སྐབས་ཉེར་བཞི་པའི་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོ་དེ་སྤྱི་ཟླ་2པའི་ཚེས་20ཉིན་གྱི་དགོང་མོར་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲང་ཧྲུའུ། ཝང་དབྱང་།ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་མཇུག་སྒྲིལ་མཛད་སྒོར་ཞུགས།
2008ལོའི་ལོ་བརྒྱའི་ཨོ་རྩལ་འགྲན་ཚོགས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ་ནས་2022ལོར་ཨོ་ལིན་ཕིག་ལུས་རྩལ་དང་སླར་ཡང་ལག་གདང་སྦྲེལ་བའི་བར། པེ་ཅིང་འདི་ཉིད་ལོ་རྒྱུས་ཐོག“ཨོ་ལིན་ཕིག་ལུས་རྩལ་གཉིས་ཀྱི་གྲོང་ཁྱེར”དང་པོ་དེར་གྱུར་ཡོད། འདས་ཟིན་པའི་ཉིན་16གི་རིང་། པེ་ཅིང་གིས་རྩལ་འགྲན་ལུས་རྩལ་གྱི་གཟི་བརྗིད་དང་ཕུགས་འདུན་བདེན་དཔང་བྱས་ནས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་མཛའ་བརྩེ་གཅིག་ཏུ་འགྲིལ་ཡོད། ཨ་ལོང་ལྔའི་དར་ཆའི་འོག་རྒྱལ་ཁབ་དང་ས་ཁུལ་91ནས་ཡོང་བའི་ལུས་རྩལ་པ་3000གིས་འབད་འཐབ་ཧུར་ཐག་དང་། འགྲན་སློང་མཐའ་འཐད། རང་ཉིད་ལས་བརྒལ་བ་བཅས་བྱས་ནས་འཛམ་གླིང་གི་ཟིན་ཐོ་2དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་17བཏོད་དེ། “དེ་བས་མགྱོགས་པ་དང་། དེ་བས་མཐོ་བ། དེ་བས་སྟོབས་ཆེན། དེ་བས་མཐུན་སྒྲིལ”བཅས་ཀྱི་ངོ་མཚར་ཆེ་བའི་འབྲས་བུ་བླངས་ཡོད། ཀྲུང་གོས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ་སྟབས་བདེ་དང་བདེ་འཇགས། ངོ་མཚར་ཅན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཤིག་གཉེར་ཆེད་འབད་བརྩོན་ཆེན་པོ་བྱས་པ་དང་།
འགྲན་བསྡུར་བྱ་ཡུལ་གྱི་སྒྲིག་ཆས་རྩེ་གྲ་དང་ཕུལ་བྱུང་གི་རྩ་འཛུགས་ཞབས་ཞུའི་ལས་དོན་ལ་ཨོ་ལིན་ཕིག་གི་ཁྱིམ་ཚང་ཆེན་མོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་རྒྱ་ཆེར་ཐོབ་པ་རེད། ཀྲུང་གོའི་སྐུ་ཚབ་ཚོགས་པས་གསེར་གྱི་རྟགས་མ་9དང་། དངུལ་གྱི་རྟགས་མ་4 ཟངས་ཀྱི་རྟགས་མ་2བཅས་བླངས་ནས། སྐབས་གཅིག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་གསེར་གྱི་རྟགས་མ་ཐོབ་པའི་གྲངས་འབོར་དང་གཟེངས་བསྟོད་རྟགས་མའི་གྲངས་འབོར་གཉིས་ཀྱི་ཟིན་ཐོ་བཏོད་དེ། གསེར་གྱི་རྟགས་མའི་གྲངས་ཀྱི་ཨང་གསུམ་པར་ཚུད་དེ། 1980ལོར་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ཚུན་གྱི་ལོ་རྒྱུས་ཐོག་ནས་གྲུབ་འབྲས་ཡག་ཤོས་བཏོད།
རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་ཡིས་སྐབས་འདིའི་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཨོ་ལིན་ཕིག་ལུས་རྩལ་གྲོང་ཚོར་ཁྱད་ཆོས་འབུར་དུ་དོད་པ་དང་འགྲན་ར་ལས་དེ་བས་ཀྱང་མི་རྣམས་ཧང་སངས་སུ་བཏང་། རྩ་འཛུགས་ཀྱི་ལས་དོན་ཕུལ་དུ་བྱུང་བ་འདུག །ང་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དང་ཀྲུང་གོ་སྲིད་གཞུང་སྡེ་ཁག །དེ་བཞིན་ང་ཚོས་ཀྲུང་གོར་ཡོད་པའི་མཉམ་ལས་རོགས་ཟླ་དང་གྲོགས་པོ་ཚོར་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ནི་འགྲན་ཟླ་བྲལ་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཤིག་ཡིན་པས། ང་ཚོས་ཀྲུང་གོ་འདི་ཉིད་གངས་འཁྱགས་ལུས་རྩལ་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་འགྱུར་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ཤིས་ཚིག་གསུངས། མཇུག་ཏུ་པཱ་ཧོས་སྐབས་ཉེར་བཞི་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་བའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་འཛམ་གླིང་ཡོངས་ཀྱི་གཞོན་ནུ་ལོ་4ཡི་རྗེས་སུ་སྨི་ལན-ཁེའར་ཏི་ན་ཏན་ཕེ་ཙུའོ་རུ་འཛོམས་ནས་སྐབས་ཉེར་ལྔ་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུའི་འབོད་སྐུལ་གནང་། །