རིག་གནས་ཀྱི་བསམ་བློ་མི་འདྲ་བའི་དབང་གིས་འདོར་ལེན་གྱི་རྣམ་པ་ཡོད་པ་ནི། དཔེར་ན་སྲོལ་རྒྱུན་ཁྲིད་ཐབས་ཁྲོད་ཀྱི་ལུང་ཁྲིད་ལྟ་བུ་ཡིན། ནང་དོན་གོང་ནས་བརྗོད་ཟིན་པ་ལྟར་མི་རིགས་དང་མི་རིགས་བར་གྱི་རིག་གནས་ཀྱི་བྱེད་སྒོ་མི་འདྲ་བའི་དབང་གིས་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཡོད་པ་སྨོས་མེད་ཡིན་ལ། རིག་གནས་དེ་ལྟ་བུ་རང་ཉིད་ཀྱི་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ལས་རིག་གནས་གཞན་དང་མི་འཚམ་པས། འདོར་ལེན་གྱི་རྣམ་པ་བྱུང་བར་སེམས།
གཞུང་ལུགས་ཅན་དང་འཐུས་ཚང་ཅན་གྱི་དེང་གི་སློབ་ཁྲིད་བྱེད་ཐབས་དག་ནི་སྔ་རབས་ཀྱི་མཁས་པ་དག་གིས་ལག་ལེན་ཁྲོད་དུ་ཐོབ་པའི་ཉམས་མྱོང་དག་རིམ་གྱིས་ཕྱོགས་སྡོམ་བྱས་ནས་གྲུབ་པ་ཡིན་ལ། དུས་ཀྱི་འགྱུར་ལྡོག་དང་དགོས་མཁོ་ལ་བསྟུན་ནས་འགྱུར་བ་ཡང་ཐེབས་སྲིད། དཔེར་ན་དེང་གི་སློབ་ཆེན་སློབ་མའི་སྦྱང་ཚན་དབྱངས་ཅན་སྒྲ་མདོའི་སློབ་ཁྲིད་ལྟ་བུར་མཚོན་ན། བོད་ཀྱི་སྔོན་བྱོན་ལོ་པཎ་དག་གིས་རྒྱ་གར་ལེགས་སྦྱར་སྐད་ལ་སློབ་གཉེར་དང་ལེགས་སྦྱར་སྐད་ལ་བརྟེན་ནས་མདོ་རྒྱུད་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་བར་རམ་འདེགས་ཐུབ་པའི་གཞུང་ཞིག་ཡིན་ལ། བསྟན་བཅོས་འདི་ཉིད་བོད་ཡིག་ཏུ་བསྒྱུར་བ་ནས་བཟུང་། བོད་རང་ལ་སྒྲ་རིག་པའི་ཕྱོགས་ཀྱི་སློབ་གཉེར་བྱེད་སྟངས་དང་། རང་གི་སྐད་ལ་བརྟེན་ནས་ལེགས་སྦྱར་སྐད་ཀྱི་བརྡ་སྤྲོད་ལ་སྦྱང་བ་བྱེད་པར་སྟབས་བདེ་བར་བཏང་ཡོད། བསྟན་བཅོས་འདི་ནི་རང་རེ་ལ་མཚོན་ན་སྐད་རིགས་གཞན་ཞིག་ལ་ཐོག་མར་འཇུག་པ་དང་སྐད་རིགས་དེའི་བརྡ་སྤྲོད་དང་།མིང་ཚིག་བློར་འཛིན་པ། ཚིག་གི་སྦྱོར་སྟངས་སོགས་ལ་སྦྱང་བ་བྱེད་པ་ལྟ་བུ་ཞིག་ཡིན། ལས་དང་པོ་བ་ཞིག་ལ་མཚོན་ན་ཆེས་འཚམ་པའི་ཁྲིད་ཐབས་ནི་མཛུབ་ཁྲིད་ཡིན་ལ། དེ་ལྟར་སློབ་གཉེར་བྱེད་སྟངས་ལའང་བོད་རང་ལ་ཐུན་མོང་མ་ཡིན་པའི་བསླབ་ཆས་ཏེ། སྒྲ་གཞུང་དང་སྒྲ་ཐུར་ཞེས་པ་ཡོད་ལ། དེ་ལ་བརྟེན་ནས་མིང་གི་རབ་བྱེད་དང་། དབྱངས་ཀྱི་མཚམས་སྦྱོར་ཚུལ། བྱ་བ་རང་བཞིན་དུ་གནས་པའི་མཚམས་སྦྱོར། གསལ་བྱེད་མཚམས་སྦྱོར། རྣམ་བཅད་མཚམས་སྦྱོར་ཞེས་མཚམས་སྦྱོར་ལྔ་དང་། མིང་ལེའུ་བཅུ་གཉིས་སོགས་རིམ་བཞིན་དུ་སྦྱང་བ་ཡིན་ལ། དཔེར་ན། ཞོའི་སྐད་ཀྱི་དོད་དུ་ལེགས་སྦྱར་སྐད་ལ“དངྷི”དང་། ལོངས་ཤིག་གི་སྐད་དོད“ཨཱནཡ”ཞེས་པ་དང་། དེ་གཉིས་རང་བཞིན་དུ་སྦྱར་ན་དོན་སྟོན་མི་ནུས་པར་དབྱངས་ཅན་སྒྲ་མདོའི་མདོ་ཚིག་ལ་བརྟེན་ནས་མཚམས་སྦྱོར་དགོས་ཏེ། སྒྲ་གཞུང་ངོས་སུ་མཛུབ་ཁྲིད་སྤྱད་ནས་རིམ་བཞིན་སྦྱར་ན“དདྡྷྱནཡ”སྟེ་ཞོ་ལོངས་ཤིག① འགྲུབ་པ་ལྟ་བུ་ཡིན་མོད། འོན་ཀྱང་དགོན་སྡེ་ཁག་ཏུ་གཞུང་འདི་ཉིད་མཛུབ་ཁྲིད་རྐྱང་བ་མ་ཡིན་པར། སློབ་མ་སྔོན་སོང་བ་དག་དང་། གཞུང་འདིའི་ལུང་རྒྱུན་གནང་བའི་སྐབས་སུ་རྩ་ཚིག་དང་མདོ་སྒྲུབ་སྟངས་སོགས་བློ་ཐོག་ནས་སློབ་མ་ལ་ཁྲིད་པ་སོགས་ཡིན། སློབ་གྲྭ་ཁག་ཏུ་ཡང་ལས་དང་པོ་བ་དག་ལ་མཛུབ་ཁྲིད་དང་ཉམས་ཁྲིད་སོགས་བྱེད་བཞིན་ཡོད་ལ། དྲ་ལམ་ནས་སློབ་ཁྲིད་ལ་ཉན་པ་སོགས་སྟབས་བདེའི་ལམ་ནས་སློབ་ཚུལ་ཡང་ཡོད། དེ་བས་འཁྲིད་བྱའི་གཞུང་གང་ཞིག་ཡིན་ཡང་སྲོལ་རྒྱུན་ཁྲིད་ཐབས་དང་དེང་གི་སློབ་ཁྲིད་བྱེད་ཐབས་ཀྱི་མིང་བརྡ་གང་ཞིག་བཀོལ་ཡང་དོན་གྱི་ལག་ལེན་ཁྲོད་དུ་དངོས་གཞི་གཅིག་ལ་བབས་ཡོད་པར་འདོད་དོ། །
གཉིས། དེང་གི་སློབ་ཁྲིད་བྱེད་ཐབས་ཀྱིས་སྲོལ་རྒྱུན་ཁྲིད་ཐབས་ལ་ཁ་གསབ་དང་གཞུང་ལུགས་ཅན་དུ་བསྒྱུར་བ།
སློབ་ཁྲིད་རྩ་དོན་ནི་སློབ་ཁྲིད་ཀྱི་རྩ་བའི་བླང་བྱ་དང་རྩ་བའི་རིགས་པ་ལ་ནུས་པ་ཐོན་པའི་སྒོ་ནས་བརྩི་སྲུང་བྱ་རྒྱུ་དེ་རེད། སློབ་ཁྲིད་རྩ་དོན་གྱིས་དགེ་རྒན་གྱི་སློབ་ཁྲིད་ལ་ལམ་སྟོན་བྱེད་པར་མ་ཟད། སློབ་མའི་སློབ་སྦྱོང་ལའང་ལམ་སྟོན་བྱེད་ལ། སློབ་ཁྲིད་ཀྱི་བྱ་བའི་གོ་རིམ་ཡོད་ཚད་ཀྱི་ཁྲོད་དུ་ཡོངས་སུ་ལག་ལེན་དུ་བསྟར་ཐུབ་པ་ཞིག་ཡིན། དེང་གི་སློབ་གསོའི་སློབ་ཁྲིད་རྩ་དོན་ལ་རྣམ་གྲངས་བརྒྱད་ཀྱི་དབྱེ་བ་དགར་ཡོད་དེ། ཚན་རིག་རང་བཞིན་དང་བསམ་བློའི་རང་བཞིན་གྱི་གཅིག་གྱུར་རྩ་དོན་དང་། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་རྩ་དོན། དངོས་བརྒྱུད་རང་བཞིན་གྱི་རྩ་དོན། བློ་འབྱེད་རང་བཞིན་གྱི་རྩ་དོན། རིམ་བཞིན་གོང་འཕེལ་གྱི་རྩ་དོན།བརྟན་བརླིང་རང་བཞིན་གྱི་རྩ་དོན། འཕེལ་རྒྱས་རང་བཞིན་གྱི་རྩ་དོན། སྣོད་བསྟུན་ཁྲིད་སྟོན་གྱི་རྩ་དོན② བཅས་ཡིན།
རྩ་དོན་དེ་དག་གི་གོ་དོན་ལ་འགྲེལ་ན་འདི་ལྟ་སྟེ།
ཚན་རིག་རང་བཞིན་དང་བསམ་བློའི་རང་བཞིན་གྱི་གཅིག་གྱུར་རྩ་དོན་ནི་མར་ཁེ་སི་རིང་ལུགས་ཀྱིས་སྣེ་འཁྲིད་པ་དང་། སློབ་མ་ལ་ཚན་རིག་ཤེས་བྱ་བརྒྱུད་སྤྲོད་བྱེད་པ། ཤེས་ཡོན་སློབ་ཁྲིད་ཀྱིས་སློབ་མ་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱོད་ལམ་དང་། རིན་ཐང་ལྟ་ཚུལ། འཇིག་རྟེན་ལྟ་ཚུལ་བཅས་ཀྱི་སློབ་གསོ་ཡང་དག་པ་དང་ཟུང་འབྲེལ་བྱེད་པ། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་རྩ་དོན་ནི་སློབ་ཁྲིད་ལ་རྨང་གཞིའི་ཤེས་བྱ་སྦྱོང་བ་གཙོར་བཟུང་ནས། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་ཤེས་བྱ་ཤེས་སུ་འཇུག་རྒྱུ། དེ་ལས་ཀྱང་སྦྱངས་པ་གོ་ཆོད་པ་དང་། ལག་ལེན་ནུས་པ་སྐྱེད་སྲིང་བྱེད་པ། ཤེས་བྱའི་གོ་རྟོགས་ཀྱི་རིན་ཐང་བཅས་གཙོར་འཛིན་པ། དངོས་བརྒྱུད་རང་བཞིན་གྱི་རྩ་དོན་ནི་སློབ་ཁྲིད་ཁྲོད་སློབ་མ་ལ་ཉམས་ཞིབ་བརྒྱུད་ནས་བྱ་དངོས་དང་འདྲ་གཟུགས་སོགས་སྦྱོང་དུ་འཇུག་པ་དང་། དགེ་རྒན་གྱིས་སྐད་ཆའི་ལམ་ནས་སྦྱང་བྱ་དེ་དག་ཕྱི་ཚུལ་གྱི་འབྲི་བཞེངས་བྱེད་དགོས་ལ། འབྲེལ་ཡོད་ཀྱི་དངོས་པོའི་བྱེ་བྲག་དང་སྣང་འཆར་གསལ་བར་བྱེད་པ། སྦྱང་བྱའི་དོན་ལ་གོ་བ་ལོན་པར་བྱ་རྒྱུ། བློ་འབྱེད་རང་བཞིན་གྱི་རྩ་དོན་ནི་སློབ་ཁྲིད་ཁྲོད་དགེ་རྒན་གྱིས་སློབ་མར་སློབ་སྦྱོང་གི་གལ་ཆེའི་རང་བཞིན་ལ་སྐུལ་མ་བྱེད་པ་དང་། ཚན་རིག་ཤེས་བྱ་ལ་ཧུར་བརྩོན་གྱིས་བསམ་བློ་གཏོང་བ་དང་རང་རྟོགས་ཀྱིས་ཉམས་ཞིབ། ནང་བྱན་ཆུད་པ་དང་། གནད་དོན་ལ་དབྱེ་ཞིབ་དང་། བདེན་དོན་འཚོལ་རྟོགས་ཀྱི་བསམ་བློ་དང་མི་ཆོས་བརྩེ་བ་རྐང་ཆགས་ཐུབ་པ་བྱེད་པ། རིམ་བཞིན་གོང་འཕེལ་གྱི་རྩ་དོན་ནི་སློབ་ཁྲིད་དེ་སློབ་ཚན་གྱི་མ་ལག་གཏན་ཚིགས་དང་སློབ་མའི་ཤེས་རྟོགས་གོང་འཕེལ་གྱི་གོ་རིམ་དང་བསྟུན་ནས་མདུན་སྐྱོད་བྱེད་དགོས་ལ། སློབ་མ་ལ་རྨང་གཞིའི་ཤེས་བྱ་དང་། རྩ་བའི་ནུས་པ་མ་ལག་ལྡན་པའི་སྒོ་ནས་རྟོགས་སུ་འཇུག་པ་དང་། ཚགས་དམ་པོའི་གཏན་ཚིགས་ཅན་གྱི་བསམ་བློ་བསྐྲུན་རྒྱུ། བརྟན་བརླིང་རང་བཞིན་གྱི་རྩ་དོན་ནི་སློབ་ཁྲིད་ཀྱིས་སློབ་མས་གོ་རྟོགས་ཐུབ་པའི་རྨང་གཞིའི་ཐོག་ཤེས་བྱ་དང་ལག་རྩལ་ལ་རྨང་གཞི་བརྟན་པོས་རྐང་ཆགས་པ་ལ་ལམ་སྟོན་དང་།དུས་ཡུན་རིང་བོའི་ནང་ཡིད་ལ་འཛིན་ཐུབ་པ། དགོས་མཁོ་དང་བསྟུན་ནས་མྱུར་དུ་སྔོག་འདོན་ཐུབ་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་བེད་སྤྱོད་ཐུབ་པར་གཏོང་རྒྱུ། འཕེལ་རྒྱས་རང་བཞིན་གྱི་རྩ་དོན་ནི་སློབ་ཁྲིད་ཀྱི་ནང་དོན་དང་བྱེད་ཐབས། མྱུར་ཚད་བཅས་ཏེ་སློབ་མའི་འཕེལ་རྒྱས་ཀྱི་ཆུ་ཚད་དང་བསྟུན་དགོས་མོད། འོན་ཀྱང་དཀའ་ལས་ངེས་ཅན་ཞིག་ཡོད་པ་ནི་ཁོ་ཚོའི་འབད་བརྩོན་གྱི་གོ་རིམ་དམ་འཛིན་དང་། སློབ་མའི་ལུས་སེམས་འཕེལ་རྒྱས་ལ་ནུས་པ་ཐོན་པའི་སྒོ་ནས་སྐུལ་སྤེལ་གཏོང་ཐུབ་རྒྱུ་དེ་ཡིན། སྣོད་བསྟུན་ཁྲིད་སྟོན་གྱི་རྩ་དོན་ནི་དགེ་རྒན་གྱིས་སློབ་མའི་དངོས་པོའི་གནས་ཚུལ་དང་སློབ་མ་སོ་སོའི་ཁྱད་པར་དང་རང་གཤིས་ཀྱི་ཁྱད་ཆོས་ནས་མགོ་བརྩམས་ཏེ།ཁྱད་པར་ལྡན་པའི་ངང་སློབ་ཁྲིད་བྱེད་རྒྱུ་དང་སློབ་མ་སྐྱོན་དག་ཐེར་དང་ཡོན་ཏན་སྐྱེད་སྲིང་བྱས་ནས་མཐོར་འདེགས་སུ་གཏོང་བ་བཅས་སོ། །རང་རྒྱལ་སློབ་གསོ་སྤྱིའི་རྩ་དོན་ཁྲོད་དུའང་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་བཅས་རྒྱུན་འཁྱོངས་བྱེད་པ་མཛུབ་སྟོན་དུ་འཛིན་པ་གཞིར་བཞག་ཐོག གོང་དུ་བཤད་ཟིན་པའི་རྩ་དོན་དག་བརྩི་སྲུང་བྱེད་རྒྱུ་དེ་ཡིན། རྩ་དོན་འདི་དག་ནི་སློབ་གསོ་རིག་པ་ཞེས་པའི་ནང་དུ་དུས་རབས་ཀྱི་དགོས་མཁོ་དང་འཚམ་པར། ནང་དོན་གསར་བ་དང་རྣམ་བཤད། ནུས་རྩལ་སོགས་ཐོབ་དགོས། ཞེས་པ་བཞིན་དུས་རབས་དང་བསྟུན་ནས་འཕེལ་རྒྱས་དང་སྔོན་གྱི་ཁྲིད་ཐབས་ལ་འདོར་ལེན་དང་ཁ་གསབ་བྱས་ཡོད་པས། རྩ་དོན་དང་ཁྲིད་ཐབས་དེ་དག་བྱེ་བྲག་ལ་བབས་ན་ཅུང་མི་མཐུན་ས་ཡང་མང་ཙམ་ཡོད། དཔེར་ན་དངོས་བརྒྱུད་རང་བཞིན་གྱི་རྩ་དོན་ལྟ་བུར་མཚོན་ན།① སློབ་གསོ་རིག་པར་དངོས་བརྒྱུད་སློབ་ཆས་ཡང་དག་པ་དང་དེང་རབས་རང་བཞིན་གྱི་ཐབས་ཤེས་སྤྱད་པ། ཞེས་པ་ལྟ་བུ་མི་མཐུན་པ་ཙམ་ལས། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་སོགས་རྩ་དོན་གཞན་དག་ཕལ་ཆེར་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལ་མཐུན་པས་དཔེར་མཚོན་ཙམ་བཀོད་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་སྐད་ཡིག་དང་སློབ་གསོ②ཞེས་པར། བློ་འབྱེད་རང་བཞིན་གྱི་ཁྲིད་ཐབས་ནི། དེ་སྔོན་གདན་ས་ཆེན་པོ་རྣམས་སུ་གཞུང་ཆེན་པོའི་སློབ་ཁྲིད་གནང་སྐབས་དགེ་རྒན་གྱིས་གསུངས་པ་ཙམ་མ་ཡིན་པར་དགེ་སློབ་ཕན་ཚུན་དྲི་བ་དྲིས་ལན་དང་། བགྲོ་གླེང་གི་ཐབས་ཤེས་ཟུང་འབྲེལ་གནང་བའི་རྒྱུ་མཚན་ཡང་དེར་ཐུག་པ་ཡིན་ཞིང་། དེ་ལ་གོང་དུ་བཤད་པ་ལྟར་གྱི་ཁྱད་ཆོས་ཆེན་པོ་ཡོད་པ་དང་། ཞེས་པ་དང་། ད་དུང་སློབ་སྦྱོང་སྔོན་གྱི་སློབ་གསོ་དང་སློབ་ཚན་བསྐྱར་སྦྱོང་། དངོས་སྦྱོང་། ཟབ་སྦྱོང་། གཞན་ཟུར་བཀོད་སློབ་ཚན་སོགས་ཁོང་གི་གསུང་རྩོམ་ནང་དུ་རེ་རེ་བཞིན་བཀོད་ཡོད་ལ་དེང་རབས་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་རྩ་དོན་དང་སློབ་ཁྲིད་བྱེད་ཐབས་དང་མ་འགལ་བར་ལག་ལེན་སྤྱོད་ཆོག་པའི་ཁྲིད་ཐབས་དག་ཡིན་ནོ། །
མཇུག་སྡོམ།
དངོས་པོ་གང་ཞིག་ལ་ཡོད་པའི་མིང་བརྡ་དེ་ཡིས་དངོས་པོ་དེའི་བྱེད་ནུས་དང་དཔེ་དབྱིབས་སོགས་ལ་བལྟོས་ནས་དོན་སྟོན་པ་ཡིན་ལ། དངོས་པོ་དེ་དག་བཀོལ་སྤྱོད་དང་ལག་ལེན་གྱི་ཁྲོད་དུ་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་བྱེད་ནུས་ལའང་འགྱུར་བ་ཐེབས་བཞིན་ཡོད་པས། དེ་ལྟ་བུའི་འགྱུར་ལྡོག་ཁྲོད་དུ་རང་རང་གི་དགོས་མཁོ་དང་འཚམ་པའི་བྱེ་བྲག་གི་མིང་བརྡ་རེ་ཡང་འབྱུང་སྲིད་པ་ཡིན། དེ་བས་དེང་གི་སློབ་ཁྲིད་བྱེད་ཐབས་ལ་ཡོད་པའི་མིང་བརྡའི་དབྱེ་བ་དེ་དག་ཀྱང་སྔར་གྱི་སྲོལ་རྒྱུན་ཁྲིད་ཐབས་ཀྱི་མིང་བརྡ་དག་གཞིར་བཟུང་བའི་ཐོག་སྔར་ལས་འཐུས་ཚང་དང་གཞུང་ལུགས་ཅན་དུ་གྱུར་ཡོད་ལ། སྲོལ་རྒྱུན་ཁྲིད་ཐབས་ནི་མིང་གི་དབྱེ་བ་ལ་ཁྱད་པར་ཡོད་པ་ལས། དོན་གྱི་བྱེད་ནུས་ཐད་དུ་དེང་གི་སློབ་ཁྲིད་བྱེད་ཐབས་དང་མ་འགལ་བར་སྤྱོད་ཆོག་པར་འདོད་དོ། །
* མཆོག་སྐྱབས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2019ལོའི་ཆོས་ལུགས་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
① 王道俊 郭文安 教育学 人民教育出版社2009:230
② སློབ་གྲྭ་ཆུང་འབྲིང་གི་དེང་རབས་སློབ་གསོའི་ཁྲིད་ཐབས་འདི་དག་ནི་རང་རྒྱལ་གྱི་རྒྱལ་ཡོངས་རང་བཞིན་གྱི་སྤྱིར་བཏང་མཐོ་རིམ་སློབ་གསོའི་སྒྲིག་བཀོད་སློབ་དེབ་གཞིར་བཞག་ནས་དེའི་ནང་གི་རྩ་དོན་དང་ཁྲིད་ཐབས་ཀྱི་ཚན་པ་དག་ཚུར་བསྒྱུར་བ་ཡིན།
① དུང་དཀར་བློ་བཟང་འཕྲིན་ལས། སྐད་ཡིག་དང་སློབ་གསོ། [M] མི་རིགས་དཔེ་སྐྲུན་ཁང་། 2015:166
② ཐུབ་བསྟན་ཕུན་ཚོགས། བོད་ཡིག་ཚིག་གཏེར་རྒྱ་མཚོ། སྟོད་ཆ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014:1148
③ དག་ཡིག་གསར་བསྒྲིགས། དག་བཅོས་མ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015:814
④ ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པ། བོད་རྒྱ་ཚིག་མཛོད་ཆེན་མོ། སྨད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 2018:2786
① ཀུན་དགའ་དབང་ཕྱུག ལེགས་སྦྱར་སྒྲ་རིག་པའི་འཇུག་སྒོ་ཀུན་དགའ་སར་བའི་འཛུམ་ཟེར། [M] མི་རིགས་དཔེ་སྐྲུན་ཁང་། 2017:25
② 王道俊 郭文安 教育学 人民教育出版社 2009:212
① 王道俊 郭文安 教育学 人民教育出版社 2009:217
② དུང་དཀར་བློ་བཟང་འཕྲིན་ལས། སྐད་ཡིག་དང་སློབ་གསོ། [M] མི་རིགས་དཔེ་སྐྲུན་ཁང་། 2015:186