ཡི་གེའི་གདངས་དང་ང་རོ།

ཚེ་དཔལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


[གནད་བཏུས] ཡི་གེ་ནི་སྒྲ་གཟུགས་དོན་གསུམ་གྱི་བདག་ཉིད་ཅན་ཡིན་མོད། དཔྱད་རྩོམ་འདིའི་ནང་དུ་ཡི་གེའི་སྒྲ་དང་གཟུགས་བར་གྱི་འབྲེལ་བ་གཙོར་བཟུང་ནས། བོད་ཡིག་གི་སྒྲ་ཇི་ལྟར་གཟུགས་སུ་ཕབ་པའི་དོན་དངོས་ལ་རྟོག་དཔྱོད་བྱས་ཏེ། ཡི་གེའི་གཟུགས་ནི་དབྱངས་ཀྱི་མཚམས་ནས་སྔ་གཞུག་ཆ་གཉིས་སུ་བགོ་རུང་བ་ཇི་བཞིན་དུ། སྒྲའང་དེ་ལྟར་དུ་གདངས་དང་ང་རོ་ཞེས་པའི་ཆ་གཉིས་སུ་དགར་ཆོག་པའི་ལྟ་བ་བཏོན་ཡོད་ལ། དེ་དང་འབྲེལ་ནས། ངག་ནས་སྒྲ་དབྱུང་བའི་བརྒྱུད་རིམ་དང་། དབྱངས་གསལ་གཉིས་ཀྱི་སྒྲའི་ཁྱད་པར། སྒྲའི་ཡུལ་སྐད་ཀྱི་ཁྱད་པར། ཡི་གེའི་སྦྱོར་ཀློག་ལ་སོགས་པ་བོད་ཀྱི་སྒྲ་གཞུང་གི་རྩ་བའི་ཤེས་བྱ་དག་ལ་སྔ་མ་དང་དེ་ཙམ་མི་མཐུན་པའི་དཔྱད་པ་བྱས་ཡོད།

[གནད་ཚིག] ཡི་གེའི་སྒྲ། ཡི་གེའི་གཟུགས། གདངས། ང་རོ། དབྱངས་གསལ། སྦྱོར་ཀློག

དང་པོ། གླེང་སློང་བ།

བོད་ཀྱི་ཡི་གེའི་སྒྲ་གདངས་ལ་དུས་ཀྱི་འགྱུར་བ་བྱུང་དང་འབྱུང་བཞིན་ཡོད་ལ། དེར་ས་ཁུལ་ཡུལ་ཕྱོགས་ཀྱི་ཁྱད་པར་ཡང་ཧ་ཅང་ཆེ་སྟབས། དུས་ད་ལྟའི་ཆར། གཟུགས་གཅིག་ལ་སྒྲ་ཐ་དད་དུ་ཀློག་པའི་ཡི་གེ་ཅུང་མང་ངོ་། ། དེའི་ཕྱིར་དུ། སྔོན་བྱོན་མཁས་དབང་རྣམས་ཀྱིས་སྒྲ་གཞུང་རྟགས་ཀྱི་འཇུག་པ་ལ་དགོངས་འགྲེལ་རབ་དང་རིམ་པ་ཞུས་ཏེ། སྒྲ་གདངས་གཅིག་གྱུར་གྱི་ཐད་ལ་འབད་འབུངས་མཐའ་མེད་པ་མཛད་ཀྱང་། སྒྲ་ནི་རྣ་བའི་ཡུལ་ཡིན་གྱི། དབང་བོ་གཞན་གྱི་ཡུལ་མ་ཡིན་ནོ། །① ཞེས་ཡི་གེའི་སྒྲ་གདངས་ཀྱི་ཁྱད་པར་དེ་སྐྱེ་བོ་སོ་སོའི་རྣ་དབང་གི་ཚོར་བ་ཁོ་ནར་བསྟུན་པ་ལས་ཐབས་གཞན་མེད་པས། ཀུན་གྱི་དགོངས་པའང་མཐའ་གཅིག་ཏུ་མ་ངེས་སོ། །

དེང་སྐབས་རྩིས་འཁོར་ལག་རྩལ་ཡར་རྒྱས་སུ་སོང་བ་དང་བསྟུན་ནས། སྒྲ་གདངས་ཞིབ་འཇུག་གི་ཐད་ལ་ཐབས་ལམ་ངོ་མཚར་བ་ཞིག་རྙེད་ཡོད་དེ། སྒྲའི་ཁྱད་པར་དང་། མཐོ་དམའ་དང་། གྲིམ་ལྷོད་སོགས་ཅི་འདྲ་བ་དེ་ལྟར་དུ་གཟུགས་དབང་མིག་ཤེས་ཀྱི་ལམ་དུའང་གསལ་བོར་བསྟན་དུ་ཡོད་དོ། ། དེའི་རྐྱེན་གྱིས། ཉེ་བའི་དུས་འདིར། བོད་སྐད་ཡིག་གི་སྒྲ་གདངས་ལ་ཞིབ་འཇུག་གནང་བའི་འཕྲིན་ལས་ཤིན་ཏུ་རྒྱས་ཡོད་ལ། དེའི་ཐད་ལ་དཔྱད་འབྲས་ཀྱང་གཡུར་དུ་ཟ་བ① བླངས་ཡོད། ཡིན་ཡང་།བོད་ཡིག་གི་སྒྲ་གདངས་ལ་སྐད་རིགས་གཞན་དང་མི་མཐུན་པའི་ཁྱད་ཆོས་མང་པོ་ཡོད་དེ། དཔེར་ན། ཡི་གེའི་སྐྱེ་གནས་བྱེད་རྩོལ་དང་། དབྱངས་གསལ་གྱི་དབྱེ་བ་དང་།རྟགས་ཀྱི་དབྱེ་བ་དང་། རྐྱང་འདོགས་བརྩེགས་གསུམ་དང་། འཕུལ་རྟེན་ཡང་འཇུག་ལ་སོགས་པའི་རྣམ་གཞག་ཡོད་པ་མ་ཟད། སྦྱོར་ཀློག་གི་མན་ངག་ཀྱང་བསླབ་ཏུ་ཡོད་དོ། ། འདི་དག་ནི་བོད་སྐད་ཡིག་གི་ཆེས་རྨང་གཞིར་གྱུར་པའི་སྒྲ་གདངས་ཀྱི་ཤེས་བྱ་ཡིན་པས། ལས་དང་པོ་བ་ཚོས་ཅིས་ཀྱང་ངེས་པར་རྟོགས་དགོས་པའི་གནད་དམ་པ་ཡིན། འདིར་ཁོ་བོ་རང་གིས་བོད་ཡིག་གི་སྒྲ་གདངས་ལ་སློབ་སྦྱོང་བྱས་པའི་གོ་རིམ་དུ། སྒྲ་རིག་པའི་རྨང་གཞིའི་ཤེས་བྱ་འདི་དག་ལ་ངོས་འཛིན་ཇི་ལྟར་བྱས་པ་ཀུན་གྱི་སྤྱན་སྔར་ཕུལ་བ་ལགས་མོད། ནོངས་པའི་ཆ་ཅི་ཡོད་ལ་ཀུན་གྱིས་བསམ་འཆར་ལྷུག་པོར་སྩོལ་རོགས་ཞུ།

གཉིས་པ། དྲིལ་བུ་དང་ངག་གི་སྐྱེ་གནས་བྱེད་རྩོལ།

བརྡ་སྤྲོད་རིག་པའི་གཞུང་དུ། ཡི་གེའི་སྒྲ་རྣམས་འབྱུང་བའི་རྒྱུ། ། རྣམ་པ་བཞི་རུ་ཤེས་བྱ་སྟེ། ། སྐུལ་སློང་སེམས་ཀྱི་བྱེད་པོ་ཉིད། ། དྲིལ་བུ་འཁྲོལ་བ་པོ་དང་མཚུངས། ། དེ་དང་ལྷན་སྐྱེས་རླུང་འབྱུང་བ། ། སྐུལ་བྱེད་རྒྱུ་སྟེ་དྲིལ་ལྕེ་ནི། ། རླུང་གིས་བསྐྱོད་པས་སྒྲ་འབྱུང་བཞིན། །ཕྲད་བཙུམ་བྱེད་རྩོལ་འབྱིན་པའི་རྒྱུ། ། དྲིལ་བུའི་ལྕེ་དང་གཉིས་སུ་མེད། ། གནས་ནི་འབྱུང་བའི་གཞི་ཡིན་ཏེ། ། དྲིལ་བུའི་ཁོག་པ་ཇི་བཞིན་ནོ། །② ཞེས་ཡི་གེའི་སྒྲ་ཇི་ལྟར་དབྱུང་བའི་ཚུལ་སྟོན་པ་ལ། སྔོན་བྱུང་མཁས་དབང་དག་གིས་དྲིལ་བུ་དཔེར་བཀོད་ཡོད་དོ། །དེ་ཡང་ཚན་རིག་ཞིབ་འཇུག་པས་དཔྱད་པ་ལྟར་ན། སྒྲ་ནི་ཤིན་ཏུ་འདར་ཞིང་རབ་ཏུ་སྐྱོམ་པའི་ངོ་བོ་སྟེ། དངོས་པོ་གང་ཞིག་མ་འདར་མ་བསྐྱམས་ན་དེ་ལས་སྒྲ་སྐྱེ་མི་སྲིད་དོ། ། འདར་སྐྱོམ་གྱི་ཁོད་རྒྱ་དོག་པོ་ལས་སྒྲ་ཞན་པ་དང་། ཁོད་རྒྱ་ཡངས་པོ་ཅན་ལས་སྒྲ་དྲག་པོ་འབྱུང་ངོ་། ། ཤིན་ཏུ་འདར་བའང་རབ་ཏུ་སྐྱོམ་པས་སྒྲ་གྲིམ་པ་དང་། ལྷོད་པོས་སྒྲ་ལྷོད་པོར་འགྱུར་རོ། ། ཞེས་འདོད་དོ། །དྲིལ་བུ་དཀྲོལ་བའི་སྒྲ་ཡང་འདི་ལྟར་བྱུང་བ་ཡིན་པར་འདོད་དེ། སྐྱེ་བོས་དྲིལ་བུ་འཁྲོལ་བ་ན། དྲིལ་ལྕེས་དྲིལ་བུའི་ཁ་ཁྱུད་ལ་བརྡབས་པས་དྲིལ་བུའི་ལུས་འདར། དེས་ཁོག་པའི་ནང་གི་རླུང་བསྐྱམས། དེས་ཀྱང་ཁོར་ཡུག་གི་རླུང་གཡོས་ཤིང་ཆུའི་རླབས་བཞིན་ཕྱོགས་སུ་བར་མེད་པར་མཆེད་པས། མཐར་འཁྲོལ་བ་པོ་དང་བཅས་པའི་མིའི་རྣ་དབང་གཟུགས་ཅན་པ་དེ་བསྐྱམས་པས་ན་སྒྲའི་ཚོར་བ་བསྐྱེད་པ་ཡིན་ནོ། ཞེས་སོ། །དྲིལ་བུ་ལ་མཚོན་ན། སྒྲའི་སྐྱེ་གནས་དང་བྱེད་པ་དང་རྩོལ་བ་གསུམ་ལ་ངོས་འཛིན་བྱ་བདེ་བ་ཡིན་ཏེ། སྒྲའི་སྐྱེ་གནས་ནི་དྲིལ་བུའི་ལུས། སྒྲའི་བྱེད་པ་ནི་དྲིལ་ལྕེ། སྒྲའི་རྩོལ་བ་ནི་བྱེད་པ་དྲིལ་ལྕེ་དེ་ཕར་སྐྱེ་གནས་ཏེ་དྲིལ་བུའི་ལུས་ལ་ཤུགས་ཅི་ཙམ་གྱིས་འཕྲད་པར་འགྱུར་བའི་རྣམ་པ་དག་ལའོ། ། དེ་བས། གནས་དང་བྱེད་པ་དང་རྩོལ་བ་གསུམ་ནི། སྒྲ་གང་ཞིག་དབྱུང་བར་བྱ་བ་ལ། སྐྱེ་གནས་གང་དུ། བྱེད་པ་ཅི་ཞིག། ཚུལ་ཇི་ལྟ་བུའི་སྒོ་ནས་འཇུག་དགོས་པ་རྗོད་བྱེད་ཀྱི་བརྡ་ཆད་གསུམ་མོ། །སྐྱེ་གནས་ལའམ། བྱེད་པ་ལའམ། རྩོལ་བ་ཅི་ལ་འགྱུར་བ་ཕྲན་ཙམ་བཏང་བས་ཀྱང་། དྲིལ་བུའི་སྒྲ་ནི་ཐ་དད་པར་འགྱུར་ངེས་ཏེ། དྲིལ་བུའི་དབྱིབས་དང་ཆེ་ཆུང་།ལྕེའི་རྒྱུ་ཆ་དང་ལྕེ་ཐག་གི་རིང་ཐུང་། ཤིན་ཏུ་འཕྲད་པ་དང་ཅུང་ཙམ་འཕྲད་པ་ལ་སོགས་པའི་ཁྱད་པར་གྱིས། དྲིལ་བུ་སྣ་ཚོགས་པའི་སྒྲ་འབྱུང་བ་མངོན་སུམ་མོ། ། དྲིལ་བུ་གང་ཞིག་ལས། འཁྲོལ་བ་པོས་ཕྱག་གིས་གསིལ་བའི་ཤུགས་ཀྱི་ཁྱད་པར་གྱིས་སྒྲ་ཐ་དད་དུ་འབྱུང་བ་ནི། དྲིལ་བུའི་སྒྲ་སྣ་ཚོགས་དང་། དྲིལ་བུའི་ཁྱད་པར་གྱིས་སྒྲ་ཐ་དད་དུ་འབྱུང་བ་ནི་དྲིལ་བུ་སྣ་ཚོགས་ཀྱི་སྒྲའོ། །ཡི་གེའི་སྒྲའང་སྐྱེ་གནས་བྱེད་རྩོལ་ལས་བྱུང་བ་ཡིན་ཏེ། བོད་ཡིག་ཀློག་ཐབས་བསྡུས་གསལ་མེ་ལོང་དུ། དེ་ཡང་སྐྱེ་གནས་རྣམ་པ་བརྒྱད། ། ཁོག་པ་མགྲིན་པ་མཆུ་དང་སོ། ། སྤྱི་བོ་སྣ་དང་རྐན་ལྕེའོ། ། ཞེས་དང་། བྱེད་རྩོལ་ལ་ནི་རྣམ་པ་དྲུག ། ཕྲད་དང་ཅུང་ཟད་ཕྲད་པ་དང་། ། ཕྱེ་དང་བཙུམ་དང་དོག་ཡངས་བཅས། །① ཞེས་གསུངས་ཀྱང་། དེང་རབས་སྐད་བརྡ་རིག་པའི་གཞུང་དང་བསྡུར་ན། ཅུང་ཟད་རགས་པར་མཐོང་བས་འདིར་ཡང་ལུགས་ཕྱི་མ་དེའི་རྗེས་འཛིན་པར་བྱའོ། །

རི་མོ་དང་པོ། སྒྲའི་སྐྱེ་གནས་དང་བྱེད་པ།②དཔེ་རིས་དང་པོ་ལས་གནས་བཅུ་བདུན་པ་སྟེ་མིད་པ་ཕུད་པའི་གནས་གཞན་དག་ནི་ཡི་གེའི་སྒྲ་འབྱིན་པའི་ལས་ལ་མངོན་པར་འཇུག་པའི་དབང་བོའི་ཆ་ཤས་ཡིན་ལ། དེ་དག་ལས། ཀླད་ཀོར་གྱིས་ཁོག་པ་སྟེ་མཆུ་དང་ལྕེ་ཆུང་གི་བར་གྱི་སྟོང་བའི་ཆ་དང་། བཅོ་བརྒྱད་པས་སྣ་སྟེ་སྣ་དང་ལྕེ་ཆུང་གི་བར་གྱི་སྟོང་ཆ། བཅུ་གསུམ་པས་མགྲིན་པ་སྟེ་ལྕེ་ཆུང་དང་གྲེ་བའི་བར་གྱི་སྟོང་ཆ་བཅས་མཚོན་ནོ། །
ཁོག་པ་དང་མགྲིན་པ་དང་སྣ་གསུམ་ནི་གཞི་གཅིག་ཏུ་འདྲེས་ཏེ་སྦུབས་དབྱིབས་ཁྱད་པར་བ་ཞིག་ཆགས་ཡོད་ལ། རླུང་གི་འདར་སྐྱོམ་གང་ཞིག་སྦུབས་འདིའི་དབྱིབས་ཀྱི་འགྱུར་བ་ལ་བརྟེན་ནས་སྒྲ་སྣ་ཚོགས་སྨིན་པར་བྱེད་དོ། །
གནས་དེ་དག་ལས། དང་པོ་ནས་དྲུག་པ་བར་ཡ་མགལ་དང་། བདུན་པ་བརྒྱད་པ་གཉིས་མ་མགལ་དང་། དགུ་པ་ནས་བཅུ་བཞི་པ་རྣམས་ལྕེ་དང་འབྲེལ་ཡོད་དོ། ། གྲེ་བ་ནི་རྒྱུ་སྲབ་ལ་ཤིན་ཏུ་མཉེན་པ་དང་། ཟླ་གམ་ཁ་སྤྲོད་ཀྱི་གཟུགས་སུ་ཆགས་ཡོད་ཅིང་། རྒྱུ་བ་རླུང་གི་ཤུགས་ཀྱིས་རབ་ཏུ་གཡོ་ཞིང་འདར་བའི་ངོ་བོ་ཅན་ཏེ་སྒྲའི་རྒྱུ་ཐོག་མ་དེའོ། ། ངག་ནས་ཡི་གེ་བརྗོད་པའི་ཚེ་ན། ཡ་མགལ་གྱི་གནས་དག་ལ་འགྱུར་བ་ཤིན་ཏུ་ཆུང་ཡང་། མ་མགལ་ནི་ཅིས་ཀྱང་འགུལ་ཏེ་བསྐྱོད་དགོས་ལ། ལྷག་པར་དུ་ལྕེའི་འགྱུར་བའང་ཤིན་ཏུ་སྐྱེན་པས། ཡ་མགལ་གྱི་གནས་དག་ལ་སྐྱེ་གནས་དང་། མ་འགལ་གྱི་གནས་དག་ལ་བྱེད་པ། སྐྱེ་གནས་གང་དུ་བྱེད་པ་ཅི་ཡིས་ཕྲད་པའམ། ཅུང་ཟད་ཕྲད་པ་ལ་སོགས་པའི་ལས་ཀྱི་དབྱེ་བ་དག་ལ་རྩོལ་བ་ཞེས་ངོས་འཛིན་བྱས་ན། གཅིག་ནས་དོན་དངོས་དང་མཐུན་ལ། གཉིས་ནས་ལས་དང་པོ་བ་དག་གིས་ཀྱང་རྟོགས་སླའོ། །

གསུམ་པ། དུང་དཀར་དང་དབྱངས་ཀྱི་སྒྲ།

དབྱངས་ཡིག་གི་སྒྲ་ཇི་ལྟར་དབྱུང་བའི་ཚུལ་གསལ་བར་བྱ་བ་ལ། དཔེར་བརྗོད་ཀྱི་ཚུལ་དུ་ཐོག་མར་ཆོས་དུང་དཀར་པོ་ལས་སྒྲ་ཇི་ལྟར་དབྱུང་བའི་གོ་རིམ་ལ་རགས་ཙམ་དཔྱད་པར་བྱ་སྟེ། དུང་དཀར་པོའི་སྒྲ་གསལ་ཞིང་ལྷང་ངེ་བ་ཞིག་ཐོས་རྒྱུ་ཡོད་པ་དེ་ཡང་། ཐོག་མར་འབུད་མཁན་སྐྱེ་བོས་དབུགས་བརྔུབས་ནས་རླུང་བསགས། ཆོས་དུང་དཀར་པོའི་མིག་ལ་མཆུ་སྦྱར་ནས།དེ་ལ་དེ་འཚམ་གྱི་སྒོ་ནས་དབུགས་ཀྱི་རྒྱུ་བ་ཕྱིར་དབྱུང་བ་ན། མཆུ་སྒྲོས་ཀྱི་འདབ་མ་ཤིན་ཏུ་འདར་ཞིང་རབ་ཏུ་བསྐྱམས། དེས་ཆོས་དུང་གི་སྦུབས་སུ་ཆགས་པའི་རླུང་ཁམས་རབ་ཏུ་བསྐུལ་ཅིང་ཀུན་ནས་གཡོས། དེས་ཀྱང་ཁོར་ཡུག་གི་རླུང་ཁམས་བར་མེད་པར་གཡོས་ཤིང་ཕྱོགས་སུ་མཆེད་པས་རྣའི་དབང་བོ་བསྐུལ་ཏེ་སྒྲའི་ཚོར་བ་བསྐྱེད་པ་ཡིན་ནོ། །རྔ་བོ་ཆེའི་སྒྲ་ལ་བསྟེན་ནས་བརྡུང་བྱ་རྔ་བོ་ཆེ་དག་གི་ཁྱད་པར་འབྱེད་ཐུབ་ཀྱང་རྡུང་མཁན་གྱི་སྐྱེ་བོ་སུ་ཡིན་དཔོག་མི་ནུས་པ་ཇི་བཞིན་དུ། དུང་སྒྲའི་ཁྱད་པར་ཡང་ཆོས་དུང་དག་གི་སྦུབས་རྒྱ་དང་ནང་རྐན་གཉེར་གྱིས་འབྱེད་པ་ཡིན་གྱི། འབུད་མཁན་གྱི་སྐྱེ་བོ་སུ་ཡིན་ལ་མི་བལྟོས་པ་ཡིན་ནོ། ། སྐྱེ་བོའི་མཆུ་སྒྲོས་སུ་སྐྱེས་པའི་དབུགས་རྒྱུའི་འདར་སྐྱོམ་ནི་དུང་སྒྲ་སྐྱེད་བྱེད་ཀྱི་ཐོག་མའི་རྒྱུ་ཡིན་ལ། རྒྱུ་དེ་ཆོས་དུང་གི་སྦུབས་སུ་ཞུགས་པ་ན་ད་གཟོད་དུང་སྒྲའི་འབྲས་བུ་དངོས་སུ་སྨིན་པ་ཡིན་ནོ། །དེ་ན་དུང་སྒྲའི་སྐྱེ་གནས་དང་བྱེད་རྩོལ་གང་ཞེ་ན། དུང་དཀར་གྱི་སྦུབས་ལས་གཞན་ཞིག་བསྟན་དུ་མེད་དེ། སྦུབས་དེའི་བར་སྟོང་གི་ཆ་དང་། ནང་གི་རྐན་གཉེར་གྱི་ཆགས་ལུགས་ཇི་ལྟ་བ་དེ་ནི་དུང་སྒྲའི་སྐྱེ་གནས་དང་བྱེད་རྩོལ་རང་ཡིན་ནོ། ། དེ་བས། དུང་སྒྲ་དབྱུང་བའི་སྐབས་སུ། ཆོས་དུང་གི་སྐྱེ་གནས་དང་བྱེད་རྩོལ་ལ་འགྱུར་བ་མེད་ལ།དཔེ་འདི་ཡིས་དབྱངས་ཡིག་གི་སྒྲ་འབྱིན་སྟངས་བློ་ལ་ངེས་པར་བྱའོ། །ངག་ནས་སྒྲ་གང་ཞིག་འབྱིན་པའི་དུས་ནའང་།ངག་གི་སྐྱེ་གནས་གང་ལ། བྱེད་པ་ཅི་ཡིས། རྩོལ་བ་ཇི་ལྟ་བུར་སྦྱར་བ་ན། སྐྱེ་བོའི་ཁ་སྣ་ནས་གྲེ་བ་ལ་ཐུག་རག་བར་དུ་སྦུབས་སྟོང་གི་ཆ་ཞིག་ངང་གིས་འགྲུབ་ཡོང་ལ། སྦུབས་དེ་རུ་གྲེ་བའི་འདར་སྐྱོམ་ཞུགས་པ་ན་ངག་ནས་སྒྲ་དབྱུང་བ་ཡིན་ནོ། །དེ་ཡང་། བརྗོད་མེད་ལུས་ཀྱི་རྣམ་པ་གསལ་བྱེད་གཟུགས། ། བརྗོད་པ་སྲོག་གི་འཛིན་པ་བཅུ་དྲུག་དབྱངས། །① ཞེས་གསུངས་པ་བཞིན་དུ། དབྱངས་ལ་རང་སྒྲ་དབྱུང་དུ་ཡོད་པ་དང་གསལ་བྱེད་ནི་སྲོག་མེད་དེ་བརྗོད་དུ་མེད་པའོ། ། སྤྱིར་ན་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ཞེས་གྲངས་ངེས་པར་གྲགས་ཆེ་མོད། འོན་ཀྱང་། ཨ་ཡིག་དབྱངས་གསལ་གཉིས་ལས་གང་དུ་གཏོགས་པའི་ཐད་ལ་མཁས་པའི་བཞེད་པ་མི་མཐུན་པ་ཡོད་དེ། ཨ་ཡིག་གསལ་བྱེད་དུ་འདོད་པ་གྲགས་ཆེ① ལ།དབྱངས་སུ་བགྲངས་པ② འང་ཡོད། མ་ཟད་ཨ་ཡིག་ལ་དབྱངས་བྱེད་པའི་སྐབས་དང་གསལ་བྱེད་བྱེད་པའི་སྐབས་གཉིས་ཡོད③ པར་ཡང་འདོད་དོ། ། དགོངས་པ་བར་མ་འདི་ལེགས་པར་མཐོང་ངོ་། །

ཨ་ཨི་ཨུ་ཨེ་ཨོའི་སྒྲ་གང་ཞིག་སྐྱེ་བོའི་ངག་ནས་དབྱུང་བར་བྱ་བ་ལ། ཐོག་མར་དབུགས་བརྔུབས་ཏེ་ཁོག་པའི་སྟོད་དུ་རླུང་བསགས། དེ་ནས་དབྱངས་དེའི་སྐྱེ་གནས་བྱེད་རྩོལ་ཇི་ལྟ་བ་དེ་ལྟར་དུ་སྦྱར་བས། དབྱངས་དེ་ཉིད་ཀྱི་སྒྲ་སྨིན་སའི་གཞི་སྟེ་སྐྱེ་བོའི་ངག་ཏུ་སྦུབས་སྟོང་གི་ཆ་ཞིག་ངང་གིས་གྲུབ་ཡོད་ལ། དེ་ནི་ཆོས་དུང་གི་སྦུབས་རྒྱ་དང་གཉིས་སུ་མ་མཆིས་སོ། ། དེ་ནས་རླུང་གིས་གྲེ་བ་རྣམ་པར་གཡོས། ཤིན་ཏུ་འདར་ཞིང་རབ་ཏུ་སྐྱོམ་པའི་རླུང་གི་རྒྱུ་བ་དེ་སྒྲ་བསྐྱེད་སའི་སྦུབས་སུ་ཞུགས་པས་དབྱངས་དེའི་སྒྲ་བྱུང་བ་ཡིན་པས། གྲེ་བ་ནི་དུང་འབུད་པ་པོའི་མཆུ་སྒྲོས་དང་གཉིས་སུ་མེད་དོ། ། ཨ་སོགས་དབྱངས་ལྔ་བོ་ནི་རང་རང་གི་སྦུབས་སུ་གྲེ་བའི་འདར་འགུལ་ཞུགས་པས་སྒྲ་འབྱུང་བས་ན། སྐྱེ་གནས་དང་བྱེད་རྩོལ་གྱི་རྣམ་གཞག་ཧ་ཅང་མི་གསལ་ལོ། ། དེ་དག་ལས་ཨ་སྒྲ་ནི་ཆེས་འབྱིན་བདེ་བ་ཡིན་པས། འཇིག་རྟེན་སྐད་རིགས་ཀུན་ལ་ཡོད་པའི་ཐུན་མོང་གི་སྒྲ་ཞིག་ཏུ་གྱུར་ཡོད་དོ། །
སྐྱེས་ཕོ་མོ་དང་ལོ་རྒན་གཞོན་སུའི་ངག་ནས་ཨ་ཞེས་བརྗོད་པ་ན། སྒྲ་ལ་དྲག་ཞན་བར་མ་དང་གྲིམ་ལྷོད་རབ་འབྲིང་གི་ཁྱད་པར་ལྡན་ཡང་། ཉན་པ་པོ་ཐམས་ཅད་ཀྱིས་ཨ་རུ་ཐོས་པ་ལས་ཨི་སོགས་སུ་མི་འཁྲུལ་བའི་དོན་དངོས་འདི་ལས། རྗོད་མཁན་སོ་སོའི་ངག་ན་ཅིས་ཀྱང་ཐུན་མོང་གི་ཆ་ཞིག་ཡོད་པ་དཔོག་ཐུབ་སྟེ། ཨ་ཞེས་པའི་སྒྲ་འདི་བསྐྱེད་སའི་གཞི་དེའི་དབྱིབས་དང་རྣམ་པ་ཀུན་གྱི་ངག་ན་མཚུངས་པར་གནས་པ་ཡིན་ནོ། ། འདི་ནི་དབང་རྒྱལ་གྱིས་ཨ་ཞེས་བརྗོད་པའི་སྒྲ་དང་། དེ་ནི་དོན་ཡོད་ཀྱིས་སོ་ཞེས་ཉན་མཁན་གྱི་རྣ་བས་སོ་སོར་དབྱེ་ཞིང་འབྱེད་ཐུབ་པའི་རྒྱུ་མཚན་ནི། རྗོད་པ་པོའི་གྲེ་བའི་འདར་འགུལ་གྱི་ཁྱད་པར་ཡིན་ནོ། །ཨ་ཨི་ཨུ་ཨེ་ཨོ་གང་ཞིག་ངག་ནས་བརྗོད་པའི་དུས་ན། སྐྱེ་གནས་དང་བྱེད་རྩོལ་ལ་འགྱུར་བ་མེད་པ་དང་། དུས་དང་པོར་ཇི་ལྟར་གནས་པ་སྐད་ཅིག་རྗེས་མ་དག་ལའང་དེ་བཞིན་དུ་གནས་ཏེ་ཆོས་དུང་དང་དབྱེར་དུ་མེད་དོ། །དབྱངས་ནི་ཡི་གེ་སྟེ་སྒྲ་དང་གཟུགས་ཀྱི་བདག་ཉིད་ཅན་ཡིན་པས། གི་གུ་ནི་གཟུགས་དང་ཨི་ནི་སྒྲའོ། ། ཞབས་ཀྱུ་ནི་གཟུགས་དང་ཨུ་ནི་སྒྲ། འགྲེང་བུ་ནི་གཟུགས་དང་ཨེ་ནི་སྒྲ། ན་རོ་ནི་གཟུགས་དང་ཨོ་ནི་སྒྲ། ཨ་ནི་སྒྲ་དང་གཟུགས་སྟོང་བའོ། །ཨ་ཨི་ཨུ་ཨེ་ཨོ་ལྔ་ནི་བོད་ཡིག་གི་སྒྲ་ཐམས་ཅད་ཀྱི་སྲོག་ཡིན་ཏེ། དབྱངས་དེ་དག་མ་ཞུགས་པའི་ཡི་གེ་ནི་བཀླག་ཏུ་མེད་དོ། ། ཉན་པ་ཙམ་གྱིས། ཡི་གེ་སོ་སོར་སྒྲ་ཐ་དད་དུ་སྣང་མོད། དོན་དུ་ན་དབྱངས་ལྔ་བོའི་སྒྲའི་འགྱུར་བ་ཙམ་དུ་ཟད་དོ། །མགོ་ནག་མི་ཡི་དམར་ཆུང་ལྕེ་ལེབ་ཕྲ་མོ་འདི་མདུན་དུ་བསྲིང་ཐུབ་ལ་ནང་དུ་བསྐུམ་ཡང་ཆོག ཡར་གདེག་རུང་ལ་མར་མནན་ཀྱང་ཆོག གོང་བུར་དྲིལ་ཆོག་ལ་མཉམ་པོར་སྙོམ་ཡང་ཆོག། སྨྲ་བའི་སྒོ་མོ་འདི་ཡང་ཡངས་པོར་ཕྱེ་ཆོག་ལ་དམ་པོར་ཟུམ་ཡང་ཆོག དེར་མ་ཟད་གཡས་གཡོན་དུ་བཀྱེད་ཆོག་ལ་ཙོག་ཙོག་ཏུ་བསྡུ་ཡང་ཐུབ་པས་ན། བྱེད་པ་ལྕེ་དང་མཆུ་ཡི་རྣམ་འགྱུར་གྱིས། །ཡི་གེའི་ཁོག་པ་སྣ་ཚོགས་དབྱིབས་སུ་བསྒྱུར། ། ཆོས་དུང་མི་གཅིག་ཆེ་མ་ཆུང་གསུམ་གྱི། ། སྦུབས་ལས་ཇི་འབྱུང་དེ་བཞིན་ངག་ལས་སོ། །

བཞི་པ། གསལ་བྱེད་ཀྱི་སྒྲ

ཇི་སྐད་དུ། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། ། ཞེས་ཡི་གེ་ལ་སྒྲའི་ངོ་བོའི་སྒོ་ནས་དབྱངས་དང་གསལ་བྱེད་གཉིས་སུ་ངེས་པར་གསུངས་སོ། །① ཞེས་དང་། བརྗོད་མེད་ལུས་ཀྱི་རྣམ་པ་གསལ་བྱེད་གཟུགས། ། ཞེས་གསུངས་པ་བཞིན། གསལ་བྱེད་ནི་སྐྱེ་གནས་དང་བྱེད་རྩོལ་འབའ་ཞིག་ཙམ་ལས་རང་སྒྲ་ཐོན་དུ་མེད་པས། ཅིས་ཀྱང་དབྱངས་ཀྱི་སྲོག་ལ་བརྟེན་ནས་བཀླག་དགོས་སོ། །ཀ་ནས་ཧ་བར་གྱི་གསལ་བྱེད་དག་བཀླག་པའི་སྒྲ་ཐམས་ཅད་ནི་དབྱངས་ཀྱི་སྲོག་ཞུགས་པ་སྟེ། གསལ་བྱེད་ཀྱི་སྐྱེ་གནས་བྱེད་རྩོལ་ནས་དབྱངས་གང་ཞིག་གི་སྒྲ་དབྱུང་བ་ཡིན་ནོ། ། དཔེར་ན། ཀ་ནི་ཀ྄ཨ་དང་། ཀི་ནི་ཀ྄ཨི་དང་། ཀུ་ནི་ཀ྄ཨུ་དང་། ཀེ་ནི་ཀ྄ཨེ་དང་། ཀོ་ནི་ཀ྄ཨོ་སོགས་སུ་བཀླག་དགོས་པ་དང་། ངག་ནས་བརྗོད་པའི་དུས་ནའང་། ཐོག་མར་གསལ་བྱེད་སྲོག་མེད་ཀ྄་ཡི་སྐྱེ་གནས་ལ་བྱེད་པ་གང་ཞིག་རྩོལ་བ་ཇི་བཞིན་དུ་སྦྱར་བས་ཀ྄་ཡི་ངོ་བོ་གྲུབ། དེ་ནས་རིམ་པ་བཞིན་དུ་དབྱངས་ཨའམ། ཨིའམ། ཨུའམ། ཨེའམ། ཨོ་སོགས་དྲངས་པས། ཀ་ཀི་ཀུ་ཀེ་ཀོ་སོགས་ཀྱི་སྒྲ་ཐོན་པ་ཡིན་ནོ། །དེ་བས། གསལ་བྱེད་ངོས་འཛིན་སྐབས། ཀ་ཁ་ག་ང་ཞེས་ཀློག་པའི་སྒྲ་དག་ཀྱང་གསལ་བྱེད་རང་གི་སྒྲ་མ་ཡིན་པར། གསལ་བྱེད་ཀྱི་སྐྱེ་གནས་བྱེད་རྩོལ་ནས་དབྱངས་ཨ་དྲངས་པའི་སྒྲ་ཡིན་ཏེ། ཀ྄ཨ་ཁ྄ཨ་ག྄ཨ་ང྄ཨ་ཞེས་འབྱུང་བའི་ཕྱིར་རོ། ། གསལ་བྱེད་ཀ྄་ལ་སྲོག་ཨ་ཞུགས་ཞེས་པའང་དོན་དུ་ན་ཀ྄་ཡི་སྐྱེ་གནས་དང་བྱེད་རྩོལ་ནས་དབྱངས་ཨ་བརྗོད་པའི་གོ་རིམ་ཡིན་ཏེ། ཀ་ཞེས་བརྗོད་པའི་དུས་ན། ངག་གི་སྐྱེ་གནས་དང་བྱེད་རྩོལ་ཡང་ཀ྄་ནས་ཨའི་གནས་སུ་འགྱུར་འགྲོ་བ་ཡིན་ནོ། ། འདིས་མཚོན་ཏེ་གསལ་བྱེད་གཞན་དག་ལའང་རིགས་བསྒྲེས་པར་བྱའོ། །

ཀ྄་ལ་ཨའི་སྲོག་བྱིན་ན་ཀ་སྟེ་ཀ྄ཨ་རུ་ཀློག་པ་ཇི་བཞིན་དུ། ཀ྄་ལ་ཨིའི་སྲོག་བྱིན་ན་ཀི་སྟེ་ཀ྄ཨི་དང་། ཀ྄་ལ་ཨུའི་སྲོག་བྱིན་ན་ཀུ་སྟེ་ཀ྄ཨུ་དང་། ཀ྄་ལ་ཨེའི་སྲོག་ཞུགས་པས་ཀེ་སྟེ་ཀ྄ཨེ་དང་། ཀ྄་ལ་ཨོའི་སྲོག་ཞུགས་པས་ཀ྄ཨོ་སྟེ་ཀོ་ཞེས་བཀླག་དགོས་སོ། ། དེ་བས། བོད་ཡིག་གི་གསལ་བྱེད་ནི་ཅིས་ཀྱང་ཀ་ཁ་ག་ངའི་གཟུགས་སུ་འབྲི་དགོས་པའི་ངེས་པ་མེད་དེ། ཀི་ཁི་གི་ངིའམ། ཀུ་ཁུ་གུ་ངུའམ། ཀེ་ཁེ་གེ་ངེའམ། ཀོ་ཁོ་གོ་ངོ་ལ་སོགས་པར་བྲི་རུང་ཡང་། ཀ་ཁ་ག་ང་སོགས་སུ་བྲིས་མཛད་པ་ནི་གཅིག་ནས་ཟོར་ཡངས་པ་དང་གཉིས་ནས་དབྱངས་ཨ་ཉིད་བརྗོད་བདེ་བས་ཡིན་ཏེ། ཨ་ནི་ཡི་གེ་ཀུན་གྱི་མཆོག་གོ། ཀ་དང་། ཀི་དང་། ཀུ་དང་། ཀེ་དང་། ཀོ་སོགས་ནི་གསལ་བྱེད་ཀ྄་གཅིག་པོ་ལ་དབྱངས་མི་འདྲ་བ་ལྔ་རིམ་བཞིན་དུ་སྦྱར་བ་ཡིན་པས། དེ་དག་གི་སྒྲའི་ཁྱད་པར་ཡང་དབྱངས་ཀྱིས་འབྱེད་དགོས་ཀྱི། གསལ་བྱེད་ཀྱིས་མ་ཡིན་ནོ། ། ཇི་སྐད་དུ། སྐྱེས་བུ་དང་ནི་བཞོན་པ་བཞིན། ། ཞེས་སྐྱེས་བུ་རྟ་ལ་ཞོན་ན་སྐྱེས་བུ་དེ་རྟ་ལ་བརྟེན་ཅིང་རྟ་དང་ལྷན་ཅིག་འབྱུང་བ་བཞིན་དུ་སྒྲ་རྣམས་དབུགས་ལ་བསྟེན་ནས་དབུགས་དང་ལྷན་ཅིག་འབྱུང་བ① ཡིན་ནོ། ། ཞེས་གསུངས་པ་ཇི་བཞིན། གསལ་བྱེད་ཀྱི་སྒྲ་ཞེས་པ་ནི་རང་གི་སྐྱེ་གནས་བྱེད་རྩོལ་དུ་གྲེ་བའི་འདར་འགུལ་ཞུགས་པ་མ་ཡིན་པར། བརྗོད་པར་བྱ་བའི་གསལ་བྱེད་གང་ཞིག་རྗོད་བྱེད་དབྱངས་ཀྱི་རྟ་བོར་དྲངས་པ་ཡིན་པས། ངག་སྒོའི་སྐྱེ་གནས་བྱེད་རྩོལ་ཡང་ཐོག་མ་གསལ་བྱེད་ནས་མཐའ་མ་རྗོད་བྱེད་ཀྱི་དབྱངས་གང་ཡིན་པ་དེའི་རྣམ་པར་འགྱུར་དགོས་པ་སུས་ཀྱང་ཉམས་སུ་མྱོང་ཐུབ་བོ། ། ཡི་གེ་ལ་སྒྲ་དང་གཟུགས་ཀྱི་དབྱེ་བ་ཡོད་དེ། ཀ་ནི་གཟུགས་དང་ཀ྄ཨ་ནི་སྒྲ། ཁ་ནི་གཟུགས་དང་ཁ྄ཨ་ནི་སྒྲ། ག་ནི་གཟུགས་དང་ག྄ཨ་ནི་སྒྲ། ང་ནི་གཟུགས་དང་ང྄ཨ་ནི་སྒྲའོ། ། དེ་བཞིན་དུ། ཀི་ནི་གཟུགས་དང་ཀ྄ཨི་ནི་སྒྲ། ཁུ་ནི་གཟུགས་དང་སྒྲ་ནི་ཁ྄ཨུ། གེ་ནི་གཟུགས་དང་ག྄ཨེ་ནི་སྒྲ། ངོ་ནི་གཟུགས་དང་ང྄ཨོ་ནི་སྒྲ་ཡིན་ནོ། །གསལ་བྱེད་ངོས་འཛིན་གྱི་སྐབས་འདིར། ཀ་ཀི་ཀུ་ཀེ་ཀོ་སོགས་ལ་རྗེས་འཇུག་ཞུགས་མེད་པས། བརྗོད་བྱའི་དོན་མི་སྟོན་ལ་སྒྲ་དག་ཀྱང་རིང་བོར་བཀླག་པས་འཐུས་སོ། །ཀ་ཅ་ཏ་པ་ཙ་རྣམས་ཕོ། ། ཁ་ཆ་ཐ་ཕ་ཚ་མ་ནིང་། །ག་ཇ་ད་བ་ཛ་ཝ་ཞ། ། ཟ་འ་ཡ་ཤ་ས་རྣམས་མོ། ། ང་ཉ་ན་མ་ཤིན་ཏུ་མོ། ། ར་ལ་ཧ་ནི་མོ་གཤམ་སྟེ། །② ཞེས་འབྱུང་ལ། གསལ་བྱེད་ལ་རྟགས་ཀྱི་དབྱེ་བ་མཛད་པའི་རྒྱུ་མཚན་ཡང་། གང་ཟག་ཕོ་མོ་མ་ནིང་གི་སྒྲ་དང་མཐུན་པར་ཡི་གེའི་སྒྲ་དྲག་པ་ནི་ཕོ་དང་། རན་པ་ནི་མ་ནིང་། ཅུང་ཟད་ཞན་པ་ནི་མོ་དང་། དེ་ལས་ཀྱང་ཅུང་ཟད་ཞན་པ་ནི་ཤིན་ཏུ་མོ་དང་། ཤིན་ཏུ་ཞན་པ་ནི་མོ་གཤམ③ དུ་བཞག་པ་ཡིན་ནོ། ། ཞེས་བརྡ་སྤྲོད་གཞུང་དུ་རླུང་ལྟར་གྲགས་ཡོད་ཀྱང་། དེ་ལ་བློ་མི་བདེ་བའི་དོགས་གཞི་འགའ་ཡོད་དེ། གཅིག གསལ་བྱེད་ནི་སྲོག་མེད་ཡིན་པས་སྒྲའི་དབྱེ་བ་ཇི་ལྟར་འབྱེད། གཉིས། གསལ་བྱེད་ལ་དབྱངས་ཨ་ཞུགས་ཏེ་བཀླགས་པའི་སྒྲའོ་ཞེ་ན། སྒྲ་དེའི་དྲག་ཞན་ནི་དབྱངས་ཀྱིས་ཕྱེ་བ་ལས་གསལ་བྱེད་རང་གིས་མ་ཡིན་ནོ། །གསུམ། དྲག་པ་ཞན་པ་མ་ནིང་ལ་སོགས་པར་དགར་དུས། སྒྲའི་ཚད་གཞིར་ཅི་འཇོག བཞི། བ་ཡིག་ལྟ་བུ་གསལ་བྱེད་སྐབས་སུ་མོ་ཡིག་ཏུ་བགྲངས་པ་གང་ཞིག་རྗེས་འཇུག་གི་སྐབས་སུ་ཕོ་རུ་འགྱུར་བའི་རྒྱུ་མཚན་ཅི། ལ་སོགས་པའོ། །
དེ་བས། གསལ་བྱེད་ཀྱི་རྟགས་ཀྱི་དབྱེ་བ་ནི། གསལ་བྱེད་རྣམས་ཀ྄ཨ་ཁ྄ཨ་ག྄ཨ་ང྄ཨའམ། ཀ྄ཨི་ཁ྄ཨི་ག྄ཨི་ང྄ཨིའམ། ཀ྄ཨུ་ཁ྄ཨུ་ག྄ཨུ་ང྄ཨུའམ། ཀ྄ཨེ་ཁ྄ཨེ་ག྄ཨེ་ང྄ཨེའམ། ཀ྄ཨོ་ཁ྄ཨོ་ག྄ཨོ་ང྄ཨོ་སོགས་སུ་བཀླགས་པའི་སྒྲ་དེའི་དྲག་ཞན་གྱིས་བཞག་པ་མ་ཡིན་པར། གསལ་བྱེད་སྲོག་མེད་དེ་དག་གི་སྐྱེ་གནས་དང་བྱེད་རྩོལ་གྱི་ཁྱད་པར་ཙམ་གྱིས་གཞག་དགོས་པར་འདོད་དགོས་ལ། སུམ་རྟགས་ཀྱི་རྩ་བ་རུ། གང་ཞིག་བརྗོད་པར་བྱ་བའི་ཚིག་ཕྲད་དང་གསལ་བྱེད་སོགས་ཐད་ཀར་དེའི་སྒྲའི་མཚན་གྱིས་མི་འཛིན་པར། གང་མིང་མཐའ་ན་བཅུ་པ་གནས། ། དེ་ལ་ཨཱ་ལི་གཉིས་པ་སྦྱར། ། ཞེས་གྲངས་དང་། ཕོ་ནི་ཕོ་དང་མོ་ལ་འཇུག་ཅེས་མི་ཆོས་ཀྱི་རྣམ་གཞག་ལ་རྫུས་ཏེ་གསུངས་པ་འདི་ཡང་། སྲོག་མེད་བརྗོད་དུ་མེད་པའི་དབང་གིས་ཡིན་ནམ་ཞེས་ཀྱང་འདོད་མོད་དཔྱད་པའི་གནས་སོ། །

ལྔ་པ། ཡི་གེའི་སྒྲ་དང་དེའི་ཆ་ཤས།
གཟུགས་རྣམས་བཤིགས་ན་རྡུལ་ཕྲ་རབ་ཀྱི་མཐར་ཐུག་སྟེ་དེ་ལས་ལྷག་པར་ཕྲ་བའི་གཟུགས་གཞན་མེད་དོ། །དེ་བཞིན་དུ་མིང་རྣམས་བཤིགས་ན་གང་དུ་མཐར་ཐུག་པར་འགྱུར་ཞིང་དེ་ལས་བྱེ་བྲག་ཏུ་དབྱེ་བའི་བོགས་དབྱུང་དུ་མེད་པ་ནི་ཡི་གེ་གཅིག་ཅེས་བྱ།① ཞེས་རྡོ་རྗེ་ཚིག་གིས་ལུང་བསྟན་པར་གྱུར་པ་ཇི་བཞིན་དུ། ཚེག་ཁྱིམ་གཅིག་ཏུ་བསྡུས་པའི་ཡི་གེའི་གཟུགས་ཀྱི་ཕུང་བོ་ནི་དབྱངས་དང་གསལ་བྱེད་དུ་བཀྲལ་རུང་བ་མ་ཟད། དེ་ཉིད་རྗོད་པར་བྱེད་པའི་སྒྲའི་ཕུང་བོ་ཡང་རབ་ཏུ་བཤིག་ཏུ་ཡོད་ཀྱང་།མཁས་པ་སྔ་མ་དག་གི་དགོངས་པ་ལྟར་ན། ཚེག་ཁྱིམ་གཅིག་གི་ཡི་གེའི་སྒྲ་ནི་དེ་འགྲུབ་བྱེད་ཀྱི་དབྱངས་གསལ་དག་གི་སྒྲའི་ཟུར་མ་ཉམས་པར་བཀླག་པ་ལས་དབྱུང་དགོས་པར་བཞེད་དེ། བསྒྲིགས་ལྟ་བུ་ལ་མཚོན་ན། དེའི་སྒྲ་ནི་སྔོན་འཇུག་བ་དང་། མགོ་ཅན་ས་དང་། མིང་གཞི་ག་དང་། འདོགས་ཅན་ར་དང་། དབྱངས་ཨི་དང་། རྗེས་འཇུག་ག་དང་། ཡང་འཇུག་ས་བཅས་སོ་སོར་ཕྲད་ཅིང་སྦྱར་བ་ལས་གྲུབ་པར་འདོད་དོ། ། ཡིན་ཡང་། དེ་ནི་གནའ་རབས་པས་བོད་ཡིག་གི་སྒྲ་འབྱིན་ལུགས་ཤིག་ཡིན་ལས་ཆེ་སྟེ། དུས་ད་ལྟར་མཚོན་ན། ཡི་གེ་འདི་ལ་དབྱངས་སྦྱར་སའི་མིང་གཞི་བསྒྲ྄་དང་། དབྱངས་ཨི་དང་། རྗེས་ཡང་འཇུག་དང་བཅས་པའི་སྒྲ་བཅས་གསུམ་ལས་གཞན་དག་གི་སྒྲའི་ཟུར་ཙམ་ཡང་ཐོས་རྒྱུ་མེད་པས། དེང་རབས་སྐད་བརྡ་སྨྲ་བ་དགེ་རྒན་སྤེན་པ་རྒྱ་མཚོ་ལགས་ཀྱིས་བསྒྲིགས་ཞེས་པའི་ཡི་གེ་འདི་ལ། བསྒྲ་ཞེས་པའི་སྒྲའི་ཆ་ཤས་ཤིག་དང་། ཨི་ཞེས་པའི་དབྱངས་ཀྱི་ཆ་ཤས་དང་། རྗེས་འཇུག་དང་ཡང་འཇུག་གཉིས་གཞི་གཅིག་ཏུ་བསྡུས་པའི་སྒྲའི་ཆ་གཅིག་བཅས་ཆ་གསུམ② དུ་དགོངས་པ་ནི་དེང་རབས་བོད་ཡིག་གི་སྒྲ་སྦྱོར་དང་ཀུན་ནས་མཐུན་པའི་རིགས་ལམ་རྨད་དུ་བྱུང་བ་ཞིག་གོ །

ཡི་གེ་གང་ཡིན་རུང་། དེ་ལ་ངེས་པར་དུ་དབྱངས་ཞུགས་དགོས་པས། ཡི་གེ་དེའི་སྒྲ་ཞེས་པའང་དོན་དུ་ན་དབྱངས་དེ་ཉིད་ཀྱི་སྒྲའི་རྣམ་འགྱུར་ཞིག་ཡིན་ལ། དབྱངས་འཇུག་སའི་གཞི་སྟེ་མིང་གཞི་ནི་དབྱངས་ཀྱི་སྒྲའི་མགོ་འཛུགས་ས་དང་། དབྱངས་ཀྱི་རྗེས་སུ་འབྱུང་བའི་རྗེས་ཡང་འཇུག་དང་བཅས་པ་ནི་སྒྲ་དེའི་མཇུག་སྒྲིལ་ས་ཡིན་ནོ། ། དཔེར་ན། བོད་ཅེས་པའི་ཡི་གེ་འདིའི་སྒྲ་ལ་མཚོན་ན། གསལ་བྱེད་བ྄་ཡི་སྐྱེ་གནས་དང་བྱེད་རྩོལ་ནས། དབྱངས་ཨོ་ཡི་སྒྲའི་མགོ་བསླངས་ཤིང་། དེ་མ་ཐག་ཏུ་རྗེས་འཇུག་ད྄་ཡི་སྐྱེ་གནས་བྱེད་རྩོལ་དུ་མཇུག་བསྡུས་པ་ན། བོད་ཅེས་པའི་ཡི་གེ་འདིའི་སྒྲ་ཡང་དག་པར་ཐོན་ཐུབ་བོ། ། དེ་བཞིན་དུ། བསྒྲིགས་ཞེས་བརྗོད་པའི་སྒྲ་ཡང་དབྱངས་ཨི་ཡི་རྣམ་འགྱུར་ཙམ་ཞིག་ཡིན་ཏེ། བསྒྲ྄་ཡི་སྐྱེ་གནས་བྱེད་རྩོལ་དུ། ཨིའི་སྒྲ་དབྱུང་མ་ཐག་ཏུ་རྗེས་འཇུག་ག་ཡི་སྐྱེ་གནས་བྱེད་རྩོལ་དུ་དགག་པས་སྒྲ་ཡང་དག་པར་ཐོན་ནོ། ། ཡང་གདུང་འདེགས་ཀྱི་ཀ་བ་ཞེས་པའི་ཀ་སྒྲ་དེ་ཡང་གསལ་བྱེད་ཀ྄་ཡི་སྐྱེ་གནས་བྱེད་རྩོལ་ནས་ཨ་སྒྲ་དབྱུང་མ་ཐག་ཏུ་རྗེས་འཇུག་འ་ཡི་སྐྱེ་གནས་བྱེད་རྩོལ་དུ་མཇུག་སྒྲིལ་བས་ཆོག་གོ ། ཀའི་སྒྲ་དེ་གཟུགས་སུ་བྲིས་ན་ཀ྄ཨའ་ཡིན་མོད། བསྡུས་པས་ཀའོ། ། བསྒྲིགས་ཀྱི་སྒྲ་ཡང་གཟུགས་སུ་ཕབ་ན། བསྒྲ྄ཨིགས་ཡིན་ནོ། ། དེ་བཞིན་དུ། རྟེའུ་ཞེས་བརྗོད་པའི་དུས་ནའང་། རྟ྄་ཡི་སྐྱེ་གནས་བྱེད་རྩོལ་ནས། དབྱངས་འདུས་མའམ་ཉིས་རྩེག་སྟེ་ཨེཨུ་ཡི་སྒྲ་དབྱུང་བ་དང་དེ་མ་ཐག་ཏུ་རྗེས་འཇུག་འ་྄ཡི་སྐྱེ་གནས་བྱེད་རྩོལ་དུ་དགག་པས་སྒྲ་ཡང་དག་པར་ཐོན་ཡོང་ངོ་། ། གཟུགས་སུ་ཕབ་ན། རྟ྄ཨེཨུའ྄འོ། །

དེང་རབས་རྩིས་འཁོར་ལག་རྩལ① གྱིས། སེ་གོལ་གཏོགས་པའི་སྒྲའི་ཡུན་ཚད་ཤིན་ཏུ་ཐུང་བ་དེའང་དུས་ཀྱི་ཆ་ཤས་ཁྲི་མ་འབུམ་དུ་བགོ་ཐུབ་པ་མ་ཟད། སྐད་ཅིག་མ་རེ་རེའི་རྣམ་འགྱུར་ཅི་རིགས་པ་ཐམས་ཅད་མཐོང་བྱེད་མིག་ལམ་དུ་གསལ་བོར་བསྟན་དུ་ཡོད་པས། ཐབས་ལམ་འདི་སྤྱད་དེ། ཡི་གེའི་སྒྲ་རིས་ཕན་ཚུན་བསྡུར་ཏེ་དཔྱད་ན། བོད་ཡིག་ཇི་སྙེད་པ་ཐམས་ཅད་སྒྲའི་ཆ་ཤས་གཉིས་སུ་བཀར་ཆོག་སྟེ། བསྒྲིགས་ལྟ་བུར་མཚོན་ན། མིང་གཞི་ལ་མགོ་འདོགས་འཕུལ་གསུམ་སྦྱར་བའི་སྲོག་མེད་ཀྱི་ཆ་སྟེ་བསྒྲ྄་ཞེས་པ་དང་། དབྱངས་དང་རྗེས་ཡང་འཇུག་བཅས་པའི་སྲོག་ལྡན་གྱི་ཆ་སྟེ་ཨིགས་དང་གཉིས་སོ། །

འདིར་བརྗོད་བདེ་བའི་ཕྱིར་དུ། ཡི་གེ་གང་ཞིག་དེའི་སྲོག་མེད་ཀྱི་ཆ་ལ་ཡི་གེའི་གདངས་དང་། སྲོག་ལྡན་གྱི་ཆ་དེར་ཡི་གེའི་ང་རོ་ཞེས་བྱའོ། ། དཔེར་ན། བོད་ཅེས་པའི་ཡི་གེ་ལས། གསལ་བྱེད་བ྄་ནི་སྒྲའི་གདངས་ཀྱི་ཆ་ཤས་དང་། ཨོད་ནི་ང་རོའི་ཆ་ཤས་སུ་ངོས་འཛིན་པར་བྱའོ། ། དེ་བཞིན་དུ། བསྒྲིགས་ལྟ་བུར་མཚོན་ནའང་།གདངས་ནི་བསྒྲ྄་དང་། ང་རོ་ནི་ཨིགས་ཞེས་སྒྲ་ལ་སོ་སོར་ཕྲལ་རུང་ངོ་། ། གདུང་འདེགས་ཀྱི་ཀ་བ་ཞེས་པའི་ཀ་སྒྲ་འདིའི་གདངས་ནི་གསལ་བྱེད་ཀ྄་དང་། ང་རོ་ནི་ཨའ་ཡིན་ལ། གསལ་བྱེད་ཀྱི་ཐོག་མ་ཀ་ལ་མཚོན་ན། གདངས་ནི་ཀ྄་དང་། ང་རོ་ནི་དབྱངས་ཨ་གཅིག་པུ་ལས་རྗེས་འཇུག་ཞུགས་མེད་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་མོད། རྗེས་འཇུག་ཞུགས་མེད་པས་ཀ྄ཨ་ཞེས་སྒྲ་རིང་བོར་བཀླགས་ཀྱང་འཐུས་སོ། །

འདི་ལྟར་འདོད་པ་ལ་རྒྱུ་མཚན་ཡོད་དེ། གཅིག་ན་ཡི་གེ་རྗེས་འཇུག་ཅན་པའི་སྒྲ་སྦྱོར་ཡང་དབྱངས་གསལ་དང་མཐུན་པར་འགྱུར་བས། བོད་ཡིག་གི་སྒྲ་སྦྱོར་མ་ལག་འཐུས་ཚང་དུ་འགྲོ་བ་དང་། གཉིས་ན་གདངས་དང་ང་རོ་གཉིས་ལ་བསྟེན་ཏེ་ཡི་གེ་སོ་སོའི་སྒྲ་གདངས་ཀྱི་ཁྱད་པར་ཡང་འབྱེད་བདེ་བ་ཡིན་ཏེ། དཔེར་ན། བསྒྲགས་དང་བསྒྲིགས་གཉིས་ནི་གདངས་གཅིག་ལ་ང་རོ་མི་གཅིག་པ། འགྲིག་དང་བསྒྲིག་གཉིས་ནི་གདངས་མི་གཅིག་ལ་ང་རོ་གཅིག་པ། སྒྲིགས་དང་བསྒྲིགས་གཉིས་གདངས་གཅིག་ལ་ང་རོའང་གཅིག་པ། འཁོར་དང་བསྒྲིགས་གཉིས་ནི་གདངས་མི་གཅིག་ལ་ང་རོའང་མི་གཅིག་ཅེས་ན་ལས་དང་པོ་བ་དག་གིས་ཀྱང་རྟོགས་སླ་བ་ཡིན་ནོ། ། ཀ་ནི་ཀ྄ཨའ་དང་། ཀི་ནི་ཀ྄ཨིའ། ཀུ་ནི་ཀ྄ཨུའ། ཀེ་ནི་ཀ྄ཨེའ། ཀོ་ནི་ཀ྄ཨོའ་རུ་བཀླག་དགོས་པས། ཀ་ཀི་ཀུ་ཀེ་ཀོ་སོགས་ཀྱི་སྒྲའི་ཁྱད་པར་ནི་གདངས་འདྲ་བ་ལ་ང་རོ་ཐ་དད་པ་ཡིན་ནོ་ཞེས་ན་དོན་དང་མཐུན་ནོ། ། གསུམ་ན་དབྱེ་བ་འདི་བོད་ཀྱི་ཡི་གེ་ཐམས་ཅད་ལ་ཁྱད་མེད་པར་འཇུག་སྟེ། དཔེར་བརྗོད་ཙམ་ཞིག་གཤམ་གྱི་རེའུ་མིག་དང་པོ་རུ་བཀོད་པ་ལྟར་རོ། །

རེའུ་མིག་དང་པོ། ཡི་གེའི་སྒྲའི་གྲུབ་ཆ།

ཡི་གེའི་སྒྲའི་དབྱུང་ལུགས་དང་སྒྲའི་གྲུབ་ཆའི་ཤེས་བྱ་ནི་བོད་ཡིག་གི་ཆེས་ཐོག་མའི་རྨང་གཞི་སྟེ། འདི་ལ་ངེས་རྟོགས་ཡང་དག་པ་ཞིག་བྱུང་ན། ད་གཟོད་རིམ་གྱིས་ཐ་སྙད་དང་། ཚིག་དང་། རྣམ་དབྱེ་དང་། རྗོད་པ① དག་གི་སྒྲ་སྦྱོར་ལ་འཇུག་པ་ཡིན་ནོ། །

གཅིག མཐའ་རྟེན་གྱི་སྒྲ།

སུམ་ཅུ་བའི་རྩ་བ་རུ། སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། ། མིང་གཞིའི་ཡི་གེ་གང་ཡིན་ལ། ། ཉིས་སྦྲེལ་ཡོད་དམ་སུམ་སྦྲེེལ་ཡོད། ། ཨཱ་ལི་བཞི་ལས་གང་ལྡན་ཡང་། ། རྗེས་འཇུག་བཅུ་པོ་མ་ཞུགས་ན། ། མིང་གཞན་སྦྱོར་བ་ཡོད་མི་སྲིད། ། ཅེས་གསུངས་ཡོད་པས། རྩོམ་གཞིར་གྱུར་པའི་ཡི་གེ་ཡིན་ན། མཐའ་རྟེན་ཡོད་པས་ཁྱབ་བོ། །རྗེས་འཇུག་གིས་རང་ཉིད་འཇུག་སའི་ཡི་གེ་དེའི་སྒྲ་ཆ་ལ་ནུས་པ་གང་འདྲ་ཞིག་ཐོན་ཡོད་ཅེ་ན། གཟུགས་ཀྱི་སྒོ་ནས་བལྟས་ན། ཡི་གེ་ནི་སྤྱིའི་མིང་གཞི་ལ་དབྱངས་སྦྱར། དེ་ལ་རྗེས་ཡང་འཇུག་སྦྱར་ཏེ་འབྲི་བ་དང་། སྒྲའི་ཆ་ནས་བཤད་ན། ཡི་གེའི་སྒྲ་ནི་དོན་དམ་པས་དབྱངས་ཁོ་ན་ཡིན་ཡང་། དབྱངས་དེའི་མགོ་སློང་ས་མིང་གཞི་དང་།མཇུག་བསྡུ་ས་རྗེས་འཇུག་གི་ཁྱད་པར་གྱིས་སྒྲ་ཐ་དད་པར་སྣང་བ་ཡིན་ནོ། ། དཔེར་ན། བསྐུལ་ཞེས་པའི་ཡི་གེ་བཀླག་པའི་སྐབས་སུ། ཐོག་མ་མིང་གཞི་བསྐ་ཡི་སྐྱེ་གནས་བྱེད་རྩོལ་ནས་དབྱངས་ཨུ་དྲངས་ཤིང་། དེ་མ་ཐག་ཏུ་རྗེས་འཇུག་ལ་ཡི་སྐྱེ་གནས་བྱེད་རྩོལ་དུ་དགག་པས་ཡི་གེའི་སྒྲ་གསལ་བོར་ཐོན་པ་ཡིན་ལ། བསྐུལ་ཞེས་བཀླགས་མ་ཐག་ཏུ་ངག་སྐྱེ་གནས་བྱེད་རྩོལ་ཡིག་ཐོག་ཏུ་བབས་དགོས་པ་ཀུན་གྱིས་ཉམས་སུ་མྱོང་ཐུབ་བོ། །
དེ་བས། རྗེས་འཇུག་གི་སྒྲ་ཡང་དག་པར་ཐོན་པ་ཞེས་པའང་དོན་དུ། རྗེས་འཇུག་དེའི་སྐྱེ་གནས་དང་བྱེད་རྩོལ་དུ་དབྱུང་བྱ་དབྱངས་གང་གི་སྒྲ་དེ་ཡང་དག་པར་དགག་དགོས་པའི་དོན་ཡིན་གྱི། རྗེས་འཇུག་རང་གི་སྒྲ་གསལ་བོར་བཀླག་དགོས་པའི་དོན་མ་ཡིན་ནོ། ། རྗེས་འཇུག་གི་ཡང་རྗེས་སུ་འཇུག་པའི་ད་ས་གཉིས་ཀྱི་སྒྲ་ཇི་ལྟར་བཀླག་ཅེ་ན། ཡང་འཇུག་གི་སྒྲ་ནི་འདིའོ་ཞེས་ད་ལྟའི་སྒྲ་རིས་ལས་ལོགས་སུ་དབྱེར་དུ་མེད་པས། ཡང་འཇུག་གིས་ནི་དོན་གྱི་ཁྱད་པར་སྟོན་པ་ལས་སྒྲའི་ཁྱད་པར་མི་བསྐྱེད་པར་འདོད་དོ། །

གཉིས། མགོ་འདོགས་བརྩེགས་མའི་སྒྲ།
བརྡ་སྤྲོད་པའི་གཞུང་དུ། མིང་གཞིའི་ཡི་གེ་ལ་མགོ་འདོགས་ཅི་རིགས་སྦྱར་ཚེ། སྒྲའི་རྣམ་པ་ཇི་ལྟ་བུར་འགྱུར་བ་དངོས་སུ་བསྟན་མེད་པས། མགོ་འདོགས་བརྩེགས་གསུམ་གྱི་ཡི་གེ་ལ་ས་ཁུལ་སོ་སོས་ཀློག་སྟངས་ཐ་དད་དུ་འབྱུང་བ་དཔེར་ན། སྲ་ལྟ་བུ་ས་རུ་ཀློག་པ་ཡོད་ལ། ཧྲ་རུ་ཀློག་པའང་ཡོད། བྱ་ནི་ཇ་རུའམ། ཡང་ན་ཞ་རུ་ཀློག་པ་ལྟ་བུའོ། །① དེ་བས། གཞུང་དུ་མ་བསྟན་པའི་ཡི་གེ་འདིའི་རིགས་ཀྱི་སྒྲ་ཇི་བཞིན་དུ་དབྱུང་བ་ལ་གཏན་ཚིགས་ཡང་དག་པ་ཞིག་དབབ་རྒྱུ་ནི། སྤྱི་ལ་ཐུན་མོང་གི་སྐད་ཅིག་ཆགས་པའི་གནད་དམ་པ་ཞིག་ཡིན་ནོ། །
སཾསྐྲྀ་ཏའི་སྐད་དུ་བརྩེགས་འདོགས་ཀྱི་ཡི་གེ་རྣམས་རེ་རེ་བཞིན་ཕྲལ་ཏེ་རང་སྒྲ་ཟུར་ཙམ་ཐོན་པའི་སྒོ་ནས་བཀླག་པ② ས་འཐུས་པ་དང་། བོད་ཡིག་བརྩེགས་མ་རྣམས་ཀྱང་མགོ་འདོགས་སོགས་ཀྱི་རང་སྒྲ་ཟུར་ཙམ་ཐོན་པའི་སྒོ་ནས་བཀླག་དགོས་སོ་ཞེས་ཀུན་གྱིས་བཞེད་དེ། ཇི་སྐད་དུ། གང་དང་གང་ལ་གང་བཏགས་པ། ། དང་པོ་སྟེང་མ་དེ་ནས་འོག་མའི་སྒྲ། ། གོ་རིམ་བཞིན་དུ་གནས་ནས་དབྱུང་། །③ཞེས་མཁས་པའི་གསུངས་ན་ཤིན་ཏུ་གསལ་མོད། ཕྱ་ལྟ་བུར་མཚོན་ན། གནའ་སྔ་མོའི་སྐབས་སུ་སྒྲ་ཇི་ལྟར་དབྱུང་བ་ད་ལྟ་དཔོག་དཀའ་ཡང་། ཅིས་ཀྱང་སྟེང་འོག་གོ་རིམ་བཞིན་དུ་འཕྲད་དེ་བཀླག་དགོས་ན། ཕྱ་ལ/pya/དང་། ཕྱོགས་ལ/pyao/ལྟ་བུའི་སྒྲ④ ཤིན་ཏུ་མཚར་བོ་འདོན་དགོས་སོ། །ཀྲ་ནི་ཀ་ལ་ར་བཏགས་པ་བསྙོན་དུ་མེད་ཀྱང་། དུས་ད་སྐབས། ཀྲ་ནི་སྟེང་འོག་གཉིས་རིམ་བཞིན་ཕྲད་དེ་བཀླག་པ་མ་ཡིན་པར། རྒྱ་ནག་སྐད་དུ“扎”དང་།རྒྱ་གར་སྐད་དུ་ཊ་ཞེས་པ་དེའི་སྐྱེ་གནས་བྱེད་རྩོལ་དང་མཐུན་པར་ཀློག་བཞིན་ཡོད་དོ། ། དེ་བས། ཀྲ་ནི་ཀ྄་ལས་མ་སྐྱེས་ལ་ར྄་ལས་ཀྱང་མ་སྐྱེས་པའི་སྒྲ་རང་རྐྱ་ཐུབ་པ་ཞིག་ཡིན་པས། དེར་རང་གི་སྐྱེ་གནས་དང་བྱེད་རྩོལ་ཡན་གར་བ་ཞིག་ཡོད་པས་དགར་དུ་མེད་དོ། ། ལ་བཏགས་དང་ཡ་བཏགས་ཀྱི་ཡི་གེའང་དེ་བཞིན་ནོ། ། ཀྭ་ནི་ཡིག་རྙིང་དུ། རྒྱ་ནག་སྐད་ཀྱི“瓜”⑤ ཡི་གསལ་བྱེད་དང་སྒྲ་མཐུན་པར་འདུག་ཀྱང་། དུས་ད་ལྟར་ཀ་དང་ཁྱད་མི་འདུག་གོ །ཡང་མཁས་པའི་ཞལ་ནས། དེ་ལ་ར་མགོ་ལྕེ་རྩེ་འདར། ། ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད། ། ས་མགོ་སོ་ཡི་བར་ནས་དབྱུང་། །⑥ ཞེས་གསུངས་ཀྱང་། དུས་ད་ལྟར་རྐ་དང་ལྐ་དང་སྐ་གསུམ་ལ་སྒྲའི་ཁྱད་པར་མི་གསལ་ཏེ། ཀུན་ཀྱང་མིང་གཞི་ཀ྄་ཡི་སྐྱེ་གནས་དང་བྱེད་པ་གཉིས་ཤིན་ཏུ་ཕྲད་པའི་རྩོལ་བའི་རང་བཞིན་གྱིས་བཀླག་པར་འགྱུར་རོ། ། དེ་བཞིན་དུ། རྒ་དང་ལྒ་དང་སྒ། རྔ་དང་ལྔ་དང་སྔ། རྗ་དང་ལྗ། རྙ་དང་སྙ། རྟ་དང་ལྟ་དང་སྟ། རྡ་དང་ལྡ་དང་སྡ། ལྤ་དང་སྤ། རྦ་དང་ལྦ་དང་སྦ། རྨ་དང་སྨ། རྩ་དང་སྩ་ལ་སོགས་པ་ཡང་སྒྲ་འདྲའོ། །བརྩེགས་མའི་ཡི་གེའི་རྩེག་རིམ་ནི་ཇི་ལྟ་ཞེ་ན།གྲྭ་ལྟ་བུ་ནི་འདོགས་ཅན་གྱི་ཡི་གེ་གྲ་ལ། བསྐྱར་དུ་ཝ་ཟུར་བཏགས་པ་དང་། སྐྲ་ལྟ་བུ་ནི་འདོགས་ཅན་གྱི་ཡི་གེ་ཀྲ་ལ།རྗེས་སུ་མགོ་ཅན་སྦྱར་བའོ། ། དེ་བས། གྲྭ་ནི་གྲ་དང་མཐུན་པར་ཀློག་པ་དང་། སྐྲ་ནི་ཀྲ་ཡི་སྐྱེ་གནས་དང་བྱེད་པ་གཉིས་དམ་པོར་ཕྲད་པའི་རྩོལ་བ་ཅན་དུ་བཀླག་པས་འཐུས་སོ། ། མགོ་འདོགས་གཉིས་ཀ་དང་ལྡན་པའི་ཡི་གེའི་རྩེག་རིམ་ནི། ཅིའི་ཕྱིར་འདོགས་ཅན་གྱི་ཡི་གེ་ལ་མགོ་ཅན་སྦྱར་བ་ལས། མགོ་ཅན་གྱི་ཡི་གེ་ལ་འདོགས་ཅན་བཏགས་པའམ་ཡང་ན་མགོ་འདོགས་གཉིས་ཀ་ཕྱོགས་སུ་མ་ལྷུང་བར་མིང་གཞི་རྐྱང་བའི་སྟེང་འོག་ཏུ་དུས་གཅིག་ཏུ་སྦྱར་བར་མི་འདོད་ཅེ་ན། གཅིག་ན་ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང① དང་དག་ཡིག་གསར་བསྒྲིགས② སོགས་ཀྱི་སྒྲ་ཚིགས་ཀྱི་གོ་རིམ་དང་མཐུན་པ། གཉིས་ན་ཀ་ལ་ས་མགོ་སྦྱར་བས་སྐ་ཞེས་ཀའི་སྐྱེ་གནས་དང་བྱེད་པ་གཉིས་ཤིན་ཏུ་ཕྲད་པའི་རྩོལ་བས་འབྱུང་བ་བཞིན། ཀྲ་ལ་ས་མགོ་སྦྱར་བས་སྐྲ་སྟེ་ཀྲའི་སྐྱེ་གནས་དང་བྱེད་པ་ཤིན་ཏུ་དམ་པའི་ཚུལ་གྱིས་འབྱུང་བ་ཡིན་ཞེས་ན་རིགས་འདྲེས་སླ་བ་ཡིན་ལ། གསུམ་ན་དེ་ལྟར་འདོད་ཀྱང་མགོ་འདོགས་ཀྱི་དོན་མི་འཁྱོར་བ་བཅས་ཀྱིས་སོ། །

གསུམ། སྔོན་འཇུག་གི་སྒྲ།

སྔོན་འཇུག་གི་སྒྲའི་འཇུག་པ་གསུངས་པའི་སྐབས་སུ། ཇི་ལྟར་འཇུག་པར་བྱེད་ཅེ་ན། ། ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། ། མ་ནིང་རན་པར་འཇུག་པ་ཡིན། ། མོ་ནི་ཞན་པའི་ཚུལ་གྱིས་ཏེ། ། ཤིན་ཏུ་མོ་ནི་མཉམ་པས་སོ། ། ཞེས་པའི་རྩ་ཚིག་ལའང་འགྲེལ་བཤད་མི་མཐུན་པ་ཡོད་ཀྱང་། དེང་སྐབས་སུ། སྔོན་འཇུག་གི་སྒྲའི་ཟུར་མ་ཆག་མ་ཉམས་པར་རང་ཉིད་དྲག་པའམ་ཞན་པའི་ཚུལ་གྱིས་བཀླག་དགོས་པར་མི་འདོད་པར། སྔོན་འཇུག་དང་བཅས་པའི་མིང་གཞིའི་ཡི་གེ་དེའི་སྐྱེ་གནས་དང་བྱེད་རྩོལ་གང་དུ་འགྱུར་བའི་ལུང་མན་ངག་ཏུ་ངོས་བཟུང་ན་འོས་པ་ཡིན་ཏེ། དཔེར་ན། དགར་དང་གར་ལྟ་བུའི་སྒྲ་ལ་མཚོན་ན། གདངས་མི་གཅིག་ཀྱང་ང་རོ་གཅིག་པ་ཡིན་པས། དགར་ནི་དག྄་དང་ཨར་གཉིས་མཚམས་སྦྱར་བ་དང་། གར་ནི་ག྄་དང་ཨར་གཉིས་སུ་བགོས་ན་དུས་དང་མཐུན་པའི་རིགས་པ་ཡིན་ནོ། ། དེ་ཡང་ག྄་ལ་སྔོན་འཇུག་ད་ཞུགས་པ་ན། ག྄་ཡི་སྐྱེ་གནས་དང་བྱེད་པ་གཉིས་དམ་པོར་ཕྲད་པའི་རྩོལ་བ་ཅན་གྱི་ཡི་གེར་འགྱུར་ཏེ། རྒ྄་དང་ལྒ྄་དང་སྒ྄་སོགས་ཀྱི་སྐྱེ་གནས་བྱེད་རྩོལ་དང་ཀུན་ནས་མཚུངས་སོ། ། མིང་གཞི་མོ་ཡིག་རྐྱང་བ་གཞན་དག་ལའང་རིགས་བསྒྲེ་རུང་སྟེ། དཔེར་ན། བདུད་དང་དུད། བཞོ་དང་ཞོ། བཟུང་དང་ཟུང་། བཤོས་དང་ཤོས། བསེ་དང་སེ་ལྟ་བུའོ། ། འོན་ཀྱང་། བཀར་དང་ཀར། བཅད་དང་ཅད། བཏོག་དང་ཏོག བཙོང་དང་ཙོང་ལྟ་བུ་སྟེ་མིང་གཞི་ཕོ་ཡིག་རྐྱང་བ་ལ་བས་འཕུལ་ཡང་སྒྲ་ལ་འགྱུར་བ་མི་སྣང་སྟེ། བརྩེགས་མའང་དེ་བཞིན་ནོ། ། བསྒྲིགས་དང་སྒྲིགས། བསྐྱབས་དང་སྐྱབས། བསྡོམས་དང་སྡོམས་ལྟ་བུའོ། །

བོད་ཡིག་ནི་ཅིས་ཀྱང་འཕུལ་མགོ་འདོགས་དང་བཅས་པའི་སྒྲའི་ཟུར་མ་ཉམས་པར་ཀློག་དགོས་ཤེ་ན།བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན། ཞེས་པའི་མིང་གི་ཚིག་ལ།“བོད་ལཇོངས་མི་དམངས་ཀུན་ཁཡབ་རལུང་འཕརིན་ལས་ཁུངས་ཀཡི་བོད་སཀད་ལེ་ཚན།”③ ལྟ་བུའི་སྒྲ་འབྱིན་དགོས་སོ། །བརྩེགས་མ་ལ་རྩེག་རིམ་སྔ་གཞུག་གི་ཁྱད་པར་ཡོད་པ་ཇི་བཞིན་དུ། འཕུལ་རྟེན་མིང་གཞི་གསུམ་ལའང་ཐོག་མཐའི་གོ་རིམ་གྱི་ཁྱད་པར་ཡོད་དེ། དཔེར་ན།
འགྲོས་ལྟ་བུར་མཚོན་ན། གཟུགས་ཀྱི་ཆ་ནས་འ་ནི་སྔོན་འཇུག་དང་། ག་ནི་མིང་གཞི། ར་ནི་འདོགས་ཅན།ས་ནི་རྗེས་འཇུག་ཏུ་བཀར་ཆོག་མོད། སྒྲའི་ཆ་ནས་བཤད་ན། མིང་གཞི་ལ་འདོགས་ཅན་ཞུགས་པས་གྲ྄་དང་། དེ་ལ་སྔོན་འཇུག་སྦྱར་བས་འགྲ྄་བསྒྲུབས། དེ་ནས་དབྱངས་ཨོ་ངག་ལ་དྲངས་ཤིང་། མཐར་རྗེས་འཇུག་སའི་སྐྱེ་གནས་དང་བྱེད་རྩོལ་དུ་སྒྲ་འགག་པས་འགྲོས་ཀྱི་སྒྲ་བསྒྲུབས་པ་ཡིན་ནོ། ། ཡི་གེ་དེའི་སྒྲའི་སྒྲུབ་ལུགས་ཀྱང་རིགས་དུ་མར་འདོད་ཆོག་སྟེ། གྲོས་ལ་སྔོན་འཇུག་འ་སྦྱར་བའམ། ཡང་ན་གྲོ་ལ་སྔོན་འཇུག་འ་སྦྱར་བས་འགྲོ་དང་དེ་ལ་རྗེས་འཇུག་ས་སྦྱར་བའམ། ཡང་ན་འགྲོ་ལ་རྗེས་འཇུག་ས་སྦྱར་བས་འགྲོས་སུ་བསྒྲུབས་པ་ལྟ་བུའོ། ། དེ་ན་འདིར་འགྲ྄་དང་ཨོས་གཉིས་སུ་བཀྲལ་བ་ནི་རྩིས་འཁོར་གྱི་སྒྲ་རིས་དཔང་དུ་བཞག་པ་ལས། གཞན་དག་ནི་མ་དག་པའོ་ཞེས་ཨུ་ཚུགས་ཀྱི་ལས་སྤང་བར་བྱའོ། །

འོ་ན། ཡི་གེ་གཟུགས་མི་འདྲ་བ་མང་པོ་སྒྲ་གཅིག་གིས་བཀླགས་ན་སྒྲ་གཞུང་ལ་མི་གནོད་དམ་ཞེ་ན། མི་སྐྱོན་ཏེ། གལ་སྲིད་གཟུགས་མི་འདྲ་བ་ཇི་སྙེད་པར་སྒྲ་ཡན་གར་བ་རེ་སྦྱོར་དགོས་ན། བོད་ལ་ཡི་གེ་ཆིག་ཁྲི་དགུ་སྟོང་ལྷག་ཡོད་པས། དེ་དག་གི་སྐྱེ་གནས་བྱེད་རྩོལ་གྱི་ཁྱད་པར་ཡང་ཤིན་ཏུ་ནས་རབ་ཏུ་ཆུང་བར་འགྱུར་བས་སུས་ཀྱང་ཡང་དག་པར་བརྗོད་མི་ཐུབ་ལ། ཉན་པ་པོའི་རྣ་དབང་གིས་ཀྱང་ཁྱད་པར་འབྱེད་དཀའོ། ། དེའི་རྐྱེན་གྱིས་སྔོན་བྱུང་མཁས་དབང་དག་གིས་སུམ་རྟགས་དག་གསུམ་ཞེས་དག་ཡིག་འདི་ཆེད་དུ་གསུངས་པ་ཡིན་ལ། དེ་ཡིས་ནི་སྒྲ་མཐུན་པའི་ཡི་གེ་དག་གི་གཟུགས་ཀྱི་ཁྱད་པར་སྟོན་པ་ཡིན་ནོ། །

དྲུག་པ། གདངས་ཀྱི་ཡི་གེ་དང་ང་རོའི་ཡི་གེ

དེ་ལྟར་སྒྲའི་སྒོ་ནས་བལྟས་ན། བོད་ཡིག་གི་སྒྲ་ནི་གདངས་དང་ང་རོ་གཉིས་སུ་དབྱེ་ཆོག་ལ། གདངས་ཀྱི་ཡི་གེ་ལ། གསལ་བྱེད་རྐྱང་བ་དང་། འདོགས་ཅན་གྱི་ཡི་གེ་དང་། མགོ་ཅན་གྱི་ཡི་གེ་དང་། བརྩེགས་མའི་ཡི་གེ་དང་། འཕུལ་ཅན་གྱི་ཡི་གེ་སོགས་འདུས་ཏེ། དཔེར་ན། གུར་དང་། གྱུར་དང་། སྒུར་དང་། སྒྱུར་དང་།བསྒྱུར་ལ་སོགས་པའི་ཡི་གེ་དག་ལས་དབྱངས་དང་རྗེས་འཇུག་ཕྱིས་པའི་ལྷག་མ་སྟེ། ག྄་དང་། གྱ྄་དང་། སྒྲ྄་དང་།སྒྱ྄་དང་། བསྒྱ྄་ལ་སོགས་པ་མིང་གཞི་སྲོག་མེད་དག་ནི་སྒྲའི་གདངས་ཀྱི་ཆ་ཤས་དང་། དབྱངས་རྗེས་འཇུག་དང་བཅས་པ་ནི་སྒྲའི་ང་རོའི་ཆ་ཡིན་པས། ཡི་གེ་དེ་དག་གི་ཁྱད་པར་ནི། གདངས་མི་གཅིག་ཀྱང་ང་རོ་གཅིག་པ་ཅན་ནོ། ། ཡི་གེའི་ང་རོ་གང་ཡིན་པ་དེ། གདངས་ལ་ཞུགས་པས་ཡི་གེའི་སྒྲ་ཡང་དག་པར་ཐོན་ཐུབ་བོ། ། དེས་ན། བོད་ཡིག་གི་གདངས་དང་ང་རོའི་ཡི་གེ་ནི་ཕལ་ཆེར་གྲངས་ངེས་པར་འདུག་སྟེ་གཤམ་གྱི་རེའུ་མིག་ཏུ་བཀོད་པ་ལྟར་རོ། །①རེའུ་མིག་གཉིས་པ། གདངས་ཀྱི་ཡི་གེ་དང་ང་རོའི་ཡི་གེདུས་ད་ལྟར། བོད་སྐད་ཡིག་ལ་གདངས་ཀྱི་ཡི་གེ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་དང་། རྗོད་བྱེད་ཀྱི་རྩ་བའི་དབྱངས་ཡིག་ལྔ། རྗེས་ཡང་འཇུག་དང་བཅས་པ་བཅུ་བདུན་ཏེ། བསྡོམས་པས་ཡི་གེ་ཆིག་ཁྲི་དགུ་སྟོང་ཙམ་ཡོད་དོ། ། ཡང་ན། གདངས་ཀྱི་ཡི་གེ་ཉིས་བརྒྱ་ཉི་ཤུ་རྩ་བཞི་དང་། ང་རོའི་ཡི་གེ་བརྒྱད་ཅུ་གྱ་ལྔ་ཡོད་ཅེས་བརྗོད་ཆོག་ལ། གངས་ལྗོངས་ཡིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང་དུ་ཁྱོན་སྡོམ་བོད་ཡིག་བྲིས་ཚད་བཀླག་ཏུ་རུང་བའི་གྲངས་ཁྲི་གཅིག་སྟོང་ཕྲག་བརྒྱད་དང་བདུན་བརྒྱ་སུམ་ཅུ་སོ་བརྒྱད་དོ། །① ཞེས་པ་དང་ཕལ་ཆེར་མཐུན་ནོ། །

དྲུག་པ། ཡུལ་སྐད་ཀྱི་ཁྱད་པར།

བོད་ཡིག་གི་སྒྲ་གདངས་ལ་ཡུལ་སྐད་ཀྱི་ཁྱད་པར་ཆེ་སྟེ། དཔེར་ན། སྐྲ་ལྟ་བུར་མཚོན་ན། དབུས་གཙང་པས་ཀྲའི་སྒྲ་དང་འདྲ་བ② ར་ཀློག་པ་དང་། ཚ་བ་རོང་པས་ས་ཀ་ར③ རུ་མྱུར་སྟོབས་ཀྱིས་ཀློག་པར་གྲགས་པ་དང་། ཨ་མདོ་རང་ཡུལ་ལུང་པས་ཀྲ་ཡི་བྱེད་པ་གང་ཞིག་དེའི་སྐྱེ་གནས་སུ་རྩོལ་བ་དྲག་པོས་སྦྱར་ཏེ་བཀླག་པར་འགྱུར་རོ། །རྒན་སྤེན་པ་རྒྱ་མཚོ་ལགས་ཀྱིས། དབུས་གཙང་གི་སྒྲ་གདངས་ལ་བརྟག་དཔྱད་ཞིབ་ཏུ་མཛད་ནས། གསལ་བྱེད་འདུས་མ་ཉིས་བརྒྱ་ཉི་ཤུ་ཐམ་པ་དང་གདངས་སུམ་ཅུ་སོ་དགུ་རུ་དབྱེ④ ཡོད་དོ། །འདིར་རང་ཡུལ་ལུང་པའི་སྒྲ་གདངས་དཔེར་བྱས་ན། གཟུགས་མི་འདྲ་བའི་གདངས་ཀྱི་ཡི་གེ་ཉིས་བརྒྱ་ཉེར་བཞི་པོ་སྐྱེ་གནས་དང་བྱེད་རྩོལ་མི་མཐུན་པའི་གདངས་ལྔ་བཅུ་ང་བདུན་དུ་བཀར་ཆོག་སྟེ་རེའུ་མིག་གཉིས་པ་ལྟར་རོ། །

རེའུ་མིག་གཉིས་པ། གཙན་ཚའི་ཡུལ་སྐད་ཀྱི་གདངས།


བདུན་པ། བོད་ཡིག་གི་སྦྱོར་ཀློག

ཡི་གེའི་སྦྱོར་ཀློག་ནི་བོད་ཡིག་གི་ཁྱད་ཆོས་རྨད་དུ་བྱུང་བ་ཞིག་ཡིན་མོད། ས་ཁུལ་སོ་སོའི་སྦྱོར་ཀློག་བྱེད་སྟངས་ཀྱང་ཅུང་ཟད་མི་འདྲ་སྟེ། སྐྱོར་ལྟ་བུར་མཚོན་ན།དབུས་གཙང་པས། ས་ཀ་བཏགས་སྐ་ཡ་བཏགས་སྐྱ་ན་རོ་སྐྱོར་ར་སྐྱོར། ཞེས་དང་། རང་ཡུལ་ལུང་པས། ས་ཀ་བཏགས་སྐ་ཡ་བཏགས་སྐྱ་ན་རོ་སྐྱོ་ར་བཞག་སྐྱོར། ཞེས་སྦྱོར་ཀློག་བྱ་བ་ཡིན་ལ། རྒྱལ་མོ་ཚ་བ་རོང་པས་ཡི་གེ་རྣམས་ཕྲད་དེ་ཀློག་པ་ཡིན་ན་སྦྱོར་ཀློག་གི་མན་ངག་མི་དགོས་ཏེ། སྐྱོར་ལྟ་བུའང་ས་ཀ་ཡ་ཨོ་ར་ལྟ་བུར་བཀླག་པས་འཐུས་སོ། ། ཡང་། ཁམས་ཕྱོགས་ལུང་པ་ཁ་ཤས་སུ། སྦྱོར་ཀློག་གི་མན་ངག་ནི་ཁྱོན་ནས་མི་འདྲ་ཡང་མཐར་བསྡུས་ཀློག་བྱས་པའི་སྒྲ་དེ་ཡང་དག་པར་ཐོན་འདུག① ཅེས་ཀྱང་ཐོས་སོ། །

སྦྱོར་ཀློག་ནི་ཡི་གེའི་མགོ་འདོགས་འཕུལ་རྟེན་སོགས་བློར་ངེས་པར་བྱེད་པའི་མན་ངག་ཕུལ་དུ་བྱུང་བ་ཞིག་ཡིན་པ་མ་ཟད། མཐའ་མའི་བསྡུས་ཀློག་གི་སྒྲ་གང་དུ་འགྱུར་བ་ལའང་ཁ་ལོ་བྱ་ཐུབ་པས། བོད་ཡིག་ལ་ཐུན་མོང་གི་སྦྱོར་ཀློག་བྱ་སྟངས་ཤིག་ཆགས་ཐུབ་ན། སྐད་ཡིག་གཅིག་གྱུར་ལ་ཤིན་ཏུ་ཕན་ནོ། ། སྦྱོར་ཀློག་གི་མན་ངག་དེ་དག་ལས་གང་ཞིག་གཞིར་བཟུང་ན་ལེགས་ཤེ་ན། ཧ་ཅང་བཤད་དཀའ་བ་ཡིན་མོད། འདིར་ཡི་གེ་འབྲི་ཀློག་གི་ཐད་ལ། རང་གི་བསམ་འཆར་ཕྲན་བུ་ཞིག་བཀོད་ན།

ཐོག་མར་ཨ་ཨི་ཨུ་ཨེ་ཨོ་དབྱངས་ལྔ་དང་། ཀ྄་ནས་ཧ྄་བར་གྱི་གསལ་བྱེད་ཉེར་དགུའི་ཀློག་ལ་བྱང་ཆུབ་པར་བྱའོ། ། གཉིས་པ། སྔགས་བཀླག་ཐབས་ཀྱི་རིག་པ་སྤྱད་དེ། ཀ་ཁ་ག་གྷ་ང་། ཅ་ཆ་ཇ་ཇྷ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཙ་ཚ་ཛ་ཛྷ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་སྟེ་ལོག་པ་བཞི་དང་མཐུག་པོ་དྲུག་དང་བཅས་པའི་གསལ་བྱེད་སོ་དགུའི་སྒྲ་གདངས་རྣམས་ལ་སྦྱངས།འདིའི་སྐབས་ཀྱི་ག་ཇ་ད་ཌ་བ་ཛ་སོགས་ནི་འགའ་འཇའ་འདའ་འཌའ་འབའ་འཛའ་ལྟར་འས་འཕུལ་ཅན་དུ་བཀླག་པར་བྱ། མཐུག་པོ་དྲུག་ནི་འས་འཕུལ་ཅན་གྱི་སྐྱེ་གནས་ལ་བྱེད་པ་དམ་པོར་འཕྲད་པའི་རྩོལ་བ་ཡིས་བཀླག་པར་བྱའོ། །གསུམ་པ། འགའ་འཇའ་འདའ་འཌའ་འབའ་འཛའ་སོགས་རྩོལ་བ་དམ་པོས་བཀླགས་ན་གྷ་ཇྷ­་དྷཌྷ་བྷ་ཛྷ་སོགས་ཀྱི་སྒྲ་ཐོན་པ་ཇི་བཞིན་དུ། ཀ་ང་ཅ་ཉ་ཏ་ན་ཊ་པ་མ་ཙ་ཞ་ཟ་ཡ་ལ་སོགས་ཀྱི་སྐྱེ་གནས་སུ་རང་རང་གི་བྱེད་པ་དམ་པོར་འཕྲད་དེ་བཀླག་པས། དཀའ་དངའ་གཅའ་གཉའ་གཏའ་གནའ་གཊའ་སྤ་དམའ་གཙའ་གཞའ་གཟའ་གཡའ་བླ་སོགས་ཀྱི་སྒྲ་འབྱུང་བས་ན། དེ་དག་གི་སྒྲའང་ཞིབ་ཏུ་ཐོན་པར་བྱ་དགོས་ཏེ། ཀ་ཀྐ②ཁ་ག་གྷ་ང་ངྔ་། ཅ་ཅྕ་ཆ་ཇ་ཇྷ­་ཉ་ཉྙ། ཏ་ཏྟ་ཐ་ད་དྷ་ན་ནྣ། ཊ་ཊྟ་ཋ་ཌ་ཌྷ། པ་པྤ་ཕ་བ་བྷ་མ་མྨ། ཙ་ཙྩ་ཚ་ཛ་ཛྷ་ཝ། ཞ་ཞྮ་ཟ་ཟྯ་འ་ཡ་ཡྱ། ར་ལ་ལྷ་ལླ་ཤ་ས། ཧ་ཧྥ་ཧྲ་ཧྭ་བཅས་བསྡོམས་པས་སྒྲ་གནས་ལྔ་བཅུ་ང་བདུན་པོ་ངག་ལ་བྱང་བར་བྱའོ། ། བཞི་པ། དེ་ནས་མིང་གཞི་དང་དབྱངས་དང་རྗེས་ཡང་འཇུག་དང་བཅས་པའི་ཡི་གེ་སྤྱིའི་སྦྱོར་ཀློག་ལ་སྦྱངས་པར་བྱ་སྟེ། ༡.མིང་གཞི་རྐྱང་བའམ་གཅིག་འབྲེལ་ཅན། གུར་ལྟ་བུ་ག་ཞབས་ཀྱུ་གུ་ར་བཞག་གུར་ཞེས་དང་། ༢.མིང་གཞི་གཉིས་འབྲེལ་ཅན་ལས་འདོགས་ཅན་གྱི་རིགས། གྲོང་ལྟ་བུ་ག་ར་བཏགས་གྲ་ན་རོ་གྲོ་ང་བཞག་གྲོང་ཞེས་དང་། མགོ་ཅན་གྱི་རིགས། སྒོར་ལྟ་བུ་ས་འགའ་བཏགས་སྒ་ན་རོ་སྒོ་ར་བཞག་སྒོར་ཞེས་དང་།འཕུལ་ཅན་གྱི་རིགས། འགུལ་ལྟ་བུ་འ་འགའ་ཞབས་ཀྱུ་འགུ་ལ་བཞག་འགུལ་ཞེས་དང་། ༣.མིང་གཞི་སུམ་འབྲེལ་ཅན་ལས་མགོ་འདོགས་ཀྱི་རིགས། རྒྱུགས་ལྟ་བུ་ར་འགའ་ཡ་བཏགས་རྒྱ་ཞབས་ཀྱུ་རྒྱུ་ག་ས་བཞག་རྒྱུགས་ཞེས་དང་།
འཕུལ་འདོགས་ཅན། འགྲོན་ལྟ་བུ་འ་འགའ་ར་བཏགས་འགྲ་ན་རོ་འགྲོ་ན་བཞག་འགྲོན་ཞེས་དང་། འཕུལ་མགོ་ཅན། བསྒོམ་ལྟ་བུ་བ་ས་འགའ་བཏགས་བསྒ་ན་རོ་བསྒོ་མ་བཞག་བསྒོམ་ཞེས་དང་། ༤.མིང་གཞི་བཞི་འབྲེལ་ཅན། བསྒྲིགས་ལྟ་བུ་བ་ས་འགའ་ར་བཏགས་བསྒྲ་གི་གུ་བསྒྲི་ག་ས་བཞག་བསྒྲིགས་ཞེས་སྦྱོར་ཀློག་བྱས་ན། གཅིག་ནས་སྦྱོར་ཀློག་གི་ཕན་ནུས་ཉམས་དམས་སུ་བཏང་མེད་ལ། གཉིས་ནས་བར་སྐབས་དག་གི་སྒྲ་སྒྲུབ་སོགས་ཉུང་བར་ཕྱིན་ཡོད་པས་དག་ཆ་འབྱིན་བདེ་བ་ཡིན་ནོ། །

གཞན་ཡང་། ཐོག་མར་སྒྲ་གནས་ང་བདུན་པོ་དང་དབྱངས་ཀྱི་ཀློག་བསླབས། དེ་ནས་ང་རོ་བརྒྱད་ཅུ་གྱ་ལྔ་པོ་སྦྱངས། མཐའ་མར་གདངས་དང་ང་རོ་གཉིས་སྦྱོར་ཀློག་བྱས་ཀྱང་མི་རུང་བ་མེད་དེ། དཔེར་ན། གུར་ནི་ག་ཨུར་གུར་དང་། གྲོང་ནི་ག་ར་བཏགས་གྲ་ཨོང་གྲོང་དང་།སྒོར་ནི་ས་འགའ་བཏགས་སྒ་ཨོར་སྒོར་དང་། འགུལ་ནི་འགའ་ཨུལ་འགུལ་དང་། རྒྱུགས་ནི་ར་འགའ་ཡ་བཏགས་རྒྱ་ཨུགས་རྒྱུགས་དང་། འགྲོན་ནི་འ་འགའ་ར་བཏགས་འགྲ་ཨོན་འགྲོན་དང་། བསྒོམ་ནི་བ་ས་འགའ་བཏགས་བསྒ་ཨོམ་བསྒོམ་དང་། བསྒྲིགས་ནི་བ་ས་འགའ་ར་བཏགས་བསྒྲ་ཨིགས་བསྒྲིགས་ཞེས་སྦྱོར་ཀློག་བྱས་ཀྱང་ངག་ལ་བྱང་སླའོ། །

བརྒྱད་པ། མཇུག་བསྡུ་བ།

བོད་ཀྱི་ཡི་གེ་ལ་རྩ་བའི་དབྱེ་བ་གཉིས་ཏེ། དབྱངས་དང་གསལ་བྱེད་གཉིས་སོ། ། དབྱངས་ནི་སྒྲའི་ངོ་བོ་ཅན་དང་། གསལ་བྱེད་ནི་རང་ཉིད་བརྗོད་དུ་མེད་པས་ཅིས་ཀྱང་དབྱངས་ལ་བརྟེན་དགོས་སོ། ། རྩོམ་གཞིར་གྱུར་པའི་ཡི་གེ་དག་ཀྱང་སྒྲའི་ཆ་ནས་གདངས་དང་ང་རོ་གཉིས་སུ་དབྱེ་ཆོག་ལ། གདངས་ནི་གསལ་བྱེད་ཇི་བཞིན་བརྗོད་དུ་མེད་པས་ཅིས་ཀྱང་ང་རོ་ལ་བརྟེན་དགོས་པ་དང་། ང་རོ་ནི་དབྱངས་རྗེས་འཇུག་དང་བཅས་པའོ། ། ཀ་ཀི་ཀུ་ཀེ་ཀོ་ལྔ་བོའི་སྒྲ་ཁྱད་པར་ཡང་ང་རོའམ་དབྱངས་ཀྱིས་འབྱེད་དགོས་ཀྱི་གསལ་བྱེད་དམ་གདངས་ཀྱིས་མ་ཡིན་ནོ། །སྒྲ་སྒྲུབ་ཀྱི་དབང་དུ་བྱས་ཀྱང་། གདངས་དང་ང་རོ་གཉིས་སུ་དབྱེ་ན་སྟབས་བདེ་བོ་ཡོད་ལ་དོན་དང་མཐུན་པ་ཡང་ཡིན་ཏེ། དཔེར་ན། བསྒྲིགས་ལྟ་བུ་ལ་མཚོན་ན། གདངས་ནི་བསྒྲ྄་དང་། ང་རོ་ནི་ཨིགས་ཡིན་ནོ། ། བསྒྲ྄་ཡི་སྐྱེ་གནས་དང་བྱེད་རྩོལ་ནས་ཨི་ཡི་སྒྲ་དབྱུང་མ་ཐག་ཏུ་རྗེས་འཇུག་ག་ཡི་སྐྱེ་གནས་སུ་དགག་པ་ན་བསྒྲིགས་ཀྱི་སྒྲ་ཡང་དག་པར་ཐོན་ཡོད་དོ། །མདོར་ན། བོད་ཀྱི་ཡི་གེ་ནི། ཚེག་ཁྱིམ་གྱིས་བགར། ཚེག་ཁྱིམ་གཅིག་ནི་སྒྲ་གཅིག་གིས་བཀླག སྒྲ་དེ་ཡང་ཐོག་མ་གདངས་ཀྱི་ཡི་གེའི་སྐྱེ་གནས་བྱེད་རྩོལ་ནས། དབྱངས་ཅི་ཡིན་པ་དེའི་སྒྲ་དབྱུང་། དེ་མ་ཐག་ཏུ་རྗེས་ཡང་འཇུག་གི་སྐྱེ་གནས་བྱེད་རྩོལ་དུ་ཡོངས་སུ་དགག་པ་ན། ཚེག་ཁྱིམ་དེའི་སྒྲ་ཡང་དག་པར་ཐོན་ཐུབ་བོ། ། དབྱངས་ཉིས་བརྩེགས་ཀྱང་དེ་བཞིན་ཡིན་ཏེ། སྤྲེའུ་ཞེས་པའི་སྒྲ་ནི་སྤྲ྄་ཨེཨུའ་རུ་བཀྲལ་ཆོག་གོ །བོད་ཡིག་ལ་གཟུགས་ཀྱི་ཆ་ནས་ཆིག་ཁྲི་དགུ་སྟོང་བརྒྱ་མེད་བཞི་བཅུ་ཙམ་དུ་གྲངས་ངེས་པར་འདུག་ཀྱང་།སྒྲའི་ཆ་ནས་བཤད་ན། ཡུལ་སྐད་ཀྱི་ཁྱད་པར་གྱིས། གྲངས་མཐའ་གཅིག་ཏུ་མ་ངེས་སོ། ། ཨ་མདོ་མཚོ་སྔོན་ཕྱོགས་སུ། དུས་ད་ལྟར། སྒྲ་མི་འདྲ་བའི་ཡི་གེ་ཉིས་སྟོང་བརྒྱད་བརྒྱ་ལྔ་བཅུ་ཙམ་ལས་མི་འདའ་བར་འདུག་ལ། རིགས་ལམ་འདིས་ས་ཕྱོགས་གཞན་དག་གི་སྒྲའི་ཁྱད་པར་ལའང་དཔྱད་ན་ཕན་ཚུན་གྱི་ཁྱད་པར་གསལ་བོར་མཐོང་ཐུབ་བོ། །
དཔྱད་གཞིའི་ཡིག་ཆ།

[1] འཇིགས་མེད་ཕུན་ཚོགས། རིགས་སྒོ་བྱིས་པ་མྱོས་པའི་མགྲིན་སྒྲ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992

[2] སྤེན་པ་རྒྱ་མཚོ། བོད་ཡིག་སྐད་གདངས་ཀྱི་གཞི་གདངས་གྲུབ་ཆ་དབྱེ་ཞིབ། [M] མི་རིགས་དཔེ་སྐྲུན་ཁང་། 2017

[3] འཇམ་དཔལ་ཡེ་ཤེས་རྒྱལ་མཚན། བརྡ་སྤྲོད་གཞུང་ལ་ལེགས་པར་འཇུག་པའི་ལམ་སྟོན་ཟླ་བ་གང་བའི་ཉམས་སྣང་ཞེས་བྱ་བ་བཞུགས་སོ། ། [M] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། པོད་བཅུ་གཅིག་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014

[4] རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ། ཡི་གེའི་ཕྲེང་བ་ལ་བསྔགས་པ། http://nitarthadigitallibrary.org/

[5] ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016

[6] པྲ་ཏི་རིན་ཆེན་དོན་གྲུབ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013

[7] དྲན་པའི་ཡེ་ཤེས་གྲགས་པ། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བའི་འགྲེལ་པ། http://nitarthadigitallibrary.org/

[8] དབྱངས་ཅན་གྲུབ་པའི་རྡོ་རྗེ། རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014

[9] གཞི་སྤྲུལ་འཇིགས་མེད་དཔལ་གྱི་སེང་གེ། གངས་ལྗོངས་ཡིག་མཛོད་རབ་གསལ་འཕྲུལ་གྱི་མེ་ལོང་། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011

[10] ཚེ་དཔལ། དངོས་གྲུབ། བརྡ་སྤྲོད་པའི་ཚིག་རྣམ་དབྱེ་རྗོད་པ་གསུམ་གྱི་འབྲེལ་བ་ལ་རོབ་ཙམ་དཔྱད་པ། [J] མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2018(3)

[11] ས་སྐྱ་བསོད་ནམས་རྩེ་མོ། ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་བྱ་བ་བཞུགས། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། ། པོད་ཉེར་གསུམ་པ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014

[12] སུམ་བྷ་དོན་གྲུབ་ཚེ་རིང་གིས་བསྒྲིགས། བོད་ཀྱི་ཡུལ་སྐད་ལ་དཔྱད་པའི་གཏམ་མུ་ཏིག་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། [M] མི་རིགས་དཔེ་སྐྲུན་ཁང་། 2013

[13] བསོད་ནམས་རྒྱལ་མཚན། ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་། [M] བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2002

[14] དག་ཡིག་འདིའི་རྩོམ་སྒྲིག་ཚན་ཆུང་། དག་ཡིག་གསར་བསྒྲིགས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015

གསལ་བཤད། དཔྱད་རྩོམ་འདི་ནི། སློབ་གསོ་པུའུ2021ལོའི་མི་ཆོས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་འཆར་བཀོད་ལས་གཞི21YJA740001པ་དང་། མཚོ་སྔོན་ཞིང་ཆེན་ཉེར་སྤྱོད་རྨང་གཞི་ཞིབ་འཇུག་གི་འཆར་བཀོད་ལས་གཞི2021-ZJ-727པ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ན་གཞོན་དར་མའི་ཚན་རྩལ་ཞིབ་འཇུག་ལས་གཞི2019zr013གསུམ་པོའི་དཔྱད་འབྲས་ཡིན།)

* ཚེ་དཔལ། མཚོ་སྔོན་མི་རིགས་སློབ་ཆེན་རྩིས་འཁོར་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།

① འཇིགས་མེད་ཕུན་ཚོགས། རིགས་སྒོ་བྱིས་པ་མྱོས་པའི་མགྲིན་སྒྲ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992:8


① སྤེན་པ་རྒྱ་མཚོ། བོད་ཡིག་སྐད་གདངས་ཀྱི་གཞི་གདངས་གྲུབ་ཆ་དབྱེ་ཞིབ། [M] མི་རིགས་དཔེ་སྐྲུན་ཁང་། 2017:247

② འཇམ་དཔལ་ཡེ་ཤེས་རྒྱལ་མཚན། བརྡ་སྤྲོད་གཞུང་ལ་ལེགས་པར་འཇུག་པའི་ལམ་སྟོན་ཟླ་བ་གང་བའི་ཉམས་སྣང་ཞེས་བྱ་བ་བཞུགས་སོ། ། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། ། པོད་བཅུ་གཅིག་པ། [M] 2014:59


① འཇམ་དཔལ་ཡེ་ཤེས་རྒྱལ་མཚན། བརྡ་སྤྲོད་གཞུང་ལ་ལེགས་པར་འཇུག་པའི་ལམ་སྟོན་ཟླ་བ་གང་བའི་ཉམས་སྣང་། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་བཅུ་གཅིག་པ། [M] 2014:59

② www.baidu.com དྲ་ཐོག་ནས་ཕབ་ལེན་བྱས།


0.ཁོག་པ། 1.ཡ་མཆུ། 2.ཡ་སོ། 3.སྤྱི་བོ། 4.རྐན། 5.རྐན་དབུས། 6.རྐན་ཕུག་གམ་ལྕེ་ཆུང་། 7.མ་མཆུ། 8.མ་སོ། 9.ལྕེ་རྩེ། 10.ལྕེ་ངོས། 11.ལྕེ་གཞུང་། 12.ལྕེའི་རྩ། 13.མགྲིན་པ། 14.ཨོལ་སྒོ། 15.གྲེ་བ། 16.ཨོལ་བ། 17.མིད་པ། 18.སྣ།


① རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ། ཡི་གེའི་ཕྲེང་བ་ལ་བསྔགས་པ། http://nitarthadigitallibrary.org/


① ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016:224

② པྲ་ཏི་རིན་ཆེན་དོན་གྲུབ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013:58

③ འཇམ་དཔལ་ཡེ་ཤེས་རྒྱལ་མཚན། བརྡ་སྤྲོད་གཞུང་ལ་ལེགས་པར་འཇུག་པའི་ལམ་སྟོན་ཟླ་བ་གང་བའི་ཉམས་སྣང་། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། པོད་བཅུ་གཅིག་པ། [M] 2014:91


① འཇམ་དཔལ་ཡེ་ཤེས་རྒྱལ་མཚན། བརྡ་སྤྲོད་གཞུང་ལ་ལེགས་པར་འཇུག་པའི་ལམ་སྟོན་ཟླ་བ་གང་བའི་ཉམས་སྣང་། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་བཅུ་གཅིག་པ། 2014:89


① དྲན་པའི་ཡེ་ཤེས་གྲགས་པ། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བའི་འགྲེལ་པ། http://nitarthadigitallibrary.org/

② དབྱངས་ཅན་གྲུབ་པའི་རྡོ་རྗེ། རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014:12

③ ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016:218


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1