སྤྱི་ཟླ་2པའི་ཚེས་15ཉིན་ནི་ལུགས་རྙིང་གི་ཟླ་བ་དང་པོའི་ཚེས་བཅོ་ལྔ་སྟེ་གཅིག་པའི་བཅོ་ལྔའི་དུས་ཆེན་ཡིན་པ་དང་། ས་སྲོད་མཚམས་སུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་འགོ་བརྩམས་ཤིང་། དགེ་འདུན་པ་དང་དད་ལྡན་མང་ཚོགས་མཆོད་མཇལ་ལ་སླེབས་ཡོད། མེ་ཏོག་མཆོད་པ་ནི་སྐུ་འབུམ་བྱམས་པ་གླིང་གི་སྒྱུ་རྩལ་གསུམ་གྱི་གྲས་ཤིག་ཡིན་པ་དང་། 2006ལོར་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ཁག་དང་པོའི་ནང་བཅུག་ཡོད། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། སྐུ་འབུམ་བྱམས་པ་གླིང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པའི་འགྲེམས་སྟོན་ཐོག་བོད་བརྒྱུད་ནང་བསྟན་གྱི་སངས་རྒྱས་སྨན་བླ་དང་བོད་ལུགས་གསོ་རིག་གི་མེས་པོས་གཙོ་བོ་བྱས་ཡོད་ཅིང་། དེ་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་ལ་གསོལ་བ་སྨོན་ལམ་འདེབས་པ་དང་། དགོན་སྡེའི་དགེ་འདུན་པ་ཡོངས་ཀྱིས་གོ་ལ་ཧྲིལ་པོར་རིམས་ནད་ཡལ་ཞིང་། ཆར་ཆུ་དུས་སུ་འབབ་པ། འཛམ་གླིང་ཞི་བདེ་ཡོང་བ། རྒྱལ་ཁབ་བརྟན་བརླིང་ཡོང་བ། འགྲོ་བ་སེམས་ཅན་ཐམས་ཅད་བདེ་བ་ཡོང་བའི་སྨོན་ལམ་ཞུས་ཡོད་པ་བརྗོད། །