པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ཆུ་སྟག་ལོའི་ལོ་སར་ཤིས་ཚིག་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


2022ལོའི་ཟླ་3པའི་ཚེས་3ཉིན་ནི་བོད་ཆུ་སྟག་ལོའི་ལོ་སར་ཡིན་ཏེ། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བརྒྱུད་ནས་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཡོངས་ལ་བོད་ལུགས་ལོ་སར་གྱི་འཚམས་འདྲི་གནང་།


གྲོགས་པོ་རྣམ་པ། དེ་རིང་ངས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། ཀྲུང་གོ་གསར་འགྱུར་ཁང་། ཀྲུང་གོའི་བོད་ལྗོངས་དྲ་བ་བཅས་བརྒྱུད་ནས་རྒྱལ་ཁབ་ཕྱི་ནང་དུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་བོད་ཆུ་སྟག་ལོའི་ལོ་སར་གྱི་འཚམས་འདྲི་ཞུ་རྒྱུ་ཡིན། ལོ་སར་བཀྲ་ཤིས་བདེ་ལེགས།

ལོ་སྔོན་མར། ང་ཚོས་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་ཡོད། འབད་འཐབ་ཀྱི་ལོ་ཟླར་རྗེས་དྲན་བྱེད་སྐབས། ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་འདི་ལས་སླ་པོར་བྱུང་བ་མ་ཡིན་པས་ང་ཚོས་གཅེས་སྤྲས་ཡག་པོ་བྱེད་དགོས།

ལོ་སྔོན་མར། ང་རང་གིས་ཟླ་བ་གསུམ་ལྷག་ཙམ་བེད་སྤྱད་དེ། བོད་ལྗོངས་དང་དེ་བཞིན་སི་ཁྲོན་དང་ཀན་སུའུ་ཡི་བོད་འབྲེལ་ཁུལ་དང་རྫོང་ཁ་ཤས་ལ་འཚམས་འདྲི་དང་རྟོག་ཞིབ་བྱས་པ་ཡིན། དེའི་རིང་ལ་ཡུལ་གྲུ་དེ་དག་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་མིག་མཐོང་ལག་ཟིན་བྱུང། ས་གནས་དེ་གའི་མང་ཚོགས་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་འཚོ་བར་སྐྱོད་ཐུབ་འདུག །གང་དུ་སླེབས་ཀྱང་དེ་གར་རི་ཆུ་མཛེས་སྡུག་ལྡན་པ་དང་།མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མི་རྣམས་བློ་བདེ་སེམས་སྐྱིད་ཀྱི་དགའ་བདེའི་རྣམ་པ་མངོན་གསལ་དོད་པོ་འདུག །འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་ང་ཚོ་ཐུན་མོང་ལ་དབང་བའི་བསོད་ནམས་ཡིན་པས། ང་ཚོས་དྲིན་ཚོར་བ་དང་གཅེས་སྤྲས་གང་ལེགས་བྱེད་དགོས།

ལོ་སྔོན་མ་ནི་ང་རང་ལའང་དོན་སྙིང་ཆེན་པོ་ལྡན་ཡོད་དེ། བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་པར་དཀའ་ཆེན་གྱི་དམ་བཅའ་བཞག་པ་ཡིན། དེ་ཡང་ང་རང་ཁྲི་གསོལ་བྱས་རྗེས་ནང་རིག་པར་སྦྱངས་པ་བྱེད་འགོ་བརྩམས་པ་ནས། ལོ་ངོ་25ཡི་སློབ་གཉེར་བརྒྱུད་རིམ་ནང་། བཀའ་དྲིན་ཅན་གྱི་ཡོངས་འཛིན་རྣམ་པའི་བཀའ་སློབ་དང་། བླ་མ་སྐྱེས་ཆེན་རྣམ་པའི་གཅེས་སྐྱོང་འོག་གཞུང་ཆེན་བཀའ་པོད་རྣམ་ལྔ་དང་མདོ་སྔགས་གཞུང་ལུགས་ཁག་ལ་སློབ་སྦྱོང་བྱས་པར་གྲུབ་འབྲས་ཅུང་ཙམ་ཐོབ་བྱུང་། མཚམས་འདིར་བོད་བརྒྱུད་ནང་བསྟན་ལ་ཐུགས་ཁུར་ཟབ་བཞེས་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པར་ང་རང་གིས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་བྱ་བཞག་ལ་འབད་པ་མཐའ་གཅིག་ཏུ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་ལེགས་སྐྱེས་འབུལ་རྒྱུ་ཡིན།

ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ་འདི། བོད་བརྒྱུད་ནང་བསྟན་པ་ཚུད་པའི་ཀྲུང་ཧྭ་ཡི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་སེམས་འདུན་རེད། ཀྲུང་ཧྭ་མི་རིགས་ནི་ཤ་ཁྲག་འབྲེལ་བའི་ནང་མི་སྤུན་མཆེད་ལྟ་བུ་ཡིན་ལ། རང་སྟོབས་རང་སྤེལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་སྲོལ་རྒྱུན་བཟང་པོ་ལྡན་ཡོད། ང་ཚོས་ཕན་ཚུན་རོགས་རམ་དང་བརྩོན་པ་ལྷོད་མེད་བྱས་ནས་མཉམ་དུ་མ་འོངས་པར་ཁ་ཕྱོགས་ཚེ། གཞི་ནས་རྒྱལ་ཁབ་དར་རྒྱས་དང་མི་རིགས་བསྐྱར་དར་གྱི་གཟི་བརྗིད་རླབས་པོ་ཆེ་མཉམ་སྤྱོད་ཐུབ།

འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་པའི་དགེ་འདུན་གྱིས། འགྲོ་བ་བདེ་ལ་འགོད་པར་ཤོག །ང་ཚོས་བྱམས་བརྩེ་དང་དགའ་བདེའི་ངང་ལོ་གསར་པའི་ནང་ཁྱིམ་ཚང་ལ་ཕན་འདོགས་དང་། ཕ་མར་སྲི་ཞུ། རྒྱལ་ཁབ་ལ་ཞབས་འདེགས། འགྲོ་བར་ཕན་བདེ་སྐྲུན་པ་བཅས་ལ་འབད་པ་ཆེར་སྐྱེད་བྱེད་དགོས། ལོ་གསར་པའི་ནང་ཆར་ཆུ་དུས་བབ་དང་ལོ་ཕྱུགས་རྟག་ལེགས། རྒྱལ་ཁབ་དར་ཞིང་རྒྱས་པ་དང་། འཛམ་གླིང་ཞི་བདེ་བཅས་ཡོང་བའི་སྨོན་འདུན་དང་། འགྲོ་བ་མིའི་རིགས་མྱུར་དུ་རིམས་ནད་ལས་རྣམ་པར་རྒྱལ་བའི་སྨོན་ལམ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1