སྤྱི་ཟླ་3པའི་ཚེས་1ཉིན་གྱི་ཞོགས་པའི་ཆུ་ཚོད་8པ་ཡོལ་མ་ཐག །ལི་ཐང་རྫོང་འཛོམ་པ་ཡུལ་ཚོ་ནས་ཡིན་པའི་ལི་ཐང་ནོར་གནག་ཐོན་ལས་གླིང་ཁུལ་གྱི་ལས་སྒྲུབ་པ་འབྲོག་པ་བློ་ཚེ་རིང་གིས་རང་འགུལ་གཟན་གཏོར་འཕྲུལ་འཁོར་བསྐོར་ནས། ལྷས་རའི་ནང་གི་ནོར་གནག་ལ་གཟན་ཆག་ཁ་གསབ་བྱེད་འགོ་བརྩམས་ཤིང་། ཁོས་གླིང་ཁུལ་གྱི་ནོར་གནག་ཚོའི་ཆ་རྐྱེན་ཤིན་ཏུ་བཟང་། དེང་རབས་ཅན་གྱི་ལྷས་ར་ཡོད་པ་མ་ཟད། ཉིན་ལྟར་དུག་སེལ་བྱེད་བཞིན་ཡོད་ལ། གཟན་ཆས་ཤིན་ཏུ་བཟང་། སྔོན་མར་ང་ཚོས་ནོར་གནག་གསོ་ཚགས་བྱེད་སྐབས་གངས་སྐྱོན་དང་གཟན་ཆས་ཆད་པར་དོགས་དགོས་ཀྱང་ད་ལྟ་དེ་འདྲ་མིན་ཞེས་བཤད།
ནོར་གནག་ཐོན་ལས་གླིང་ཁུལ་གྱི་ལས་སྒྲུབ་པ་གྱུར་པ་ནས། བློ་ཚེ་རིང་ལ་ཟླ་ཕོགས་སྒོར་5000ལྷག་གི་ཡོང་སྒོ་ཡོད་ཅིང་། སྐབས་འགར་ཅ་ལག་འབེབས་རོགས་སོགས་བྱས་ཚེ། ཡོང་འབབ་ཁ་ཁ་རྩི་བཞིན་ཡོད། གླིང་ཁུལ་འབྲོག་ལས་ཀྱི་འགན་ཁུར་མི་སྣ་ཧྥུ་ཆང་གིས་ངོ་སྤྲོད་བྱས་པ་ལྟར་ན། གླིང་ཁུལ་དུ་གསོ་ཚགས་བཟོ་པ་6ཡོད་པ་དང་། ལྷས་ར་12ཀྱི་ནོར་གནག་3000ལྷག་ལ་གཟན་སྦྱིན་བཞིན་ཡོད། ཞོགས་པའི་ཆུ་ཚོད་8པ་དང་ཕྱི་དྲོའི་ཆུ་ཚོད་4པ་ལ་གཟན་རེ་སྦྱིན་པ་དང་། “རྩྭ་ཆུ་དང་འགྲོགས་ནས་རུ་སྤོ་བ། རྩྭ་ཆུ་དང་འགྲོགས་ནས་ཕྱུགས་འཚོ་བ་”ཡི་ཕྱུགས་འཚོའི་རྣམ་པ་ཡིན་ཚེ་དགུན་གྲང་ལྷགས་ཀྱིས་ནོར་གནག་གི་ཤ་ཤེད་ཞུམ་པས་དེ་འགོག་བཞིན་ཡོད་ལ། ད་དུང་གྲང་ལྷགས་ཆེ་བའི་འབྲོག་ཁུལ་དུ་ནོར་གནག་ཚོ“དབྱར་རྒྱགས། སྟོན་ཚོ། དགུན་ཞན། དཔྱིད་འཆི་བ་”ཡི་འཁོར་སྐྱོད་ངན་པ་མེད་པར་བཟོས་ཡོད།